དར་རྩེ་མདོའི་མཛའ་གཞས།(ཞར་བཀོད་གསུམ་ཡོད)
མོ་ཊ་ལས་བབས་མ་ཐག
གོམ་གང་མདུན་སྤོས་ཀྱིས་ཕྱི་ལ་བལྟས་ཀྱང
སྐར་ཚོགས་ལྟ་བུའི་གློག་འོད གློག་འོད་ཁྲ་ཆིལ་དགུ་ཆིལ
ད་ལྟ་ང་ཡི་མཐོང་ལམ་དུ་ཁྱོད་ཀྱི་རྒྱབ་གཟུགས་མི་འདུག
ཨར་ཁང་བརྩེགས་མ་དག་གིས
གདོད་མའི་ལུ་གུ་དཀར་དཀར་ཁྱུར་མིད་བཏང་བ་བཞིན
དངོས་ཟོག་ལྟ་བུའི་སེམས་པ སེམས་པ་རབ་བེ་རིབ་བེ
ད་ལྟ་ང་ཡི་རྣ་ལམ་དུ《དར་མདོའི་མཛའ་གཞས》མི་འདུག
གང་ཞིག་ནས་རྒྱུ་འོངས་པའི་སྲོད་རླུང
བསྐལ་བ་ཡ་ཐོག་གི་སྤྲིན་པ་ལེབ་མོ་དག་འཚང་ཁ་ཤིག་ཤིག
གློ་སྙིང་ལྟ་བུའི་སྦྲ་ཆེན སྦྲ་ཆེན་དར་ལྕོག་ལྷབ་ལྷུབ
ད་ལྟ་ང་ཡི་ཤིང་ཕོར་དུ་འོ་ཇའི་སྤྲིས་མ་མི་འདུག
ཁ་བ་ལྟར་ཞུ་སོང་བའི་རྟ་ཕོ
མི་ཚེ་ངལ་དུབ་ཀྱིས་ལོ་ངོ་ག་ཚོད་ལ་ལུས་དགོས་ཨང
སྡིག་སྒྲིབ་ལྟ་བུའི་གྲོང་ཁྱེར གྲོང་ཁྱེར་དུ་བ་ལྷོག་ལྷོག
ད་ལྟ་ང་ཡི་མཚན་མོ་འདིར་མེ་ཏོག་གི་ཞལ་ཁ་མི་འདུག
ལ་དང་ལ་མོའི་ཕ་རོལ་གྱི་མི་ཉག་རྒྱལ་པོ
དང་ཐོག་འུ་གཉིས་འབྲལ་ཁར་བདག་ལ་མིག་ཆུ་མེད་པ་བདེན་ཡང
གཞུང་ལམ་ལྟ་བུའི་ལོ་ཟླ ལོ་ཟླ་ཀྱ་གེ་ཀྱོག་གེ
ད་ལྟ་ང་ཡི་སྙིམ་པ་མིག་ཆུས་གང་འདུག
2017. 12. 18
འུ་གཉིས་ཀྱི་བར་ན།
བདག་གིས་ཁྱོད་ཀྱི་ཚབ་བྱེད་ཐུབ་པའི་སྙན་ངག་ཅིག་བྲིས་ཏེ
དེ་ཉིད་འགྲོ་བ་རིགས་དྲུག་ལ་སྒྲོག་འདོན་བྱེད་མོས་ཡོད་ཀྱང
བདག་གིས་མི་སྐད་ལས་སྨྲ་ཤེས་པ་མི་འདུག
བདག་གི་སྤྱི་གཙུག་ན་བཞུགས་པའི་བླ་མས
ཁྱོད་ཀྱི་མཛེས་སྡུག་གི་ཆ་ཤས་རེ་རེ་ནས་བཤུར་ཅིང
ཁྱོད་ཉིད་ཀེང་རུས་ཆ་ཚང་ཞིག་ཏུ་བྱིན་གྱིས་བརླབས
རླུང་གི་རྒྱུ་བ་ལྟ་བུའི་བདེ་སྡུག་གི་ལྕི་ཡང
ཁྱོད་ཀྱི་མགྲིན་པར་འཁྱུད་དུས་དགེ་སྡིག་དཀར་ནག་གཉིས
ཚེ་རབས་འདི་དང་ཕྱི་མ་སྦྲེལ་བྱེད་ཀྱི
མཚན་ཐུན་གཅིག་གི་རྨི་ལམ་སྙིང་གི་ལྕགས་རིའི་ལྡེབས་སུ་འདར་ཙམ་བྱས
འུ་གཉིས་ཀྱི་བར་དུ་འཚངས་པའི་མི་ཕོ་དེ
འོད་དང་མུན་པའི་གྲིབ་མ་སྡེབ་ས་ནས་མངོན་ཡོང་དུས
ད་ནི་སྣང་བ་དག་པའི་གླུ་ཞིག་ལེན་སྙིང་འདུག་གམ
ཟླ་བདུན་པའི་ཐུགས་འཕྲད་འུ་གཉིས་ཀྱི་བར་དུ་བཅར་བ་ནས
འཆི་བ་ལ་བློ་སྦྱོང་བའི་ཏིང་ངེ་འཛིན
སྐྱེ་རྒ་ན་འཆིའི་ཆོས་ཉིད་བརྗེད་མདོག་གིས
སྲིད་པའི་གྲོང་དུ་སྨྲེང་བའི་གཞས་ཆུང་གཏོང་བ་སྙིང་རེ་རྗེ།
2018. 4. 26
སྣང་སྟོང་མིང་དུ་བྱས་པའི་སྙན་ངག
སེམས་པ་སྟོང་པས་མནན་དུས་འཁྱགས་པ་རྡོ་དང་འདྲ
