སྙན་ངག་གི་ཡབ་ཆེན་རྗེས་སུ་དྲན་པ།
____ རབིན་ཏྲན་དཱ་ཋེ་གྷོར་འཁྲུངས་ནས་ལོ་བརྒྱ་དང་ལྔ་བཅུ་འཁོར་བར་དྲན་གསོ་ཞུ།
ཉི་མ་ནུབ་རིར་ཕྱོགས་པའི་ཕྱི་དྲོའི་མཛེས་ལྗོངས་དེ་སླར་ཡང་ངའི་མིག་ལམ་དུ་ཤར་བྱུང་། ཉི་འོད་རྣམས་ཤར་རིའི་རྩེ་མོར་འཕྲོས་ཤིང་། དེ་ནི་ཉི་མས་རང་གི་བཞུད་ལམ་ལ་ཕྱིར་ལྟ་ཐེངས་གཅིག་བྱས་པ་དང་མཚུངས། ནུབ་རིའི་གྲིབ་གཟུགས་ལེབ་མོ་དེས་མི་རྣམས་ལ་གློག་སྒྲོན་གྱི་གྲ་སྒྲིག་དགོས་པའི་བརྡ་སྟོན་པ་བཞིན་གྲོང་ཚོའི་ཕྱོགས་སུ་ཉེ་བར་བཅར་གྱིན་འདུག དམར་སེར་གྱི་ཁ་དོག་རྣམ་པར་བཀྲ་བའི་མཚམས་སྤྲིན་ཚོམ་བུ་ཚོམ་བུ་བྱས་ཏེ་ནུབ་རིའི་དབུ་རྩེར་མེ་ཏོག་བཞད་པ་བཞིན་མཛེས་སྡུག་གིས་ཁྱབ་འདུག སྟོན་མཚམས་ཀྱི་བསེར་རླུང་དེས་མི་རྣམས་ལ་གྲང་རེག་གི་ཚོར་སྣང་ཞིག་སྤྲད། ནམ་མཁའ་ནི་དྭངས་ཤིང་གཙང་ལ་གཡའ་དག་པ་ཞིག་སྟེ་སྟོན་གནམ་གཡའ་དག་ཅེས་པའི་སྐད་ཆ་དེར་བདེན་དཔང་བྱེད་པ་དང་གཉིས་སུ་མ་མཆིས། བདག་གིས་སུས་ཀྱང་སྣང་བ་མེད་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་པའི་གོམས་གཤིས་དེ་རྒྱུན་འཁྱོངས་བྱས། བདག་ལ་རང་བྱུང་ཁམས་ཀྱིས་སྙན་ངག་འབྲི་བའི་བསམ་པ་བསྐྲུན་བྱུང་། བདག་ནི་ངེས་བྱུང་གི་བསམ་པ་ལྡན་པའི་རྣལ་འབྱོར་བ་ཞིག་མིན་ནའང་དེང་རབས་གསར་པའི་དཔལ་འབྱོར་གྱི་འགྲན་རྩོད་ནང་འཕྲུལ་ཆས་ཀྱི་བྲན་གཡོག་ཏུ་གྱུར་ནས་རང་གི་མི་ཚེ་གོ་མེད་ཚོར་མེད་ངང་ནས་བསྐྱལ་རྒྱུ་དེ་བདེ་སྐྱིད་ཅིག་ཡིན་མིན་ལ་བསམ་བློ་གཏོང་མཁན་ཞིག་ཡིན། ཉིན་ཤས་ནང་ངས་སྙན་ངག་གི་ཡབ་ཆེན་སློབ་དཔོན་ཋེ་གྷོར་གྱི་བརྩམས་སྒྲུང་རིང་ཤོས་སུ་གྲགས་པ་ <གྷོ་ར་>ཞེས་པ་ཀློག་གིན་ཡོད། བརྩམས་སྒྲུང་དེའི་ནང་གི་མི་སྣའི་བར་གྱི་སྐད་ཆ་མང་པོ་ཞིག་གིས་རང་སེམས་སོམ་ཉིའི་དྲ་བར་ཚུད། ང་ཚོས་ཧ་ཅང་གལ་ཆེན་དུ་རྩི་བའི་རྒྱལ་ཞེན་དང་རིགས་ཞེན་གྱི་བསམ་བློ་དེ་ཚོས་འགྲོ་བ་མིའི་རིགས་ཀྱི་མཉམ་གནས་སྤྱི་ཚོགས་འདི་ཆིག་སྒྲིལ་བཟོ་ཡི་ཡོད་དམ། ཡང་ན་གཏོར་བཤིག་གཏོང་གི་ཡོད་སྙམ་པའི་དོགས་པ་སྣ་ཚོགས་ལས་རེ་ཞིག་ཐར་ཐབས་མེད་པ་ཚོར་བྱུང་། སྙན་ངག་པ་ཆེན་མོ་སློབ་དཔོན་ཋེ་གྷོར་གྱི་སྙན་རྩོམ་<གླུ་ཐལ་སྦྱར་མ་>ཞེས་པར་ཕྱི་ལོ་༡༩༡༣ ལོར་ནོར་ཝེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་ཡོད། ཁོང་གིས་གླུ་ཐལ་སྦྱར་མའི་སྙན་ངག་གི་དུམ་བུ་ཞིག་ནང་འདི་ལྟར་གསུངས་ཡོད། “ཁྲིམས་དང་བཅའ་ཁྲིམས་འཆིང་ཐག་ཏུ། །སྡོམ་པར་འོང་ཚེ་ནུར་ཏེ་འགྲོ། །དེ་སླད་ཁྲིམས་དག་ཕོག་ཀྱང་རུང་། །དེ་ནི་ཡིད་སྤྲོས་དང་བླང་བགྱི། །” འདི་ནི་སློབ་དཔོན་ཁོང་གི་ལྟ་གྲུབ་ཀྱི་སྡོམ་ཚིག་ཆེན་པོ་ཞིག་རེད། ཁོང་གི་བརྩམས་ཆོས་རིང་ཐུང་མང་པོའི་ནང་གཤིས་ཀ་འདི་མངོན་གྱི་ཡོད། ཁོང་གིས་སློབ་ཆུང་ཞིག་གཉེར་བའི་རྒྱུ་མཚན་ཡང་བྱིས་པ་རྣམས་སྒྲིག་ཆས་ཀྱིས་བཅིངས་པའི་ཁོར་ཡུག་ལས་ཐར་ཆེད་དུ་ཡིན་པ་ཁོང་གི་བརྩམས་ཆོས་<བདག་གི་སློབ་གྲྭ་>ཞེས་ལ་ལས་རྟོགས་ཐུབ། སྤྱིར་དམག་ཆས་དང་། སློབ་ཕྲུག་གི་སྒྲིག་ཆས། བཙོན་ཆས། གྲྭ་ཆས། ལས་བཟོ་པའི་ཆས་སོགས་ཆ་འགྲིག་ཅན་དེ་དག་ནི་དོན་དམ་པར་སྒྲིག་ཁོངས་དེ་དག་ཏུ་གཏོགས་པའི་གང་ཟག་རྣམས་ཡོངས་སུ་སྡོམ་བྱེད་ཀྱི་འཆིང་ཐག་ཅིག་རང་ཡིན། དེས་ན་སློབ་དཔོན་ཋེ་གྷོར་གྱིས་བྱིས་པ་རྣམས་འཆིང་ཐག་དེ་ལས་གྲོལ་ཕྱིར་སློབ་ཆུང་ཞིག་གཉེར་ཡོད། ནོར་ཝེལ་རྩོམ་རིག་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་སློབ་དཔོན་ཁོང་གིས་གནང་པའི་གསུང་བཤད་ནང་ “དུས་ཐུང་ནང་ཤེས་བྱ་མང་པོ་རྫ་དྲག་ངང་སྦྱོང་རྒྱུ་འདིས་སློབ་ཕྲུག་ཚོའི་རང་དབང་དང་བདེ་སྐྱིད་ལ་སྤྱོད་པའི་འདུན་པ་ངོམ་དུ་མེད་པའི་སྐོམ་པ་དེ་ཐལ་བའི་རྡུལ་དུ་བྱེད་པ་ང་རང་ལ་ཉམས་མྱོང་ཡོད། དེས་ན་ངའི་བསྒྲུབ་བྱ་ནི་འགྲོ་བ་མིའི་བུ་ཕྲུག