《ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཡིག་བརྒྱ་མ་ཉིང་བསྡུས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བགྱིས་པའི་《ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཡིག་བརྒྱ་མ་ཉིང་བསྡུས》ཞེས་པའི་དེབ་ཆུང་འདི་ནི་རྩོམ་པ་པོ་བཀྲ་བྷ་ལགས་ཀྱིས་གཙོ་སྒྲིག་མཛད་པའི་བསྒྱུར་དེབ་ཅིག་ཡིན་ལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2013ལོའི་རྩོམ་རིག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བསྒྱུར་བ་ཞིག་ཡིན།
དེབ་ཆུང་འདི་ཉིད་ཡིག་སྒྱུར་དང་དཔེ་སྐྲུན་ཐད་ནས་མཐུན་རྐྱེན་ལེགས་པོ་ཞིག་རེག་ཐུབ་པ་བྱུང་སྟེ། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི“ཆེད་ལས་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི”ལས་གཞིའི་ནང་དུ་ཚུད་དེ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པས་ན། དེབ་ཆུང་འདི་དཔེ་སྐྲུན་བྱེད་པ་ལ་དཀའ་ངལ་ཆེན་པོ་མ་བྱུང་།
དེབ་ཆུང་འདི་རུ་ཁྱོན་བསྡོམས་མིང་དུ་གྲགས་པའི་རྩོམ་པ་པོ་བཅོ་ལྔའི་སྒྲུང་གཏམ་ཡིག་བརྒྱ་མ་སུམ་ཅུ་སོ་ལྔ་བདམས་བསྒྱུར་བྱས་ཡོད་ཅིང་། ཐུན་མིན་གྱི་ཁྱད་ཆོས་ཤིག་མངའ་བ་ནི་རྩོམ་པ་པོ་དག་ནི་ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཏག་ཏག་ཡིན་ལ། བརྩམས་ཆོས་དག་ཀྱང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན། ད་དུང་ཁྱད་ཆོས་གཞན་ཞིག་མངའ་བ་ནི། དེབ་ནང་དུ་བཀོད་པའི་སྒྲུང་གཏམ་རེ་ལ་ཕྲན་དཔྱད་རེའང་ཡོད་པས། ཀློག་མཁན་གྱིས་སྒྲུང་གཏམ་བཀླགས་རྗེས་ཕྲན་དཔྱད་ལ་བལྟས་ན། བརྩམས་ཆོས་ཀྱི་བརྗོད་དོན་ལེགས་པར་རྟོགས་པ་ལ་ཕན་པ་ཤིན་ཏུ་ཆེ་བས་ཅིས་ཀྱང་ཀློག་རི་བ་ཞིག་ཡིན་ནོ།།
རྩོམ་པ་པོ་བཀྲ་བྷ་ལགས་ཀྱིས་བོད་ཀྱི་རྩོམ་རིག་སྔར་ལས་གོང་དུ་འཕེལ་ཞིང་འཛམ་གླིང་རྩོམ་རིག་གི་རྗེས་ཟིན་པར་འབད་དགོས་པའི་ཀུན་སློང་བཟང་བོ་སྔོན་དུ་སོང་སྟེ། དེང་གི་ན་གཞོན་རྩོམ་པ་པོ་རྣམས་ཀྱི་རྩོམ་གྱི་འཇོན་ཐང་ཇེ་མཐོར་གཏོང་བ་དང་། རྩོམ་པ་པོ་མང་པོ་ཞིག་གིས་འབྲི་དགོས་པ་དང་མི་དགོས་པ་ཐམས་ཅད་བརྩམས་ཆོས་སུ་དྲངས་ཏེ་བརྗོད་དོན་མཐར་ཐུག་པ་དེ་ཡིག་ཚོགས་ཀྱིས་བསྒྲིབས་འདུག་པའི་ནད་རིགས་དེ་དག་འཇོམས་པར་བྱེད་པའི་སྤྱི་ལ་ཁྱབ་པའི་དགེ་མཚན་གཅིག་དང་། དགེ་རྒན་ནི་ནམ་ཡང“འཆད་པ་པོ”དང་སློབ་མ་ནི་ནམ་ཡང“ཉན་པ་པོ”ཡིན་པའི་སློབ་ཁྲིད་བྱེད་སྟངས་དེ་ཅུང་ཟད་བསྒྱུར་ཏེ། སློབ་ཆེན་སློབ་མ་རྣམས་ལ་ལག་ལེན་གྱི་གོ་སྐབས་མང་པོ་བསྩལ་ཏེ་ལག་ལེན་བརྒྱུད