གནའ་ཤུལ་ནས་སྙན་ངག་གྱེར་བ།(ཞར་བཀོད་བཞི་ཡོད)

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-05-21


                            གནའ་ཤུལ་ནས་སྙན་ངག་གྱེར་བ། 

                                                     ___གཟའ་ཉི་མའི་ཉིན་ཁྲོ་ཕུ་དགོན་པར་ཕྱིན་པ།

ཁྲོ་ལོའི་ཞབས་རྗེས་རྒས་པའི་དགོན་ཤུལ་སྐྱ་བོས།།
སེམས་པ་སྡུག་ལ་སྦྱར་བའི་མནར་གཅོད་འོག་ནས།།
ཁྲོ་རུ་པཎ་ཆེན་དྲན་པའི་མཆི་མའི་ཐིགས་པས།།
དེ་རིང་སྙན་ངག་འདི་ཡང་ཟིན་ཐོར་བྲིས་ཡོད།།

བོང་བུའི་རྣ་ཅོག་འདྲ་བའི་གྱང་རོ་འདི་ཚོ།།
མི་རྟག་འཆི་བ་དྲན་པའི་སྐུལ་མ་འདྲ་ཡང་།།
ས་དང་རྡོ་བའི་གས་སྲུབ་རེ་རེའི་ནང་དུ།།
མེས་པོ་རྣམ་དཔྱོད་ཅན་ཚོའི་ལོ་རྒྱུས་སྦྲུམ་ཡོད།།

སྔར་ཞིག་འཕགས་བོད་ལོ་པཎ་གདན་འཛོམས་དུས་ཀྱི།།
གནས་དུས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་ཀོ།
མི་རྟག་སྲིན་མོའི་མཆེ་བས་འདི་ལྟར་གཙབ་པ།།
དྲན་ན་ཕངས་པའི་དབུགས་རིང་གཏིང་ནས་ཤོར་འགྲོ།།

ཡ་གིའི་རྩིག་ཤུལ་བསྟར་བའི་རྡོ་དྲེག་ཁྲོད་དུ།།
པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་ཆོས་ཉར་ཡོད།།
ཁམ་སྡོང་ཡལ་ག་རྒྱས་པའི་རྩ་བ་འདི་རུ།།
གྲུབ་ཆེན་བུདྡྷའི་མཚན་གྱི་བྱིན་རླབས་ལོས་བཞུཊ།།

རྡོ་དང་བོང་བ་ཞིག་པའི་ལྷག་མ་འདི་ཚོས།།
ས་པཎ་ཁུ་དབོན་བཞུཊ་པའི་གདན་ཁྲི་ཉར་འདུག།
རྩྭ་དང་ལྡུམ་བུའི་གསེབ་ཀྱི་ཕྱེ་ལེབ་དག་གིས།།
ཤོང་དཔང་ལོ་ཙཱ་བྱོན་པའི་གནའ་སྒྲུང་གསུང་གི།

ཡ་གིའི་བྲག་རི་བླ་ཆེན་གདན་དུ་བཞུགས་འདྲ།།
ཀུན་མཁྱེན་བུ་སྟོན་ཆེན་པོའི་འདྲ་སྐུ་ཡིན་ན།།
རྩེ་གཅིག་དད་པའི་བརྐྱངས་ཕྱག་གྱང་འགྱེལ་འདྲ་བོ།།
ཕྱོགས་མེད་རྒྱལ་ཁམས་པ་ངས་ཁྱོད་ལ་འབུལ་འདོད།།

དགོན་འདབས་གྲོང་གིས་བསྐོར་བའི་ཁྱིམ་པ་དག་ལ།།
ཁྲོ་ཕུའི་གདན་རབས་ངག་ནས་གྱེར་རྒྱུ་ཡོད་ན།།
སྙན་ཚིག་མེ་ཏོག་བཞད་པའི་བསྟོད་གླུའི་པོ་ཏི།།
གནའ་བོའི་དབྱངས་རྟར་བསྡེབས་ནས་ཁྱེད་ཚོར་འབུལ་ཆོག།

རྒྱང་རིང་ཡུལ་ནས་འོངས་པའི་སྨྱོན་པ་བདག་ལ།།
ཆོས་ཉིད་དུས་ཀྱི་རྒྱལ་མོས་གོ་སྐབས་སྤྲད་ན།།
ད་དུང་ཁྲོ་ཕུའི་གདན་རབས་གསར་དུ་འཚོལ་བའི།།
རྨི་ལམ་དར་ཐག་འདྲ་བོ་སེམས་ལ་ཉར་ཆོག།

                            བདེ་སྟོང་ཆང་གིས་མྱོས་པའི་སྨྱོན་པ།

                                                     ___འབྲུག་པ་ཀུན་ལེགས་བཞུགས་མྱོང་བའི་ཕག་རིའི་གསེར་དཔོན་ཚང་གི་ནང་རྙིང་པར་མཇལ་བ།

དུད་དྲེག་ཆགས་པའི་ཀ་གདུང་ལྕམ་དྲལ་དག།
ལོ་རྒྱུས་རྙིང་པ་རུམ་པའི་ཉལ་ཐུལ་བཞིན།།
ད་དུང་འདི་ནས་འགྱེལ་མ་བུབ་ཀྱི་ངང་།།
མི་རབས་གསར་པར་ཕྱི་མིག་གཟིཊ་བཞིན་མཆིས།།