ཏིང་འཛིན་གྱིས་མ་ཐེག་པར་ཡོད་པའི་དྲན་གདུང་གི་ལག་པ
ཚེ་གང་བོར་རེ་ལྟོས་ཀྱིས་སྒུག་པའི་གྲིབ་མས་རིང་ནས་རིང་དུ་འཐེན་འགྲོ
ཀེང་རུས་ལ་ལྟ་བའི་སེམས་པ་རབ་རིབ་ཀྱིས
ཁོ་མོ་མཛེས་སྡུག་གི་ཆ་ཤས་སུ་བཞེངས་ཏེ
ང་ཡི་དྲན་པ་ཉེར་བཞག་གི་དབུགས་དབྱུང་གཏོར་བར་བྱེད
ཐོབ་ཤོར་དང་ཞེན་ཆགས་མང་པོའི་གསེབ་ཏུ
ངས་རྔོན་པའི་མདའ་རྩེ་ཕོག་པའི་ཡུ་མོ་དེ་མཐོང་བྱུང
ལུས་དྲོད་ཀྱི་འཐམ་འཁྱུད་ལས་མཁའ་རུ་འཕགས་པའི་འདོད་ཧམ
མངོན་སུམ་གྱི་འཇིག་རྟེན་ན་འཁྱག་སིབ་སིབ འཁྱག་སིབ་སིབ
སེམས་ཀྱི་སྒྲུབ་ཕུག་ན་ཁྱོད་ཉིད་སྒོམ་པའི་རྣལ་འབྱོར་པ
འཁོར་བའི་རྩེད་ཆས་ཀྱིས་མུན་པའི་རབ་ཁར་བསྙེགས་སོང
གཟུགས་ཅན་གཟུགས་མེད་ཀྱི་བྲང་ཁོག་ལེབ་མོ་ནས་མཆེད་པའི
ཉོན་མོངས་དང་རྣམ་རྟོག་གི་མེ་ལྕེའི་རྦ་རླབས་དྲག་ཏུ་འཕྱུར
ཁྱོད་རང་ཁྱོད་ཀྱི་ཚུལ་འཆོས་དང་བསླུ་བྲིད་ཇི་བཞིན
མེ་ལོང་གི་ཟབ་སར་སྦས་པ་ཡིད་དུ་འོང་ན་ཡང
རྨི་ལམ་གྱི་ལྷ་མོ་གཅེར་བུར་བུད་རྗེས
སྐ་རགས་ཀྱི་མདུད་པ་གྲོལ་ས་ནས་ཕྱིར་འཆིང་མཁན་མི་འདུག
2018. 3. 30
མིང་མེད།
མེ་ལོང་གི་ཆག་གྲུམ་ལས་མངོན་པའི་ཁྱོད་ཀྱི་ངོ་གདོང
རྨི་ལམ་གྱི་བར་དོར་འཚངས་པའི་བུ་མོ་དེ་ཚོ
མཚན་གུང་གི་སྐྲག་སྣང་དང་མི་རྟག་པའི་གདུག་རྩུབ
དུས་ཚོད་ཀྱི་སྲད་བུར་བརྒྱུས་པའི་དག་སྣང་གི་བསླུ་བྲིད
མཛའ་མོར་སྒུག་པའི་རྣམ་རྟོག་གི་སྐྱོ་སྣང་མཐའ་དག་ཞི་བར་གྱུར
རུལ་མྱགས་སུ་འགྲོ་བཞིན་པའི་ཞེ་སྡང་གི་ལག་པ་ཕྲ་མོ
ལྷ་སྒྲུང་གི་བྱུང་བ་ལྟ་བུའི་ཚེ་རབས་གཅིག་གི་ཟློས་གར
འདོད་ཡོན་གྱི་རྩད་པར་ཟུག་པའི་དགའ་སྡུག་གི་ཤོག་བྱ་ལེབ་མོ
བྱང་ཐང་གི་སྨུག་པ་བཞིན་ཤུལ་མེད་ཆགས་མེད་དུ་གྱུར་རྗེས
ཚེ་སྲོག་གི་གཏིང་མཐར་ཡན་པའི་ཆོ་ངེ་དང་སྨྲེ་སྔགས་ག་པར་ཡོད
ཇ་ཕོར་གྱི་ཁ་ལ་གཡོ་བའི་འཇིག་རྟེན་མི་རྟག་པ
བརྩེ་དུང་གི་མེ་འོབས་སུ་ལྷུང་བའི་གཞོན་ནུ་བུ་དང་བུ་མོ
སོ་སོར་གྱེས་དུས་ཀྱི་སྙིང་འཕར་དང་སྡུག་ངུ་ཕར་བསྐྱལ་རྗེས
ཀེང་རུས་ཀྱི་ཏིང་ངེ་འཛིན་འ་ཆད་འུ་ཐུག་ཏུ་གྱུར་པ་སུ་ཡིས་ཚོར
ཡིད་འོང་གི་སྟོན་པ་ཇ་ཁང་ཆང་ཁང་དུ་བཞེངས་ནས
དུར་ཁྲོད་དུ་ལུས་པའི་བང་སོ་ཆུ་ལ་བསྐུར་དུས
སྐྱེ་རྒ་ན་འཆི དགེ་སྡིག་ལེགས་ཉེས
ངས་མཛའ་མོར་སྟོན་རྒྱུའི་ཞེ་འཁོན་དང་རེ་ལྟོས་ཀྱི་ཚ་གྲང་ག་པར་ཡོད།
2018. 4. 3
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།