་ནས་ལག་ལེན་གྱི་འཇོན་ཐང་ཇེ་མཐོར་གཏོང་བ། ལག་ལེན་གྱི་གྲུབ་འབྲས་སྤྱི་ཚོགས་སུ་བཀྲམ་ནས་ལག་ལེན་བྱེད་མཁན་ལ་རང་རློམ་དང་བརྩོན་སེམས་སྐྱེད་པ། ལག་ལེན་བྱེད་འདོད་ཀྱང་ཇི་ལྟར་ལག་ལེན་ལ་གཞུག་དགོས་པ་མི་ཤེས་པའི་སློབ་མ་གཞན་དག་ལ་བློ་བསྐྱེད་སྟེར་བའི་བྱེ་བྲག་གི་དགེ་མཚན་གཉིས་ལ་དམིགས་ཏེ་2013རིམ་པའི་དངོས་གཞི་སློབ་མ་རྣམས་ལ་སྒྲུང་གཏམ་རེ་བཀོད་སྒྲིག་བྱས་ནས་ཡིག་སྒྱུར་བྱེད་དུ་བཅུག་པས། སློབ་གྲྭ་ཆེན་མོས་སློབ་མ་འཇོན་ཐང་ཅན་བསྐྱེད་སྲིང་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་ཡོད།
ཡིག་སྒྱུར་གྱི་གོ་རིམ་ཁྲོད་སློབ་མ་རྣམས་ཡིག་སྐྱོན་དང་ཚིག་སྐྱོན། སྒྱུར་སྐྱོན་དང་ཚིག་རྟགས་འདྲེན་ལུགས་ལ་སོགས་པའི་ཐད་དུ་དཀའ་ཁག་མང་པོ་ཞིག་ལ་འཕྲད་ནའང་། ཁོ་ཚོས་དཀའ་བ་ཐམས་ཅད་ཁྱད་དུ་བསད་དེ་སློབ་སྦྱོང་གི་རྣམ་འགྱུར་ཡག་པོ་དང་ཀུན་སློང་རྣམ་དག་གི་སྒོ་ནས་ཡིག་སྒྱུར་གྱི་ལས་བྱ་དེ་རེ་ཞིག་ལེགས་པར་འགྲུབ་མོད། འགྱུར་ཡིག་ལ་ཞུ་དག་མཛད་པའི་ལས་ཀ་དེ་རྒན་བཀྲ་བྷ་གཅིག་པུས་རྫོགས་པར་སྒྲུབ་མ་ནུས་པས། ན་གཞོན་རྩོམ་པ་པོ་ལྷ་བྱམས་རྒྱལ་དང་། ཨ་སྐྱབས་དར་རྒྱས། ཚེ་དབང་རྣམ་རྒྱལ། འཁྱམ་རུ་གནམ་ལྷ་རྒྱལ་བཅས་ཀྱི་རོགས་དང་རམ་འདེགས་ལ་བརྟེན་ནས། ཞུ་དག་གི་ལས་ཀ་ཡང་ཡོངས་སུ་རྫོགས་ཐུབ་པ་བྱུང་བས། 《ནོ་བྷེར་མ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཡིག་བརྒྱ་མ་ཉིང་བསྡུས》ཞེས་པའི་དེབ་ཆུང་འདི་ཀློག་མཁན་རྣམས་ལ་སྐྱེས་སུ་འབུལ་བའི་ཆ་རྐྱེན་ལྡན་པར་གྱུར།
དཔྱོད་ལྡན་སློབ་བུ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ 《ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཡིག་བརྒྱ་མ་ཉིང་བསྡུས》ཞེས་པའི་དེབ་ཆུང་འདི་ཉིད་བདེ་བླག་ངང་ཡོངས་སུ་ལེགས་འགྲུབ་བྱུང་བས། འདི་ཉིད་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སེམས་ཀྱི་བདུད་རྩི་རུ་འགྱུར་བ་དང་། སྒོས་སུ་སྒྲུང་གཏམ་གསར་རྩོམ་གྱི་ལས་དང་པོ་བ་རྣམས་ཀྱི་དགེ་རྒན་བཟང་བོ་ཞིག་ཏུ་འགྱུར་བར་སྨོན་ལམ་འདེབས་པའི་ཞོར་དུ། བོད་ཀྱི་རྩོམ་རིག་གི་ནམ་མཁའ་ནི་སྔར་བས་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བ་དང་། འཕྲིན་ལས་ནི་སྔར་བས་ཇེ་རྒྱས་ནས་ཇེ་རྒྱས་སུ་འགྲོ་བའི་སྨོན་ལམ་འདེབས།
《ནོ་བྷེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་སྒྲུང་གཏམ་ཡིག་བརྒྱ་མ་ཉིང་བསྡུས》ཡིག་སྒྱུར་ཚན་ཆུང་གི་མཉམ་པར།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།