ཕྱི་རུ་མཛེས་ཆོས་དབེན་པའི་གསོལ་སྒྱེད་འདིའི།།
ས་རྡོའི་གསེབ་ཏུ་གཟི་བྱིན་རྒྱས་པ་ཡི།།
འབྲུག་སྨྱོན་ཆང་གིས་བཟི་བའི་རྣམ་ཐར་འབུམ།།
གཟུགས་མེད་རི་མོའི་ཚུལ་དུ་ལོས་ཀྱང་འཁྱིལ།།

ཕྱག་ཏུ་མདའ་གཞུ་བསྣམས་པའི་ཤ་བ་རིས།།
ཉོན་མོངས་རི་དྭགས་མ་ལུས་རྔོན་བཞིན་དུ།།
སྐྱ་སེར་རིས་སུ་མེད་པའི་གདུལ་བྱ་ལ།།
འདི་ནས་གདམས་ངག་གླུ་ཡི་ཚུལ་དུ་བླངས།།

སྐལ་བ་དམན་པས་སྨྱོན་པར་མཐོང་བ་ཡི།།
གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཆང་ཆེན་དེའི།།
ཕེབས་ཤུལ་ཙམ་ལ་མཇལ་བའི་སྐལ་བཟང་འདིས།།
བདག་ཉིད་ལས་འཕྲོ་བཟང་པོའི་གྲས་སུ་རློམ།།

སྒོ་གསུམ་དད་ཅིང་འདུན་པའི་ལེགས་བྱས་རིས།།
སྙན་པའི་ཚིག་ཏུ་སྤེལ་བའི་རྣམ་དཀར་ཕྲེང་།།
ཐོས་མཐོང་མྱོང་བའི་སྐྱེ་བོ་གཞན་དག་ཀྱང་།།
བདེ་སྟོང་དགའ་བའི་ཉམས་ཀྱིས་མྱོས་པར་ཤོག།

                            མཐོ་སྒང་གི་དྲན་པ་རབ་རིབ།

                                                   ___དཀར་ལེབས་དགོན་ཤུལ་དུ་མཇལ་བ།

སྔར་ཞིག་གཞོན་ནུའི་ལང་ཚོ་སྨིན་པའི་དུས།།
དཀར་ལེབས་སུམ་རྟགས་ཞེས་པའི་ཡིག་འབྲུའི་བརྒྱུད།།
མཁས་མཆོག་པདྨ་རྡོ་རྗེའི་རྣམ་དཔྱོད་ལ།།
སེམས་ཀྱི་གཏིང་ནས་ཡིད་སྨོན་ཡང་ཡང་ཤོར།།

དེ་རིང་གངས་ཁྲོད་འགྲིམ་པའི་རྡོག་སྔུན་ནས།།
རྩིག་ཤུལ་སྤང་ལ་འབྱར་བའི་སྔོན་བྱུང་རིས།།
འདྲེན་བྱེད་ལམ་དུ་དངོས་སུ་མཐོང་བ་འདི།།
དཀར་དྲུང་རྒད་པོ་དྲན་པའི་རྡོ་རིང་འདྲ།།

འདི་ནས་ཤར་ནུབ་གནམ་མཐའི་ཁ་ཐག་རིང་།།
རྐང་འོག་ས་གཞི་སུམ་རྩེན་ཐེམ་སྐས་འདྲ།།
སྤྲིན་དཀར་ཤམ་བུ་ལྷབ་ལྷུབ་གཡོ་བ་ཡིས།།
མཐོ་སྒང་སྔར་ལས་མཛེས་པའི་ཚོར་སྣང་སྟེར།།

འོན་ཏང་དམ་པའི་སྐྱེས་ཆེན་བཞུད་ཤུལ་གྱི།།
ས་དང་རྡོ་བ་སྐམ་པོའི་གསེབ་འདི་རུ།།
ཤེས་རབ་བྱམས་བརྩེའི་དྲོད་ཁོལ་ལྷག་མ་ཞིག།
ཡོད་པར་རེ་ནས་གསོལ་བ་འདེབས་ལ་ཕྱོགས།།

སླད་མར་མི་རྟག་འཆི་བས་མ་གཙེས་ན།།
བགྲང་ཡས་མེས་པོའི་རྣམ་དཔྱོད་འོད་སྣང་ལ།།
ཡང་ཡང་བཏུང་བའི་བརྩོན་པ་མི་སློད་པར།།
ཤེས་བྱའི་རྒྱལ་ཁམས་འགྲིམ་ལ་གོམ་ཁ་བསྒྱུར།།

