ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༥
ལྔ།
བདུན་ཕྲག་གཅིག་མ་འགོར་བར་ཨ་ཁུ་དབང་ལོ་དངོས་སུ་ཆང་དེམ་དང་ཁ་བཏགས་ལག་ཏུ་བསྣམས་ནས་ཨ་ནེ་བཀྲ་ཁོ་ཚང་ལ་ཚེ་སྐྱིད་གཉེན་སློང་དུ་ཐོན་བྱུང་།
སྤྱིར་ན་ཚང་མ་སྡེ་བ་གཅིག་གི་མི་ཡིན་པས་ཕན་ཚུན་སུ་ཚང་ལ་འགྲོ་ན་ཡང་ཁྱིམ་མཚེས་ཚང་ལ་འགྲོ་བ་ལྟར་གཞིས་མགྲོན་གྱི་ཁྱད་པར་མེད་པར་ཕན་ཚུན་འདྲ་མཉམ་ངང་འགྲོ་འདུག་དང་བཟའ་བཏུང་ལ་སྤྱོད་པར་བྱེད་ན་ཡང་། དེ་རིང་ཨ་ཁུ་དབང་ལོ་ནི་ཁྱིམ་འདིའི་མགྲོན་པོ་གལ་ཆེན་གྱི་ཚུལ་དུ་ཚ་ཐབ་སྟེང་གི་ཡར་ཕུག་ཏུ་བསྡད་ནས་གཏམ་རིང་བོ་བཤད་ཀྱིན་འདུག ཁོས་ཐོག་མར་ཁོང་ཚང་གི་མི་རྒྱུད་ཀྱི་བྱུང་ཚུལ་དང་ཕ་མེས་ཀྱི་མཛངས་རབས། རུས་པའི་མཐོ་ཚད། བུ་དོན་གྲུབ་ཀྱི་ད་ལྟའི་གནས་ཚུལ་སོགས་ཆེ་བསྟོད་ཀྱི་ཚུལ་དུ་བརྗོད་པ་དང་། སླར་ཡང་ཨ་ནེ་བཀྲ་ཁོ་ཚང་གི་མི་རྒྱུད་ཀྱི་བྱུང་ཚུལ་དང་ཕ་མེས་ཀྱི་མཛངས་རབས། ཤ་རུས་ཀྱི་ལྷད་མེད་སོགས་དང་། ལྷག་པར་དུ་ཨ་ནེ་བཀྲ་ཁོའི་ཁྱོ་ཀ་འདས་པོ་དང་ཁོང་གཉིས་ཀྱི་ཆུང་འདྲིས་ཆེ་ལོབས་ཀྱི་རྒྱུ་མཚན་མང་པོ་བཤད་རྗེས། མཇུག་མཐར་མདོར་བསྡུས་ཀྱི་ཚུལ་དུ་བཤད་རྒྱུར། “ངས་ཁེ་སྔོན་བཤད་པ་ལྟར་ཡིན། སྤྱིར་ན་བུ་མོ་ཚེ་སྐྱིད་ཀྱང་རང་ཉིད་ཀྱི་བུ་མོ་དང་ཁྱད་མེད་ཀྱང་ད་དུང་ཡུལ་ནས་འདི་ལྟར་བསྡད་འདུག བུ་མོ་འགྲོ་ས་གནས་ཡུལ་དང་བན་དེ་འགྲོ་ས་ཆོས་ཡུལ་ཡིན་པས། ད་ཐེངས་ཅིས་ཀྱང་ངེད་ཚང་ལ་མནའ་མར་སྟེར་དགོས། དོན་འདིར་ཨ་ནེ་བཀྲ་ཁོ་ཁྱོད་ཀྱིས་མི་འཐད་ཀྱང་ཟེར་མི་ཆོག་”ཟེར་ནས་ཨུ་ཚུགས་ཀྱི་སྐད་ཆ་བཤད་བྱུང་།
