ཡིད་ངོས་ཀྱི་རོལ་དབྱངས།
སྙིང་གི་པད་དཀར་འཛུམ་པའི་ཚེམས་ཕྲེང་གིས།།
ཆགས་སྡང་སྲེད་པའི་མར་མེ་དགུང་དུ་མཆེད།།
འོད་ཀྱི་ཟིལ་ཐིག་ཕོག་པའི་མཚན་ལྗོངས་སུ།།
ཁྱོད་རང་བྲིས་པའི་རི་མོ་འཕྲིན་དུ་བཏབ།།
ཡིད་ཁའི་ཆོ་འཕྲུལ་ངོམ་པའི་ཟློས་གར་གྱིས།།
དྲན་པའི་གླུ་ཆུང་འདི་འང་རྒྱང་དུ་ལེན།།
ཁ་སང་རྨི་ལམ་བརྒལ་བའི་གཏམ་རྒྱུད་དེ།།
ཆུང་འདྲིས་མེ་ཏོག་ཅིག་གི་འཐུ་རོགས་ཡིན།།
སྒྱུ་མའི་རྣམ་རྟོག་དབུས་ཀྱི་ཁྲོམ་ར་ནས།།
སྐེད་པ་ལྡེམ་ལྡེམ་བྱེད་དེ་འཁྱུག་གིན་གདའ།།
བརྩེ་བའི་གཤིས་ལ་འཁོར་བའི་ཨ་ཡིག་དེ།།
བྱམས་པ་སྙིང་དུ་སྡུག་པའི་ལན་ཆགས་ཡིན།།
མཚོ་མོ་གཡས་སུ་འཁྱིལ་བའི་གྲོང་ཁྱེར་ནས།།
སྣང་བའི་དར་སྐུད་རིང་མོ་དབྱངས་སུ་འཐེན།།
གངས་ཀྱི་ལ་མོར་ཆས་པའི་སྤྲིན་དཀར་ལ།།
གློ་བའི་སྦུག་ཏུ་འཚང་བའི་སྙན་ངག་བྲི།།
ཡིད་ཀྱི་རོལ་དབྱངས་དཀྲོལ་བའི་ནུབ་མོ་རུ།།
སེམས་པ་སྒོམ་ལ་ཞུགས་པའི་ཏིང་འཛིན་གྲོལ།།
ཐ་སྙད་གསར་པ་ཞིག་གི་དབུ་ཁྱུད་དུ།།
སྐྱིད་སྡུག་འཚོ་བའི་རི་མོ་བྲག་ལ་བརྐོས།།
བརྩེ་བར་རྙིང་དྲི་འཐུལ་བའི་དུས་ཚིགས་སུ།།
སྐྱོ་བའི་མིག་ཆུ་གཏོང་བཞིན་མྱ་ངན་ཞུས།།
སྡུག་བསྔལ་སེམས་སུ་ཉར་བའི་ཉིན་མཚན་དུ།།
ཁོ་བོའི་སྙན་གཞུང་འདི་ལ་རྫོགས་ཚིག་བཀོད།།
2015. 7. 7. ཉིན་བྲིས།
བརྩེ་ཞེན་ངག་གི་རོལ་མཚོ།
དྲན་པ་སྡུག་གིས་མནར་བའི་ཉིན་མཚན་ཀུན་ཏུ།།
དག་པའི་གཞལ་ཡས་དེ་འང་སྐྱིད་པོ་མ་རེད།།
སྣང་བ་གླུ་རུ་བླངས་ནས་གང་སར་འཁྱམས་ཏེ།།
ཡིད་ཀྱི་རྒྱལ་ཁམས་འགྲིམ་པའི་སྙན་ངག་བྲིས་ཡོད།།
ཆང་དང་ཕོར་བ་གཏུག་པའི་འཁྱར་བོ་དེ་ཚོས།།
ཁོ་བོའི་གདོང་པ་རིག་ན་ཅི་འདྲའི་མཚར་ཨང་།།
བཞིན་རས་འཛུམ་གྱིས་ཕྱུག་པའི་བུ་མོ་དེས་ཀྱང་།།
ལུས་ཀྱི་གྱོན་པ་འདི་ལ་མཛའ་བོ་མེད་ཟེར།།
དགོན་ཆེན་གསེར་ཏོག་ཅན་གྱི་དབེན་ཁྲོད་ཀུན་ཏུ།།
འཁོར་བ་སྡུག་གི་རྒྱ་མཚོ་ཡིན་རབ་ཆེ་ཡང་།།