                             དུས་མཐའི་མི་ལ་རས་པ།

                                                     __མཁན་ཆེན་ཆོས་ཁྱབ་ཀྱི་གདན་སར་ཕྱིན་པའི་སེམས་ཚོར།

འཁྲུལ་སྣང་རྨི་ལམ་གྲོང་གི་འདུ་འཛིའི་ཁྲོད།།
དགའ་སྐྱོའི་སྙན་ངག་རི་མོར་འགྲེམ་པ་ལ།།
རྟོག་འགྱུའི་པིར་ཚོན་འཆང་བའི་གྱི་ན་བས།།
ཀུན་སྤངས་བླ་མའི་གདན་སའི་བྱིན་རླབས་གླེང་།།

ཕྱོགས་ཀྱི་རི་བོའི་མཛེས་པས་མགྲོན་རྣམས་བསུ།།
ནགས་ཚལ་བུ་མོའི་དབུ་ལོ་སྟུག་པོར་དཀྲིགས།།
སྣོད་བཅུད་བྱིན་ཆགས་ཡི་གར་འོང་བ་འདིས།།
དབེན་པའི་ཡོན་ཏན་མིག་ལ་བྱོ་འམ་སྙམ།།

མི་རྟག་སྲིན་མོས་འཁྱུད་པའི་གླིང་ཕྲན་ནས།།
གཏན་བདེའི་གོ་འཕང་ཡིད་ལ་སེམས་རྣམས་ཀྱིས།།
རིག་འཛིན་བླ་མའི་གདན་ས་མཇལ་བས་ཀྱང་།།
ངེས་པར་འབྱུང་བའི་བྱིན་རླབས་ཆར་དུ་འབེབས།།

ཕྱི་ལྟས་ཤིང་ཁང་གོགས་པོའི་སྤྱིལ་བུ་འདིས།།
ནང་བཅུད་བྱ་བྲལ་བླ་མའི་མཛད་པ་འབུམ།།
ད་དུང་མི་ཟད་གཏེར་དུ་རུམ་པས་ན།།
དད་པའི་ལྷ་ཕྱག་འདི་ནས་ཅིས་མི་འཚལ།།

ལྔ་བདོའི་མུན་པ་ཕྱོགས་སུ་དཀྲིགས་པ་ཡི།།
དུས་ཀྱི་འཚེ་བའི་སྦྲུལ་གདུག་འབུམ་སྐྲོད་པར།།
སྙིང་པོའི་བསྟན་པ་ཉིན་མོར་བྱེད་པའི་འོད།།
བཤད་སྒྲུབ་འཁོར་ལོས་འདེགས་པའི་བླ་མ་དྲན།།

ཆོས་བརྒྱད་འཇའ་ཚོན་རི་མོས་བསླུས་པ་ཡི།།
སྙིགས་མའི་ཆོས་གཟུགས་ཕལ་གྱིས་མི་འགྲན་པའི།།
ཉམས་རྟོགས་ཡོན་ཏན་འོད་དུ་འཚེར་བའི་མགོན།།
སྲིད་པའི་སྒྲོན་མེ་ཁྱོད་གཅིག་ཞིང་འདིའི་རྒྱན།།

འཁོར་འདས་རུ་ཤན་འབྱེད་པའི་མཚོན་རྣོན་པོས།།
ལས་ཉོན་དབྱིངས་སུ་བདས་པའི་ཕྲིན་ལས་འོད།།
སྲིད་དང་ཞི་བར་བརྡལ་བའི་ཟེགས་མའི་རིས།།
སྣང་སྟོང་གཉིས་སུ་མེད་ལ་དང་བས་འདུད།།

བདག་སོགས་འཁོར་བའི་གྲོང་དུ་འཕྱན་པ་ཡི།།
ཞེན་ཆགས་བདེན་པར་འཛིན་པའི་ཉེ་དུ་ཀུན།།
སྐུ་བཞིའི་ཡེ་ཤེས་ཀློང་དུ་རོ་གཅིག་པར།།
མངོན་འཚང་རྒྱ་བའི་བཀྲ་ཤིས་མངོན་འགྱུར་ཤོག།

                            མི་རྟག་པའི་སྣང་བརྙན།

                                                     _____བླ་རུང་དུར་ཁྲོད་ཆེན་མོར་ཕྱིན་པའི་མྱོང་ཟིན།

སྐྱེ་དང་འཆི་བའི་འཇིགས་པ་ལས་བརྒལ་ཞིང་།།
དགའ་དང་སྐྱོ་བའི་ས་མཚམས་མི་མངའ་བའི།།
རྟག་ཁྱབ་བདེ་བ་ཆེན་པོར་སྤྱོད་པའི་གནས།།
སྣོད་བཅུད་དག་པའི་ཞིང་དེའི་མགོན་ལ་འདུད།།

འོད་མཚན་སྟོང་འབར་མཁྱེན་བརྩེ་ཟློས་པའི་གར།།
ཕྱག་ན་པདྨོར་སྣང་བའི་གཟི་བྱིན་གྱིས།།
རིགས་དྲུག་བདེ་ཆེན་ཞིང་དུ་འདྲེན་མཛད་པའི།།
ཀྱེ་མ་གངས་རིའི་མགོན་ཁྱོད་ཡང་ཡང་དྲན།།