ཚེ་སྐྱིད་ནི་ཅུང་ངོ་གནོང་བའི་ཉམས་ཀྱིས་ཁོང་གཉིས་ཀྱི་གན་དུ་འདུག་མ་བདེ་བར་དེ་མུར་ཁང་བའི་སྒོར་བུད་ཅིང་། ཕྱི་རོལ་གྱི་ཁྱམས་འོག་ཏུ་ཙོག་པུར་བསྡད་ནས་ནང་རོལ་གྱི་ཁ་བརྡར་ཉན་བཞིན་ངོ་མདངས་དམར་བོར་གྱུར་འདུག་ལ། ཉིན་འདིར་སྐྱ་བྷོ་ཡང་ཕྱི་རོལ་ཏུ་མ་སོང་བར་ཁོ་མོའི་ཕ་རོལ་གྱི་ལྷས་དཀྱིལ་དུ་སོ་ཕག་གི་རྩེད་ར་བསྒྲིགས་ནས་རྩེས་ཀྱིན་འདུག
ཨ་ནེ་བཀྲ་ཁོས་རེ་ཞིག་ཅི་ཡང་མི་ཟེར་བར་མོ་རང་ཉིད་ཀྱིས་མགྲོན་པོ་གལ་ཆེན་འདི་ལ་ཇ་འདྲེན་ཟས་འདྲེན་བྱས་པ་དང་། དེ་ནས་ལོ་དུ་མར་སྒམ་ནང་དུ་བསྡུས་ཡོད་པའི་ཧུའུ་ཀྲུའུ་རྟགས་ཅན་གྱི་ཆང་དམ་བི་གང་དེ་ཁྱེར་ཡོང་ནས། “ཁྱོད་ཀྱིས་ཆང་འཐུང་གིན་ཨེ་ཡོད་”ཅེས་དྲིས་པ་ན། ཨ་ཁུ་དབང་ལོའི་ངོ་མདངས་དེ་མུར་སྐྱ་སེང་ངེར་གྱུར་ཏེ། “དུས་རྒྱུན་འཐུང་གིན་མེད་མོད་དེ་རིང་འཐུང་རྒྱུ་ཡིན་”ཟེར་ནས་ཆང་དེམ་དང་ཆང་ཕོར་ཕར་བླངས་ནས་རང་ཉིད་ཀྱིས་བླུགས་ནས་མཆོད་ཁ་འཕངས་བྱུང་།
ཨ་ནེ་བཀྲ་ཁོ་ཡང་གཞི་ནས་ཚ་ཐབ་ཀྱི་འདབས་ཤིག་ཏུ་ཙོག་པུར་བསྡད་ནས་ན་རེ། “འོ་ལོས། ཚེ་སྐྱིད་ཀྱང་ད་ནི་གནས་ལ་འགྲོ་རན་པའི་མི་ཚད་འཕྱི་བའི་ཚད་རེད་མོད། ད་བར་དུ་སྐྱ་བྷོ་དང་ངེད་གཉིས་བསྐྱུར་མ་ཕོད་པར་གནས་ལ་མ་སོང་བ་ཚང་མས་ཤེས་གསལ་ལྟར་རེད། ད་ནི་གང་ལྟར་ཡང་གནས་ལ་འགྲོ་དགོས་པ་རེད་མོད། རེད་ཡ། ད་ལྟ་དོན་གྲུབ་ལོ་དུ་རེད་”ཅེས་དྲིས།
ཨ་ཁུ་དབང་ལོ་ཅུང་དོགས་མི་བདེ་བར་གྱུར་ཏེ་ཅུང་ཙམ་ལ་འདང་ཞིག་རྒྱག་ཁུལ་བྱས་ནས། “སུམ་ཅུ་སོ་བཞི་རེད། འོན་ཀྱང་བཟའ་ཚང་འགྲིག་ན་ཕན་ཚུན་བར་དུ་ལོ་འགའ་ཡོད་པས་སྐྱོན་ཅི་ཡང་ཡོད་མི་སྲིད། གནམ་མཚོ་དང་ངེད་གཉིས་ཀྱི་བར་དུ་འང་ལོ་བཅུ་རྒྱུགས་པ་རེད་”ཟེར།
