གཡུ་ཐོག་ཟམ་པ།(ཞར་བཀོད་གསུམ་ཡོད)
སྔོ་ཐིང་ཐིང་གི་ཡི་གེའི་ནང་དུ།
ཆུ་བོ་མེད་པའི་ཟམ་པ་ཞིག་གཉིད་ལ་ཡུར་འདུག
སྨུག་སིང་སིང་གི་ཐམ་གའི་སྟེང་དུ།
མི་མེད་པའི་ཟམ་པ་ཞིག་ཁེར་རྐྱང་དུ་ལུས་འདུག
གནའ་ཤུལ་ཟེར་བའི་ཐ་སྙད་རགས་པ་ཞིག
རྡོ་བའི་ཕྱི་གོས་གཡོགས་ནས་ལམ་ཟུར་གྱི་མགྲོན་པོར་སྒུག
སེར་ག་ཤོར་བའི་གཏམ་རྒྱུད་ཀྱི་ཕྱི་ཤུན་དག
ཚོང་རྫས་ཀྱི་གསེང་དུ་བཅུག་སྟེ་ཕྱི་ཐུམ་བརྒྱབ།
ཕྱི་ནང་གི་རྩིག་པའི་ཁ་མདོག་འགྱུར་དུས།
དབུས་ལམ་རིང་མོ་ལ་ཕུ་ཐག་མེད་ཅིང་།
ཤིང་སྒྲོམ་གི་གཡས་གཡོན་གང་སར།
དམར་ཧྲེང་ཧྲེང་གི་ངོ་གདོང་ཁྱུ་ཞིག་ལུས་འདུག
ནག་ཐིབ་ཐིབ་ཀྱི་ཕྲེང་བའི་རྡོག་པོ་སྤུངས་འདུག
སྙིང་པོ་རྡུལ་ཙམ་ཡང་མེད་པའི་ཁང་པ།
ལམ་ལུགས་དམར་སྨུག་ཅིག་གི་འོག་ཏུ།
སྟོང་བསམ་གྱི་ཤོག་བུ་ལ་ལྕིབས་ཏེ་ལྡིང་བྱུང་།
རིན་ཐང་ཆ་ཙམ་ཡང་བྲལ་བའི་མུ་ཏིག་རྫུན་མ།
ཁ་ངོ་དྲེགས་པ་ཅན་གྱི་མཐུ་འོག་ཏུ།
ཧམ་ཤེད་ཀྱི་བདུད་རླུང་དང་མཉམ་དུ་གཡོས་བྱུང་།
བསླུ་བྲིད་ཀྱིས་བཀུག་པའི་མཛེས་པ་དེ་དག
མིག་ལ་གཟན་པའི་སྐད་ཆའི་ཕུང་པོ་ཞིག་ཡིན་ན།
སྦུབས་སུ་འཁྱིལ་བའི་གློག་སྒྲོན་གྱི་ལྟད་མོ།
ཉན་རིན་གང་ཡང་མེད་པའི་ཁྲ་རྒྱན་ནག་པོ་དེ་ཡིན།
ཟམ་སྣེའི་རྡོ་རིང་གི་འགྲམ་དུ་འཁྱར་དུས།
གྲོང་པའི་རྒན་པོ་དག་ལ་ཀླད་པ་མི་འདུག
ཡུལ་སྐོར་བ་ཞིག་ལ་རྒྱང་ཤེལ་མི་འདུག
མུན་པ་འགེམ་གྱིན་འགེམ་གྱིན།
སྟ་རེ་མགོ་ཐོག་ཏུ་བཞག་སྟེ་ལམ་དུ་ཆད་སོང་།
གཡུ་ཐོག་ཟམ་པ་གཡུ་ཡི་ཐིག་ལེ་མིན།
ཟམ་པའི་ངོགས་ཀྱི་ཁང་ཆུང་གསེར་གྱི་པུར་སྒམ་མིན།
༢༠༡༨-༥-༡༨
གློག་བརྙན་ནག་པོ།
ལམ་ཁུག་གི་མེ་ལོང་ནི་འགྲིམ་འགྲུལ་གྱི་ཡོ་བྱད།