རྨི་ལམ་ཉམས་སུ་མྱོང་འདྲའི་འཁོར་བ་ནས།།
ཞེན་ཆགས་སྦྲང་རྩིས་རྟག་ཏུ་མྱོས་པ་ལས།།
དལ་རྟེན་མི་དགེའི་གླིང་དུ་སྐྱུར་བྱེད་པའི།།
ཉམ་ཐག་འགྲོ་ལ་ཐུགས་རྗེའི་ཕྱག་ཡངས་རྐྱོངས།།

ལུས་ཀྱི་ཐོ་ཡོར་འགྲེང་བའི་བང་རིམ་ནས།།
རྣམ་ཤེས་བྱ་སྤུ་རླུང་གིས་ཁྱེར་བ་ཡི།།
བགྲང་ཡས་བར་དོའི་སེམས་ཅན་འདི་དག་ཀུན།།
ནུབ་ཕྱོགས་བདེ་ལྡན་ཞིང་གི་མགྲོན་དུ་བསུས།།

རྣམ་པར་གཡེང་བའི་འདབ་མ་རླབས་པོ་ཆེར།།
ལུས་སེམས་དལ་མེད་རྡེབ་པའི་གྲུ་ཁ་ནས།།
ཡད་ཡུད་མི་ཚེ་ཟད་པའི་སྐྱེ་བོ་རྣམས།།
འཆི་བ་དྲན་ཕྱིར་འདི་རུ་ཐེངས་གཅིག་ཤོག།

རྒན་དང་གཞོན་གྱི་དབྱེ་བ་མི་སྣང་ཞིང་།།
ན་དང་མི་ནའི་ཁྱད་པར་མེད་པ་རུ།།
ཀུན་ཀྱང་འཆི་བདག་དྲུང་དུ་བཅར་བའི་ཚེ།།
འདུས་བྱས་ཕུང་པོ་བྱ་ཁྱིའི་ཁ་ཟས་ཙམ།།

ཤི་དང་མ་ཤིའི་ས་མཚམས་ཀྱོང་བུ་ནས།།
དོན་མེད་ལས་ལ་རྒྱུན་དུ་བྲེལ་བ་ཡི།།
བདག་དང་བདག་འདྲའི་རྨོངས་པ་སྙིང་རུལ་དག།
མི་ཚེའི་འདུན་མ་དཀར་པོའི་དགེ་ལ་ཕྱོགས།།

ཉིན་ཞག་འདི་དང་དུས་ཚོད་འདི་ཙམ་ལ།།
མི་འཆིའི་གདེང་ཞིག་སུ་ལའང་མེད་པས་ན།།
རང་བློ་རང་ལ་དཀར་བའི་སྲབ་མདའ་ཡིས།།
བརྩོན་པའི་རྟ་མཆོག་རྣམ་དཀར་ལམ་དུ་བཀྲིས།།

གཅེས་པའི་ལུས་ཞེས་གང་ཞིམ་ཟས་ཀྱིས་གསོས།།
མཛེས་པའི་རྒྱན་གྱིས་རབ་ཏུ་སྤུད་ན་ཡང་།།
ཐ་མར་འཆི་བདག་དྲུང་དུ་ཉམ་ཐག་ངང་།།
ལུས་སེམས་སོ་སོར་གྱེས་ནས་འགྲོ་དུས་མཆི།།

དུར་བྱའི་མཆུ་རྩེར་གཡེང་བའི་ཤ་ཚིལ་དང་།།
སྟྭ་གྲིའི་སོ་ཁར་འཐག་པའི་རུས་གོང་ནི།།
སྐྱེ་བ་སྔ་མའི་ལུས་ཀྱི་འཕྲོ་ཡིན་ཡང་།།
རྣམ་ཤེས་འཁོར་བའི་རྟེན་དུ་ཅི་ལ་འོས།།

དེས་ན་སྒྱུ་མའི་ཟས་ཀྱིས་འགྲང་བ་དང་།།
རྨི་ལམ་ནོར་རྙེད་ལྟ་བུའི་སྤྲོ་སྣང་ཙམ།།
དོན་དམ་མི་ཚེའི་སྙིང་པོར་མི་རློམ་པར།།
རིག་པའི་འོད་སྣང་བསམ་བློའི་མཐིལ་དུ་སྟིམས།།

འདི་ན་ཚིག་ལ་སྙན་འཇེབས་མི་བདོག་ཀྱང་།།
དོན་དམ་དགེ་བར་བསྐུལ་བའི་ལྕག་འདེབས་སུ།།
རང་གིས་རང་ལ་དམིགས་ཏེ་བྲིས་པ་འདིས།།
སྐལ་བ་མཉམ་པ་གཞན་ལའང་སྨན་པར་སྲིད།།

ཅི་སྟེ་ལན་གཅིག་གཟིགས་པའི་དགེ་བ་ནི།།
སྙིང་ནས་མི་རྟག་དྲན་པའི་ཅོང་བརྡ་རུ།།
མིག་ཡིད་རྣ་བའི་ལམ་དུ་སོན་པ་ན།།
དེ་ཚེ་བདག་གི་བློ་ཁ་རྫོགས་པ་ཡིན།།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་ཤུལ་ནས་སྙན་ངག་གྱེར་བ།(ཞར་བཀོད་བཞི་ཡོད)

