བོད་ལྗོངས་མི་རིགས་སློབ་ཆེན་ནས༼ གངས་ལྷའི་རང་སྒྲ ༽ཞེས་པའི་རྩོད་གླེང་འགྲན་བསྡུར་བྱེད་སྒོ་སྤེལ་བ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པས་ཡུན་རིང་གྲ་སྒྲིག་དང་དེ་བཞིན་སྤུན་ཟླའི་བོད་ཡིག་སློབ་ཚོགས་ཁག་གི་ཤུགས་ཆེའི་རྒྱབ་བསྐྱོར་འོག༼ གངས་ལྷའི་རང་སྒྲ ༽ཞེས་པའི་རྩོད་གླེང་འགྲན་བསྡུར་གྱི་བྱེད་སྒོ་འདི་རང་སློབ་གྲྭའི་རིག་གཞུང་སྙན་ཞུ་ཁང་དུ་དངོས་སུ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་དེ་ནི་༼གངས་ལྷའི་རང་སྒྲ ༽ཞེས་པའི་བརྗོད་དོན་གཙོ་བོར་བཟུང་ནས་སྤེལ་བ་ཞིག་ཡིན་ལ་བྱེད་སྒོའི་ནང་བཞུགས་མཁན་སློབ་མ་སྟོང་ལ་ཉེ་བ་ཡོད། ངེད་ཚོགས་པས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་འདི་འདྲ་ཞིག་གཉེར་བའི་དམིགས་ཡུལ་གཙོ་ནི། གཅིག་ནས། གངས་ལྷའི་བརྩེ་སེམས་ཚོགས་པའི་རྣམ་ཀུན་གྱི་བྱེད་སྒོ་འདི་སྔར་བས་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་། གཉིས་ནས། ནང་སར་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་རིགས་སློབ་མ་རྣམས་ལ་བོད་ཡིག་གི་རྨང་གཞི་སྲ་བརྟན་དང་ཁྱོན་ཡོངས་ནས་བོད་སྐད་ཡིག་སྦྱོང་དགོས་པའི་སྐུལ་མ་གཏོང་ཆེད་ཡིན་པ། གསུམ་ནས། སྤྱི་ཚོགས་གསར་པའི་གཞོན་ནུའི་བསམ་བློའི་རིན་ཐང་ལྟ་བ་གོང་མཐོར་ཡོང་ཆེད་དེང་གི་སྤྱི་ཚོགས་སྟེང་གི་དངོས་ཡོད་གནས་ཚུལ་ཁག་ཅིག་རྩོད་གཞིར་བཟུང་ཏེ་བླང་དོར་གྱི་བྱ་བ་ལ་འཇུག་ལྡོག་གི་དགོས་པ་རྟོགས་པར་བྱེད་རྒྱུ་དམིགས་སུ་འཛིན་པ། དཔེར་ན། དཔལ་འབྱོར་དང་ཤེས་ཡོན་གཉིས་ལས་གང་གལ་ཆེ་བ་ལྟ་བུ། བཞི་ནས། སྲོལ་རྒྱུན་གྱི་ཤགས་འགྱེད་པ་དང་འབྲས་དཀར། གཏམ་བརྗོད་ཐུང་ངུ་། གླུ་གར་སོགས་འགྲན་བསྡུར་སྤེལ་ནས་རང་མི་རིགས་དམངས་ཁྲོད་སྒྱུ་རྩལ་དེ་ཕྱོགས་གཅིག་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དེ་བཞིན་ཕྱོགས་གཞན་ཞིག་ནས་རང་ནུས་གྱི་རྒྱུན་འཛིན་བྱེད་པ་དེའོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།