་ཚོར་རང་དབང་དང་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན།” ཞེས་གསུངས་ཡོད། ང་ཚོས་དགའ་སྣང་དང་། གཅེས་འཛིན་བྱེད་པའི་དངོས་པོ་མང་པོ་ཞིག་དོན་དངོས་སུ་རང་ཉིད་འཆིང་བྱེད་ཀྱི་ལྕགས་ཐག་ཡིན་པ་དེ་དྲན་གྱི་མེད། དེ་ནི་མི་གླན་པ་ཞིག་གིས་རང་ཉིད་གསེར་ཐག་གིས་བསྡམ་ན་ལྕགས་ཐག་གིས་བསྡམས་པ་ལས་ན་ཟུག་ཆུང་བ་ཡོད་སྙམ་པ་དང་གཅིག་པ་རེད། མི་ཞིག་གི་མི་ཚེའི་བརྒྱུད་རིམ་གྱི་ཐོག་ནས་བཤད་ན་ཨ་མའི་པང་ཁ་དང་ཁ་བྲལ་ནས་རང་ཉིད་ཀྱི་རྐང་ཆུང་ཐོག་ལངས་ཏེ་གོམ་པ་སྤོ་འགོ་ཚུགས་པ་ནས་སློབ་གྲྭའི་སྒྲིག་ཆས་ཀྱིས་མ་བཅིང་པའི་བར་གྱི་བྱིས་པའི་དུས་སྐབས་དེ་ནི་བདེ་སྐྱིད་དང་སྤྲོ་སྣང་ཆེ་ཤོས་ཀྱི་དུས་སྐབས་དེ་ཡིན་ཞེས་བརྗོད་ཆོག ང་ཚོ་ཐོག་མར་སློབ་ཕྲུག་གི་སྒྲིག་ཅས་ཀྱིས་བཅིངས་ཞིང་། དེ་ནས་རིམ་བཞིན་ལས་རིགས་འདྲ་མིན་གྱི་སྒྲིག་ཆས་ཏེ་དཔོན་ཆས་དང་། དམག་ཆས། ལས་བཟོ་བའི་ཆས་གོས་སོགས་གིས་བཅིང་པར་བྱེད་ངེས་ཡིན། ད་དུང་ང་ཚོ་འཆིང་བྱེད་ཀྱི་དངོས་པོ་གཞན་ཡང་མང་པོ་ཡོད།་དཔེར་ན། རྒྱལ་རྟགས་དང་། རྒྱལ་དར། ཚོགས་དར། ཆོས་དར་སོགས་ཡིན། ང་ཚོས་དངོས་པོ་འདི་ཚོར་ཧ་ཅང་གཅེས་སྤྲད་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་དངོས་པོ་འདི་ཚོའི་ཆེད་དུ་རང་གི་ལུས་སྲོག་ཀྱང་དོར་བར་བྱེད་ཀྱི་ཡོད། འདི་ལྟ་བུའི་བསམ་བློའི་འདུ་ཤེས་དེ་ང་ཚོར་ཇི་ལྟར་བྱུང་བ་ཡིན་ནམ། ང་ཚོའི་ཆེས་ཐོག་མའི་མེས་པོ་ཚོས་ཟས་སུ་ཤིང་འབྲས་ཟ་བ་དང་། གོས་སུ་ཤིང་ལོ་གྱོན་ཏེ་རང་གི་མི་ཚེ་འགོ་འཛུགས་བྱས་ཡོད། སྐབས་རེ་ངའི་སེམས་ནང་རྒྱལ་ཞེན་དང་། རིགས་ཞེན་གྱིས་འཇིག་རྟེན་འདི་དུམ་བུར་མ་བཏང་པའི་སྔ་རོལ་གྱི་གནའ་མི་ཚོའི་འཚོ་བའི་སྤྲོ་སྣང་དེ་གང་འདྲ་ཞིག་ཡོད་དམ་སྙམ། འགྲོ་བ་མི་རྣམས་ལ་སྲོག་ཆགས་གཞན་ལས་ཆེས་ལྷག་པའི་བསམ་བློའི་ནུས་