2017-05-21 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།


                            གནའ་ཤུལ་ནས་སྙན་ངག་གྱེར་བ། 

                                                     ___གཟའ་ཉི་མའི་ཉིན་ཁྲོ་ཕུ་དགོན་པར་ཕྱིན་པ།

ཁྲོ་ལོའི་ཞབས་རྗེས་རྒས་པའི་དགོན་ཤུལ་སྐྱ་བོས།།
སེམས་པ་སྡུག་ལ་སྦྱར་བའི་མནར་གཅོད་འོག་ནས།།
ཁྲོ་རུ་པཎ་ཆེན་དྲན་པའི་མཆི་མའི་ཐིགས་པས།།
དེ་རིང་སྙན་ངག་འདི་ཡང་ཟིན་ཐོར་བྲིས་ཡོད།།

བོང་བུའི་རྣ་ཅོག་འདྲ་བའི་གྱང་རོ་འདི་ཚོ།།
མི་རྟག་འཆི་བ་དྲན་པའི་སྐུལ་མ་འདྲ་ཡང་།།
ས་དང་རྡོ་བའི་གས་སྲུབ་རེ་རེའི་ནང་དུ།།
མེས་པོ་རྣམ་དཔྱོད་ཅན་ཚོའི་ལོ་རྒྱུས་སྦྲུམ་ཡོད།།

སྔར་ཞིག་འཕགས་བོད་ལོ་པཎ་གདན་འཛོམས་དུས་ཀྱི།།
གནས་དུས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་ཀོ།
མི་རྟག་སྲིན་མོའི་མཆེ་བས་འདི་ལྟར་གཙབ་པ།།
དྲན་ན་ཕངས་པའི་དབུགས་རིང་གཏིང་ནས་ཤོར་འགྲོ།།

ཡ་གིའི་རྩིག་ཤུལ་བསྟར་བའི་རྡོ་དྲེག་ཁྲོད་དུ།།
པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་ཆོས་ཉར་ཡོད།།
ཁམ་སྡོང་ཡལ་ག་རྒྱས་པའི་རྩ་བ་འདི་རུ།།
གྲུབ་ཆེན་བུདྡྷའི་མཚན་གྱི་བྱིན་རླབས་ལོས་བཞུཊ།།

རྡོ་དང་བོང་བ་ཞིག་པའི་ལྷག་མ་འདི་ཚོས།།
ས་པཎ་ཁུ་དབོན་བཞུཊ་པའི་གདན་ཁྲི་ཉར་འདུག།
རྩྭ་དང་ལྡུམ་བུའི་གསེབ་ཀྱི་ཕྱེ་ལེབ་དག་གིས།།
ཤོང་དཔང་ལོ་ཙཱ་བྱོན་པའི་གནའ་སྒྲུང་གསུང་གི།

ཡ་གིའི་བྲག་རི་བླ་ཆེན་གདན་དུ་བཞུགས་འདྲ།།
ཀུན་མཁྱེན་བུ་སྟོན་ཆེན་པོའི་འདྲ་སྐུ་ཡིན་ན།།
རྩེ་གཅིག་དད་པའི་བརྐྱངས་ཕྱག་གྱང་འགྱེལ་འདྲ་བོ།།
ཕྱོགས་མེད་རྒྱལ་ཁམས་པ་ངས་ཁྱོད་ལ་འབུལ་འདོད།།

དགོན་འདབས་གྲོང་གིས་བསྐོར་བའི་ཁྱིམ་པ་དག་ལ།།
ཁྲོ་ཕུའི་གདན་རབས་ངག་ནས་གྱེར་རྒྱུ་ཡོད་ན།།
སྙན་ཚིག་མེ་ཏོག་བཞད་པའི་བསྟོད་གླུའི་པོ་ཏི།།
གནའ་བོའི་དབྱངས་རྟར་བསྡེབས་ནས་ཁྱེད་ཚོར་འབུལ་ཆོག།

རྒྱང་རིང་ཡུལ་ནས་འོངས་པའི་སྨྱོན་པ་བདག་ལ།།
ཆོས་ཉིད་དུས་ཀྱི་རྒྱལ་མོས་གོ་སྐབས་སྤྲད་ན།།
ད་དུང་ཁྲོ་ཕུའི་གདན་རབས་གསར་དུ་འཚོལ་བའི།།
རྨི་ལམ་དར་ཐག་འདྲ་བོ་སེམས་ལ་ཉར་ཆོག།

                            བདེ་སྟོང་ཆང་གིས་མྱོས་པའི་སྨྱོན་པ།

                                                     ___འབྲུག་པ་ཀུན་ལེགས་བཞུགས་མྱོང་བའི་ཕག་རིའི་གསེར་དཔོན་ཚང་གི་ནང་རྙིང་པར་མཇལ་བ།

དུད་དྲེག་ཆགས་པའི་ཀ་གདུང་ལྕམ་དྲལ་དག།
ལོ་རྒྱུས་རྙིང་པ་རུམ་པའི་ཉལ་ཐུལ་བཞིན།།
ད་དུང་འདི་ནས་འགྱེལ་མ་བུབ་ཀྱི་ངང་།།
མི་རབས་གསར་པར་ཕྱི་མིག་གཟིཊ་བཞིན་མཆིས།།

