ཐོག་མའི་བརྩེ་དུང་།
ཁྱེད་རང་མེད་པའི་ལོ་ཟླའི་ཁྲོད་དུ།
ངས། ཁྱེད་རང་དྲན་ཞིང་བསྒོམ་ལ་བསྒོམ་ཞིང་དྲན།
ཁྱོད་རང་འགྲོ་ཁར་བབས་པའི་ཁ་བ་ཧ་ཅང་མཐུག་པས།
ཁ་བ་མེད་པའི་དབྱར་ཁར་ཡང་ཁ་བ་འབབ་པར་རེ་ཞིང་བསྒུག
ཁ་བ་འབབ་ཐེངས་རེར།
སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟ་བཞིན་ཁྱེད་ཀྱི་ཞལ་རས་བཙལ།
རྟག་པར་ཁ་བ་འབབ་ཐེངས་རེར་ཁྱེད་རང་དྲན་ཞིང༌།
ཁ་བའི་ཁྲོད་དུ་ཁྱོད་ཀྱི་སྣང་བརྙན་བཙལ།
དབྱར་ཁར་ཆར་བ་བབས་དུས་ཀྱང།
འབབ་བཞིན་པ་འདི ་དག་ཁ་བ་ཡིན་ན་ཅི་མ་རུང་བསམ་མྱོང།
དེ་ལྟར་ལོ་ཟླ་གང་མང་ཞིག་ལ་ཁྱོད་ཁོ་ནར་བསྒུག
ཁྱོད་ཀྱིས་ཡིད་དུ་འོང་བའི་མཛེས་མ་ཞིག་ཁབ་ཏུ་བསུས་པ་ཐོས་རྗེས།
ངའི་སེམས་ནས་ཀྱང་ཁྱོད་རང་རིམ་བཞིན་རྒྱང་ལ་ཆས་འགོ་བརྩམས།
ད་ལྟ་ང་ལ་ཅི་ཡང་མེད་མོད། ངའི་སེམས་པ་ཧ་ཅང་སྐྱིད།
བྱ་ཁུ་ལོ་དང་བྱེའུ་འཇོལ་མོའི་གྲེ་འགྱུར་ལ་ཉན་བཞིན།
ངག་སྙན་མོའི་ལ་གཞས་བྲག་ཅ་ལ་སྐུར་སྐབས།
བུ་མོ་ངའི་སེམས་ན་སུ་ཡང་མེད།
ང་ལ་ཁྱོད་ལས་གཞན་པའི་བདག་པོ་ཞིག་མེད་པར་འདོད་པའི་ནམ་ཟླ་དེར།
ངའི་སེམས་ཀྱི་བརྩེ་དུངས་ལ་དྲོད་ཁོལ་འཁྱིལ་ཞིང་ང་ཁྱོད་ལ་ཧ་ཅང་དགའ།
དྲན་མ་མྱོང་བའི་ད་ལྟའི་གནས་བབ་འདི་ལ་འདི་ལྟར་གདོང་ཐུག་བརྒྱབ་དུ ས།
བརྩེ་དུང་གི་དམ་ཚིགས་བསྲུང་བ་ནི་ལང་ཚོའི་གྱོང་གུད་ཅིག་ཡིན་པའི་ངེས་པ་རྙེད།
དེ་ནས་བཟུང༌། ངས་བརྩེ་དུང་དམ་ཚིག་གི་མདུད་པ་བཤིག་ནས།
ངའི་འཇིག་རྟེན་ལ་ཁ་བ་བཞིན་འབབ་པའི་བརྩེ་འཕྲིན་གྱི་ཀློང་རིམ་ཉུལ།
མི་སེམས་ལ་བཀག་རྒྱ་ཞིག་གི་མཐའ་ཐིག་མེད་ན།
དེ་ནི་རང་དབང་གི་བདེ་སྐྱིད་ཅིག་ཡིན་པ་རང་ངོ་འཕྲོད།
དེའི་རྐྱེན་གྱིས། ངས་ཁ་བ་འབབ་པར་རེ་སྒུག་བྱེད་ཀྱི་མེད་པར།
བརྩེ་འཕྲེན་སྣ་ཚོགས་ཀྱི་འཚང་ཁའི་ཁྲོད་ན།
འདམས་གསེས་ཀྱི་བསམ་གཞིག་ངལ་བས་མནར་བཞིན་ཡོད།
འདི་ནི་བདེ་སྐྱིད་ཅིག་རེད། འདི་ནི་རང་དབང་ཞིག་རེད།
ཡིན་ནའང།
ངས་བརྩེ་དུང་གི་རང་གཤིས་ལ་བསམ་བློ་ཞིག་བཏང་དུས།
དེ་ནི་མིས་བསྐྲུན་རྒྱུ་ཞིག་ལས་ངང་གིས་ཡོང་རྒྱུ་ཞིག་མིན་པའི་རང་བཞིན་ཤེས།
དེས་ཕྱིར། ངས་འཇིག་པ་མེད་པའི་དམ་བཅའ་ཞིག་བཞག་ནས།
ཡིད་དུ་འོང་བའི་བརྩེ་དུང་ཞིག་བསུ་ན་འདོད།
ཇི་ལྟར་བཤད་རུང༌། ཐོག་མའི་བརྩེ་དུང་གི་དྲོད་ཁོལ་ལྟ་བུ་ཞིག
གང་དུའང་མི་རྙེད་ལ། གང་ནའང་མེད་པ་འདྲ།
དེའི་ཕྱིར། ངས་དྲི་མེད་ཀྱི་བསམ་གཞིགས་ཀློང་ནས།
བཙལ་བཙལ་ནས་རྙེད་པ་ནི། ཁྱོད་ཁོ་ན་ལས་གཞན་ཅི་ཡང་མེད།
ང་ནི་སྔོན་གྱི་ཕུ་རིན་སེ་སུ་ཡིན། ཁྱོད་ཀྱང་ད་དུང་སྔོན་གྱི་ཁྲ་ཨར་ཐི་ཡིན་ན།
ངས་ཁྱོད་ལ་འཁང་ར་མི་བྱེད། ངའི་སེམས་པ་ནམ་མཁའི་མཐོང་སུ་འཕོས་ནས།
ཁྱོད་ལ་འགྱོད་བཤགས་ཐེངས་གཅིག་གི་གོ་སྐབས་ཤིག་ཅིས་ཀྱང་སྤྲོད་ངེས་ཡིན།
གོ་སྐབས་ནི་ཡང་ཡང་ཐོབ་དཀའ་བའི་གནས་ལུགས་བསམ་ནས།
བསམ་གཞིག་མི་ནོར་བའི་རེ་བ་དང་ཡིད་ཆེས་ཡོད།
(white princess ཝ་ཡེ་ཁྲི་ཕུ་རིན་སེ་སུ་)
གངས་དཀར་སྲས་མོ་ཡིས་སྤྱི་ལོ་307ལོར་རོ་མན་གྱི་རྒྱལ་ས་ནས་སྤྲིངས།
རྩོམ་ཁུངས། ངེད་དྲ་བ།