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡོད་ཅིང་། བསམ་བློ་དེའི་དབང་གིས་མིའི་སྤྱི་ཚོགས་ནང་སྲོག་ཆགས་གཞན་གྱི་སྤྱི་ཚོགས་ནང་མེད་པའི་བསམ་བློའི་རྙོག་འཛིང་ཆེན་པོ་ཞིག་ཡོད། ང་ཚོའི་མེས་པོ་ཚོས་ང་ཚོ་འཆིང་བྱེད་ཀྱི་ལྟ་བ་དང་གྲུབ་མཐའ་སྣ་ཚོགས་ཤིག་བཞག་ཡོད་ཅིང་། ལྟ་གྲུབ་དེ་ཚོས་ང་ཚོའི་མི་ཚེ་ཡོངས་སུ་བཅིངས་ཏེ་རང་གི་སྙིང་ཉེ་བའི་སྤུན་ཟླ་ཁྲི་སྟོང་མང་པོར་མཛའ་བརྩེའི་འཛུམ་མདངས་སྟོན་ཐུབ་ཀྱི་མེད། ཁྱེད་ཚོས་འཛམ་གླིང་གི་ས་ཁྲ་ཞེས་པའི་རི་མོ་དེར་ཐེངས་གཅིག་གཟིགས་དང་། རི་མོ་འདི་ནི་ང་ཚོས་ཇི་ལྟར་འཇིག་རྟེན་འདི་དུམ་པར་བཏང་བའི་གཟུགས་བརྙན་གྱི་རི་མོ་ཞིག་རེད། དེ་རིང་གི་དུས་སུ་འཇིག་རྟེན་འདི་འགྲུལ་ཐག་ཐུང་བའི་གོ་ལའི་གྲོང་གསེབ་ཅིག་ཡིན་པར་བརྗོད་ཀྱང་དེ་ནི་ཚོང་ཁྲོམས་ཆེན་པོ་ཞིག་ཏུ་མཛད་སྤྱོད་པ་མང་པོ་ལྷན་དུ་འཛོམས་པའི་རྣམ་པ་ཙམ་ཞིག་རེད། དེང་རབས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་འཇིག་རྟེན་འདིའི་མ་འོངས་པ་ཡིན་པའི་བྱིས་པ་ཁྲི་འབུམ་མང་པོའི་རང་དབང་ཕྲོགས་ཏེ་སྒྲིག་ཆས་ཀྱི་འོག་ཏུ་མནན་ཞིང་། སྔར་ནས་གྲ་སྒྲིབ་བྱས་ཟིན་པའི་བསླབ་གཞིའི་སློབ་ཚན་ཁ་ཤས་ཤིག་གིས་ཁོང་ཚོའི་སེམས་རྒྱུད་དྭངས་མ་དེར་ཁ་དོག་སྣ་ཚོགས་བསྐྲུན་པར་བྱེད། བྱིས་པ་དེ་ཚོ་རིམ་བཞིན་སློབ་འབྲིང་དང་། སློབ་ཆེན་གྱི་ལག་འཁྱེར་ལག་ཏུ་བླངས་ནས་དཔོན་ཆས་དང་། དམག་ཆས། ལས་བཟོ་བའི་སྒྲིག་ཆས་སོགས་ཀྱིས་རང་གི་ལུས་སེམས་དམ་དུ་བཅིངས་པར་བྱས་ཏེ་རང་གི་མི་ཚེ་དབང་སྒྱུར་བ་འགའ་ཤས་ཤིག་གི་སྦར་མོའི་ནང་འཐིམ་དུ་འཇུག་གི་ཡོད། ཀྱཻ། བདག་གི་མེས་པོ་ལགས། ཁྱེད་ཀྱི་རྒྱལ་མཚམས་མེད་པའི་དགོངས་པ་དེས་འཇིག་རྟེན་འདིའི་བྱིས་པ་རྣམས་སྐྱོབས་ཤིག
༢༠༡༢ ཟླ་༡༡ ཚེས་༡༦ ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།