ཕྱི་རུ་མཛེས་ཆོས་དབེན་པའི་གསོལ་སྒྱེད་འདིའི།།
ས་རྡོའི་གསེབ་ཏུ་གཟི་བྱིན་རྒྱས་པ་ཡི།།
འབྲུག་སྨྱོན་ཆང་གིས་བཟི་བའི་རྣམ་ཐར་འབུམ།།
གཟུགས་མེད་རི་མོའི་ཚུལ་དུ་ལོས་ཀྱང་འཁྱིལ།།

ཕྱག་ཏུ་མདའ་གཞུ་བསྣམས་པའི་ཤ་བ་རིས།།
ཉོན་མོངས་རི་དྭགས་མ་ལུས་རྔོན་བཞིན་དུ།།
སྐྱ་སེར་རིས་སུ་མེད་པའི་གདུལ་བྱ་ལ།།
འདི་ནས་གདམས་ངག་གླུ་ཡི་ཚུལ་དུ་བླངས།།

སྐལ་བ་དམན་པས་སྨྱོན་པར་མཐོང་བ་ཡི།།
གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཆང་ཆེན་དེའི།།
ཕེབས་ཤུལ་ཙམ་ལ་མཇལ་བའི་སྐལ་བཟང་འདིས།།
བདག་ཉིད་ལས་འཕྲོ་བཟང་པོའི་གྲས་སུ་རློམ།།

སྒོ་གསུམ་དད་ཅིང་འདུན་པའི་ལེགས་བྱས་རིས།།
སྙན་པའི་ཚིག་ཏུ་སྤེལ་བའི་རྣམ་དཀར་ཕྲེང་།།
ཐོས་མཐོང་མྱོང་བའི་སྐྱེ་བོ་གཞན་དག་ཀྱང་།།
བདེ་སྟོང་དགའ་བའི་ཉམས་ཀྱིས་མྱོས་པར་ཤོག།

                            མཐོ་སྒང་གི་དྲན་པ་རབ་རིབ།

                                                   ___དཀར་ལེབས་དགོན་ཤུལ་དུ་མཇལ་བ།

སྔར་ཞིག་གཞོན་ནུའི་ལང་ཚོ་སྨིན་པའི་དུས།།
དཀར་ལེབས་སུམ་རྟགས་ཞེས་པའི་ཡིག་འབྲུའི་བརྒྱུད།།
མཁས་མཆོག་པདྨ་རྡོ་རྗེའི་རྣམ་དཔྱོད་ལ།།
སེམས་ཀྱི་གཏིང་ནས་ཡིད་སྨོན་ཡང་ཡང་ཤོར།།

དེ་རིང་གངས་ཁྲོད་འགྲིམ་པའི་རྡོག་སྔུན་ནས།།
རྩིག་ཤུལ་སྤང་ལ་འབྱར་བའི་སྔོན་བྱུང་རིས།།
འདྲེན་བྱེད་ལམ་དུ་དངོས་སུ་མཐོང་བ་འདི།།
དཀར་དྲུང་རྒད་པོ་དྲན་པའི་རྡོ་རིང་འདྲ།།

འདི་ནས་ཤར་ནུབ་གནམ་མཐའི་ཁ་ཐག་རིང་།།
རྐང་འོག་ས་གཞི་སུམ་རྩེན་ཐེམ་སྐས་འདྲ།།
སྤྲིན་དཀར་ཤམ་བུ་ལྷབ་ལྷུབ་གཡོ་བ་ཡིས།།
མཐོ་སྒང་སྔར་ལས་མཛེས་པའི་ཚོར་སྣང་སྟེར།།

འོན་ཏང་དམ་པའི་སྐྱེས་ཆེན་བཞུད་ཤུལ་གྱི།།
ས་དང་རྡོ་བ་སྐམ་པོའི་གསེབ་འདི་རུ།།
ཤེས་རབ་བྱམས་བརྩེའི་དྲོད་ཁོལ་ལྷག་མ་ཞིག།
ཡོད་པར་རེ་ནས་གསོལ་བ་འདེབས་ལ་ཕྱོགས།།

སླད་མར་མི་རྟག་འཆི་བས་མ་གཙེས་ན།།
བགྲང་ཡས་མེས་པོའི་རྣམ་དཔྱོད་འོད་སྣང་ལ།།
ཡང་ཡང་བཏུང་བའི་བརྩོན་པ་མི་སློད་པར།།
ཤེས་བྱའི་རྒྱལ་ཁམས་འགྲིམ་ལ་གོམ་ཁ་བསྒྱུར།།

