རྨི་ལམ་ཡིན་ལ་རྨི་ལམ་མིན་པ།
____སྤྱི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཀྱི་མཚན་མོའི་རྨི་ལམ་ལ་རྐྱེན་བྱས་ཏེ་བྲིས་པ།
ཀྱེ་མ་མདང་ནུབ་ང་ཡི་རྨི་ལམ་ནང་དུ།།
མིང་དང་སྐྱེས་ཁུངས་གསལ་ཆ་ཨེན་ཙམ་མེད་ལ།།
ཁ་ངོ་སྐྱེ་འབྲས་སོགས་ཀྱང་རབ་རིབ་ཡིན་པའི།།
བུ་མོ་ཞིག་གིས་ང་ལ་འདི་ལྟར་གསུངས་བྱུང་།།
བཙོ་སྦྱངས་བྱས་པའི་ཚིག་གི་སྤུབས་དབྱིངས་དབུས་ལ།།
ཟབ་དོན་ཟུར་ངོས་མང་བ་སྙན་ངག་མཆོག་ཡིན།།
ཁྱོས་ཀྱང་སྙན་ངག་འབྲི་ན་འདི་ལྟར་བྲིས་ཞེས།།
བཅད་མའི་ཤོ་ལོ་ཀ་གཅིག་མིག་ཏུ་མངོན་བྱུང་།།
ཉལ་ཁར་དབྱངས་ཅན་ལྷ་མོའི་བསྟོད་པ་ཚར་གཅིག །
བཏོན་པས་ཡིན་ནམ་ཡང་ན་སྙན་ངག་གང་དེ།།
བློས་བསླངས་ཡང་ཡང་བྱས་པའི་རྐྱེན་ནི་ཡིན་པ།།
གང་ལྟར་རྨི་ལམ་མངོན་གསལ་ཅན་ཞིག་རྨིས་བྱུང་།།
རྨི་ལམ་ཁྲོད་ཀྱི་བྱ་བར་སྙིང་བོ་མེད་ཀྱང་།།
རང་རང་ཡིད་ཀྱི་མོས་པ་གནད་དུ་ཁེལ་ཚེ།།
འདི་ནི་ཅི་ཡིན་དེ་ནི་གང་ཡིན་སྙམ་ནས།།
ཡང་དང་བསྐྱར་དུ་རང་ལ་དོགས་འདྲི་བྱ་དགོས།།
དབྱངས་ཅན་ལྷ་མོའི་ལུང་བསྟན་རེད་ཅེས་མི་སྨྲ།།
སོ་སྐྱེས་ང་འདྲ་དེ་འདྲའི་བསོན་ནམས་ཆེ་ཡོད།།
ཡིན་ཡང་སྙིང་བོ་ཡེ་ནས་མེད་པ་ཅིར་ཡིན།།
ནག་མོ་ཁོལ་ལ་ལུང་དུ་བསྟན་པའི་དཔེ་ཡོད།།
རྨི་ལམ་རབ་རིབ་ཁྲོད་ཀྱི་སྙན་ཚིག་དེ་ཡི།།
དོན་གྱི་བསྟན་བྱ་བློ་ན་གསལ་བོ་མེད་ཀྱང་།།
ཡིག་འབྲུའི་གྲུབ་གཟུགས་ད་དུང་མིག་ལ་ཤར་བས།།
ཡིད་སེམས་དགའ་བའི་རྒྱུ་ཞིག་དེ་ནས་རྙེད་བྱུང་།།
མི་ཡི་སེམས་ལ་ལྷ་ཡི་ཆོས་ཤིག་ཤར་བ།།
རིན་ཐང་ཡོད་མེད་ད་དུང་དཔྱད་པའི་གཞི་རེད།
དོན་སྙིང་ཡོད་མེད་ད་དུང་རྟགས་པའི་གནས་རེད།།
བླང་དོར་འབྱེད་པའི་བློ་མིག་རང་ལ་ལྡན་དགོས།།
སེམས་ཀྱི་སྦུབས་སུ་ཉར་བའི་མོས་པ་གཅིག་པུ།།
ཤ་ལས་མཆེད་པའི་འདང་ཅན་ཁྱེའུ་བཞིན་དུ།།
ཡུན་རིང་གཅེས་སྐྱོང་མཛད་པའི་དེ་རིང་འདི་ལ།།
འབྲས་རྟགས་འདི་ཙམ་ལ་ཡང་དགའ་བ་སྐྱེས་སོང་།།
2012 . 5.23 ཉིན་ལ་རང་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།