དེའི་ནང་དུ་འདོད་རྔམས་དང་གཡོ་སྒྱུ་འཁྱིལ་ཡོད།
ཡིན་ནའང་། འུ་ཐུག་པའི་རྣམ་ཐར་ཞིག་ལས།
བྱེའུ་ཡིས་མཆུ་ཏོ་སྣུན་ནས་རང་ཉིད་བཙལ་དུས།
མེ་ལོང་གི་ངོས་སུ་རང་ཉིད་ཀྱི་གཟུགས་བརྙན་ལས་ཅི་ཡང་འཆར་རྒྱུ་མ་བྱུང་།
བྱེའུ་ངུ་སྐད་དང་སྡུག་ཡུས་ཀྱི་བར་ན།
ངལ་བ་བཅུད་དུ་བསྒོམ་པའི་ཡ་ལན།
སུ་ཚང་ལ་བཤད་འདོད་པའི་མིག་ཆུ་ཡིན་ནམ།
ན་ཟུག་རྒྱགས་ལ་འཛིན་པའི་ལག་བརྡ།
སུ་ཞིག་ལ་འབུལ་འདོད་པའི་གླེན་རྟགས་ཡིན་ནམ།
གང་ལྟར། མེ་ལོང་གི་མདུན་དུ་བྱེའུའི་གཤོག་པ་ལས་ལྷག་མི་འདུག
སྟོང་ལོ་བཅོ་བརྒྱད་ལོའི་མཚན་མོ་ག་གེ་མོ་ཞིག་འདས་རྗེས།
རྒྱང་ཐག་ཤིན་ཏུ་ནས་རིང་བའི་ཞོགས་པ་ཞིག་ལ།
བྱེའུ་ཤི་ནས་རྣམ་ཤེས་གར་སོང་མི་འདུག
གྲོང་ཁྱེརXXཡི་གྲོང་དཔོནXX
བྱིའུ་ཤི་བའི་རོ་ལ་བལྟས་ནས་དགོད་ཀྱི་འདུག
༢༩༡༨-༥-༡༩
མི།
སེམས་ལ་འཇིག་རྟེན་བརྩིགས་ཏེ།
སྨྲ་ལྕེ་ལ་བདུད་པ་ཐེབ།
རྐང་པ་གཉིས་པོ་ཐག་པས་བཀྱིགས་ཏེ།
ཁྲག་གིས་འཚོས་པའི་དཀར་ཟས་སྙིང་གི་རྒྱན་ལ་བཏགས།
དུས་ཚོད་ཀྱི་སྐྱ་ལམ་སྟེང་དུ།
སྒྱུ་མའི་རང་རྣམ་སྣ་ཚོགས་བྲིས་ཤིང་།
རང་ཉིད་ཀྱི་རྨུ་ཐག་གཞན་ལག་ཏུ་བཅོལ།
༢༠༡༨-༦-༤
ནག་ནག་འདྲ་བའི་མཚན་མོ་འོད་ཀྱིས་ཁེངས།
དྲན་པ་རླུང་ཁྲོད་དུ་སྤུངས་རྗེས།
སྐར་ཕྲན་ཁ་ཤས་མགྲིན་པ་རུ་ཉར་ནས།
ཁོག་པའི་གཏིང་གི་ཟུར་མིག་མངར་མོ་དེ་འཚོལ་བར་སོང་།
ལམ་ཟུར་དུ་བཞད་པའི་རྡོ་ཡི་མེ་ཏོག
རྐང་པའི་རྩེ་མོ་ལ་ཟུག་སྟེ།
འགྲུལ་བཞུད་ཀྱི་མུན་པ་ལ་བར་ཆད་ཡང་ཡང་བཟོས།
སྒོར་ཐིག་ཕྲ་མོ་དེ་གའི་ནང་དུ།
ཡ་ལན་གྱི་རྔུར་སྒྲ་ཨེན་ཙམ་ཡང་མེད་དུས།
ཁྱེད་ཀྱི་མཚན་མོ་ང་ཡི་པང་དུ་ཡིབ།
༢༠༡༨-༦-༩མཚན་གྱི༡:༤༠
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།