                             དུས་མཐའི་མི་ལ་རས་པ།

                                                     __མཁན་ཆེན་ཆོས་ཁྱབ་ཀྱི་གདན་སར་ཕྱིན་པའི་སེམས་ཚོར།

འཁྲུལ་སྣང་རྨི་ལམ་གྲོང་གི་འདུ་འཛིའི་ཁྲོད།།
དགའ་སྐྱོའི་སྙན་ངག་རི་མོར་འགྲེམ་པ་ལ།།
རྟོག་འགྱུའི་པིར་ཚོན་འཆང་བའི་གྱི་ན་བས།།
ཀུན་སྤངས་བླ་མའི་གདན་སའི་བྱིན་རླབས་གླེང་།།

ཕྱོགས་ཀྱི་རི་བོའི་མཛེས་པས་མགྲོན་རྣམས་བསུ།།
ནགས་ཚལ་བུ་མོའི་དབུ་ལོ་སྟུག་པོར་དཀྲིགས།།
སྣོད་བཅུད་བྱིན་ཆགས་ཡི་གར་འོང་བ་འདིས།།
དབེན་པའི་ཡོན་ཏན་མིག་ལ་བྱོ་འམ་སྙམ།།

མི་རྟག་སྲིན་མོས་འཁྱུད་པའི་གླིང་ཕྲན་ནས།།
གཏན་བདེའི་གོ་འཕང་ཡིད་ལ་སེམས་རྣམས་ཀྱིས།།
རིག་འཛིན་བླ་མའི་གདན་ས་མཇལ་བས་ཀྱང་།།
ངེས་པར་འབྱུང་བའི་བྱིན་རླབས་ཆར་དུ་འབེབས།།

ཕྱི་ལྟས་ཤིང་ཁང་གོགས་པོའི་སྤྱིལ་བུ་འདིས།།
ནང་བཅུད་བྱ་བྲལ་བླ་མའི་མཛད་པ་འབུམ།།
ད་དུང་མི་ཟད་གཏེར་དུ་རུམ་པས་ན།།
དད་པའི་ལྷ་ཕྱག་འདི་ནས་ཅིས་མི་འཚལ།།

ལྔ་བདོའི་མུན་པ་ཕྱོགས་སུ་དཀྲིགས་པ་ཡི།།
དུས་ཀྱི་འཚེ་བའི་སྦྲུལ་གདུག་འབུམ་སྐྲོད་པར།།
སྙིང་པོའི་བསྟན་པ་ཉིན་མོར་བྱེད་པའི་འོད།།
བཤད་སྒྲུབ་འཁོར་ལོས་འདེགས་པའི་བླ་མ་དྲན།།

ཆོས་བརྒྱད་འཇའ་ཚོན་རི་མོས་བསླུས་པ་ཡི།།
སྙིགས་མའི་ཆོས་གཟུགས་ཕལ་གྱིས་མི་འགྲན་པའི།།
ཉམས་རྟོགས་ཡོན་ཏན་འོད་དུ་འཚེར་བའི་མགོན།།
སྲིད་པའི་སྒྲོན་མེ་ཁྱོད་གཅིག་ཞིང་འདིའི་རྒྱན།།

འཁོར་འདས་རུ་ཤན་འབྱེད་པའི་མཚོན་རྣོན་པོས།།
ལས་ཉོན་དབྱིངས་སུ་བདས་པའི་ཕྲིན་ལས་འོད།།
སྲིད་དང་ཞི་བར་བརྡལ་བའི་ཟེགས་མའི་རིས།།
སྣང་སྟོང་གཉིས་སུ་མེད་ལ་དང་བས་འདུད།།

བདག་སོགས་འཁོར་བའི་གྲོང་དུ་འཕྱན་པ་ཡི།།
ཞེན་ཆགས་བདེན་པར་འཛིན་པའི་ཉེ་དུ་ཀུན།།
སྐུ་བཞིའི་ཡེ་ཤེས་ཀློང་དུ་རོ་གཅིག་པར།།
མངོན་འཚང་རྒྱ་བའི་བཀྲ་ཤིས་མངོན་འགྱུར་ཤོག།

                            མི་རྟག་པའི་སྣང་བརྙན།

                                                     _____བླ་རུང་དུར་ཁྲོད་ཆེན་མོར་ཕྱིན་པའི་མྱོང་ཟིན།

སྐྱེ་དང་འཆི་བའི་འཇིགས་པ་ལས་བརྒལ་ཞིང་།།
དགའ་དང་སྐྱོ་བའི་ས་མཚམས་མི་མངའ་བའི།།
རྟག་ཁྱབ་བདེ་བ་ཆེན་པོར་སྤྱོད་པའི་གནས།།
སྣོད་བཅུད་དག་པའི་ཞིང་དེའི་མགོན་ལ་འདུད།།

འོད་མཚན་སྟོང་འབར་མཁྱེན་བརྩེ་ཟློས་པའི་གར།།
ཕྱག་ན་པདྨོར་སྣང་བའི་གཟི་བྱིན་གྱིས།།
རིགས་དྲུག་བདེ་ཆེན་ཞིང་དུ་འདྲེན་མཛད་པའི།།
ཀྱེ་མ་གངས་རིའི་མགོན་ཁྱོད་ཡང་ཡང་དྲན།།