ལང་ཚོའི་ཟུང་ཁྲག་རྒྱས་པའི་སྨིན་ཆུང་དག་གིས།།
གཅིག་རྗེས་གཉིས་སུ་མཐུད་དེ་ཅི་ཞིག་འཚོལ་ཨང་།།
ལོ་ཟླའི་རྨི་ལམ་རེ་རེའི་འཁྲུལ་སྣང་ངོས་སུ།།
ལས་ཀྱིས་བསྐོས་པ་འདྲ་བའི་མི་དེ་ཐུག་བཞག།
དུངས་ཞེན་མཚོ་ལས་ཟབ་པའི་རྣམ་ཐར་ཀློང་ནས།།
ངག་གི་རོལ་མོ་དཀྲོལ་བའི་སྙན་ཚིག་གཏོར་ཡོད།།
ན་ནིང་བརྟན་དུ་འཚོ་བའི་དབུ་ཁྱུད་བྲིས་སོང་།།
དེ་རིང་གྱེས་ཕྱག་ཕུལ་བའི་རྫོགས་ཚིག་རིང་གི།
བརྩེ་བ་ཡུད་ཙམ་འདྲིས་པའི་ལོ་ཟླ་འདི་ནི།།
སྐྱོ་བའི་མིག་ཆུ་འཆོར་བའི་དྲན་ཤིང་ཡིན་འགྲོ།།
སྐར་མའི་གྲངས་དང་མཉམ་པའི་མི་ཚོགས་ཁྲོད་དུ།།
འཚོ་བའི་གཤིབ་ཡ་ཡིན་པའི་མི་ཞིག་ཡོད་དམ།།
ཞལ་གྱི་མཆུ་སྒྲོས་ཡག་མོས་རང་སེམས་བསླུས་ཀྱང་།།
མི་རྟག་སྲིད་པའི་ཆོས་ཉིད་ཅི་འདྲའི་མཚར་རོ།།
༢༠༡༥. ༦. ༢༤. ཉིན་བྲིས།
ཞེ་ལ་གནག་པའི་སྙན་ངག
ན་ནིང་བཞད་པའི་མེ་ཏོག་དེ།།
ཟླ་བ་འདྲ་ལ་ཉི་མ་འདྲ།།
ལོ་ཟླར་བྲིས་པའི་གླེགས་བམ་གྱིས།།
ཡིད་ཀྱི་དུངས་བ་རྨང་ནས་བསླུས།།
མཛེས་སྡུག་པད་མའི་མཆུ་སྒྲོས་ལ།།
དཀར་ལ་དམར་བའི་རང་མདངས་འབར།།
ཟླ་ཆུ་སྔོན་མོའི་གཡས་འགྲམ་ནས།།
ཞེ་རུ་འཁོར་བའི་དབྱངས་ཤིག་བརྩམས།།
བརྩེ་བ་ཞེས་པའི་ཡིག་འབྲུ་ལ།།
བདག་གི་ཡིད་ནི་རབ་ཏུ་དུངས།།
མི་རྟག་འཁོར་བའི་ཁྲོམ་ཆེན་དུ།།
ཐ་སྙད་དེ་འང་རྡུལ་ལྟར་འཚུབ།།
མདུན་གྱི་ལ་མོ་བརྒལ་བྱས་ཏེ།།
འདས་སྐར་དེ་ལ་གྱེས་ཚིག་ཕུལ།།
ཁེར་དུ་བླངས་བའི་སྐྱོ་གཞས་ཀྱིས།།
དྲན་ཤེས་འདི་འང་ཡོངས་སུ་བཟི།།
ཡུན་རིང་འདྲིས་པའི་སུན་སྣང་གིས།།
མཛའ་མཐུན་བརྩེ་བའི་དར་སྐུད་བཅད།།
ཞིམ་པོའི་འཚོ་བར་རྙིང་དྲི་འཐུལ།།
ད་ནི་རྫོགས་ཚིག་འདི་ལྟར་འབྲི།།
བདག་ལ་འཛེམ་པའི་ངང་ཚུལ་དེ།།
ཅི་འདྲའི་མཚར་ཞིང་ཅི་འདྲའི་སྐྱོ།།
འཕྲིན་དུ་བཏབ་པའི་ཡིག་འབྲུ་དྲུག།
ཁྱོད་ལ་བཞག་པའི་ཁ་ཆེམས་ཡིན།།
༢༠༡༥. ༧. ༡༠. ཉིན་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།