རྨི་ལམ་ཉམས་སུ་མྱོང་འདྲའི་འཁོར་བ་ནས།།
ཞེན་ཆགས་སྦྲང་རྩིས་རྟག་ཏུ་མྱོས་པ་ལས།།
དལ་རྟེན་མི་དགེའི་གླིང་དུ་སྐྱུར་བྱེད་པའི།།
ཉམ་ཐག་འགྲོ་ལ་ཐུགས་རྗེའི་ཕྱག་ཡངས་རྐྱོངས།།

ལུས་ཀྱི་ཐོ་ཡོར་འགྲེང་བའི་བང་རིམ་ནས།།
རྣམ་ཤེས་བྱ་སྤུ་རླུང་གིས་ཁྱེར་བ་ཡི།།
བགྲང་ཡས་བར་དོའི་སེམས་ཅན་འདི་དག་ཀུན།།
ནུབ་ཕྱོགས་བདེ་ལྡན་ཞིང་གི་མགྲོན་དུ་བསུས།།

རྣམ་པར་གཡེང་བའི་འདབ་མ་རླབས་པོ་ཆེར།།
ལུས་སེམས་དལ་མེད་རྡེབ་པའི་གྲུ་ཁ་ནས།།
ཡད་ཡུད་མི་ཚེ་ཟད་པའི་སྐྱེ་བོ་རྣམས།།
འཆི་བ་དྲན་ཕྱིར་འདི་རུ་ཐེངས་གཅིག་ཤོག།

རྒན་དང་གཞོན་གྱི་དབྱེ་བ་མི་སྣང་ཞིང་།།
ན་དང་མི་ནའི་ཁྱད་པར་མེད་པ་རུ།།
ཀུན་ཀྱང་འཆི་བདག་དྲུང་དུ་བཅར་བའི་ཚེ།།
འདུས་བྱས་ཕུང་པོ་བྱ་ཁྱིའི་ཁ་ཟས་ཙམ།།

ཤི་དང་མ་ཤིའི་ས་མཚམས་ཀྱོང་བུ་ནས།།
དོན་མེད་ལས་ལ་རྒྱུན་དུ་བྲེལ་བ་ཡི།།
བདག་དང་བདག་འདྲའི་རྨོངས་པ་སྙིང་རུལ་དག།
མི་ཚེའི་འདུན་མ་དཀར་པོའི་དགེ་ལ་ཕྱོགས།།

ཉིན་ཞག་འདི་དང་དུས་ཚོད་འདི་ཙམ་ལ།།
མི་འཆིའི་གདེང་ཞིག་སུ་ལའང་མེད་པས་ན།།
རང་བློ་རང་ལ་དཀར་བའི་སྲབ་མདའ་ཡིས།།
བརྩོན་པའི་རྟ་མཆོག་རྣམ་དཀར་ལམ་དུ་བཀྲིས།།

གཅེས་པའི་ལུས་ཞེས་གང་ཞིམ་ཟས་ཀྱིས་གསོས།།
མཛེས་པའི་རྒྱན་གྱིས་རབ་ཏུ་སྤུད་ན་ཡང་།།
ཐ་མར་འཆི་བདག་དྲུང་དུ་ཉམ་ཐག་ངང་།།
ལུས་སེམས་སོ་སོར་གྱེས་ནས་འགྲོ་དུས་མཆི།།

དུར་བྱའི་མཆུ་རྩེར་གཡེང་བའི་ཤ་ཚིལ་དང་།།
སྟྭ་གྲིའི་སོ་ཁར་འཐག་པའི་རུས་གོང་ནི།།
སྐྱེ་བ་སྔ་མའི་ལུས་ཀྱི་འཕྲོ་ཡིན་ཡང་།།
རྣམ་ཤེས་འཁོར་བའི་རྟེན་དུ་ཅི་ལ་འོས།།

དེས་ན་སྒྱུ་མའི་ཟས་ཀྱིས་འགྲང་བ་དང་།།
རྨི་ལམ་ནོར་རྙེད་ལྟ་བུའི་སྤྲོ་སྣང་ཙམ།།
དོན་དམ་མི་ཚེའི་སྙིང་པོར་མི་རློམ་པར།།
རིག་པའི་འོད་སྣང་བསམ་བློའི་མཐིལ་དུ་སྟིམས།།

འདི་ན་ཚིག་ལ་སྙན་འཇེབས་མི་བདོག་ཀྱང་།།
དོན་དམ་དགེ་བར་བསྐུལ་བའི་ལྕག་འདེབས་སུ།།
རང་གིས་རང་ལ་དམིགས་ཏེ་བྲིས་པ་འདིས།།
སྐལ་བ་མཉམ་པ་གཞན་ལའང་སྨན་པར་སྲིད།།

ཅི་སྟེ་ལན་གཅིག་གཟིགས་པའི་དགེ་བ་ནི།།
སྙིང་ནས་མི་རྟག་དྲན་པའི་ཅོང་བརྡ་རུ།།
མིག་ཡིད་རྣ་བའི་ལམ་དུ་སོན་པ་ན།།
དེ་ཚེ་བདག་གི་བློ་ཁ་རྫོགས་པ་ཡིན།།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།