ཨ་ནེ་བཀྲ་ཁོ་ཡང་ཅུང་འཚབ་འཚུབ་ཏུ་གྱུར་སོང་། མྱུར་དུ་ཁོའི་ཁ་རྗེས་ཉུལ་ཏེ། “ལོ་འགའ་རྒྱུགས་པས་སྐྱོན་འདུག་ཟེར་བ་ཅི་ལ་ཡིན། གཙོ་བོ་རྒྱུན་དུ་ཁྱོ་ཀ་གན་དུ་བསྡད་ནས་ག་ཁྲིད་འདི་ཁྲིད་བྱེད་དགོས་པ་རེད། དེ་མ་གཏོགས་ད་ལྟ་བཟའ་ཚང་བར་ལ་དབྱེན་དཀྲུག་བྱེད་མཁན་ཡང་མང་པོ་ཡོད་པ་རེད། དེ་ཨེ་རེད་”ཟེར།
“དེ་ཅི་ལ་མིན། ”ཨ་ཁུ་དབང་ལོས་དེ་མུར་ཧ་ཅང་ཚིག་ཐག་ཆོད་པོའི་ངང་། “མོ་རང་ཉིད་མཁར་གྲོང་ནས་འདུག་འདོད་ན་མཁར་གྲོང་ནས་འདུག་ཏུ་འཇུག་ངེས། མཁར་གྲོང་ནས་མི་ལོབས་ན་ཡུལ་ནས་འདུག་ཏུ་འཇུག་ངེས། དེ་ལ་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས་པར་ང་རང་ད་དུང་གསོན་པོར་གནས་ཡོད་པ་འདི་རེད་”ཟེར།
ཕྱི་རོལ་ན་ཡོད་པའི་ཚེ་སྐྱིད་ཀྱིས་སྐད་ཆ་དེ་ཐོས་འཕྲལ་སེམས་ལ། “གྲོང་ཁྱེར་ནས་མི་འདུག་པར་ལུང་གོག་སྐམ་པོ་འདིར་འདུག་མཁན་སུ་ཞིག་ཡོད་དམ་”སྙམ་བཞིན་ཨ་མས་ལན་ཅི་ཞིག་བཏབ་འགྲོ་ལ་སེམས་ཁྲལ་བྱེད་བཞིན་མུ་མཐུད་དུ་རྣ་བ་བླགས་ནས་ཉན་ཏེ་བསྡད།
ཅུང་ཙམ་ནས་ཨ་ནེ་བཀྲ་ཁོས་སླར་ཡང་ཤུགས་རིང་ཞིག་འཐེན་ནས་ན་རེ། “འོ་ན་དེ་བྱོས། ཁྱོད་ཀྱིས་འདི་ལྟར་ཨུ་ཚུགས་བྱེད་ན་ཁྱོད་ཀྱི་འདོད་ཐོག་ལ་ལོས་འཇོག དོན་གྲུབ་ཀྱང་མི་བཟང་ཡིན་པ་ངས་ལོས་ཤེས། བུ་མོ་འདིས་ད་བར་དུ་ཡུལ་དུ་བསྡད་ནས་སྡུག་གང་མང་མྱངས་པ་རེད། ད་ནི་སྐྱིད་ཅིག་རྒྱག་ན་ཡང་རྒྱག་པའི་དུས་ལ་སླེབས་ཡོད་”ཟེར་ནས་ངུ་སྐད་ཅིག་ཕྱུངས་སོང་བས། ཚེ་སྐྱིད་ཀྱི་སེམས་ལ་ཡང་དེ་འཕྲལ་སྐྱོ་ཤས་ཚད་མེད་ཅིག་སྐྱེས་ཏེ་མུ་མཐུད་དུ་ཉན་མ་བཟོད་པར་ལྷས་དཀྱིལ་ནས་ཆུ་ཟོ་བླངས་ཏེ་མིག་ཆུ་འབྱིད་བཞིན་དུ་རྒྱ་སྒོའི་ཕྱི་རོལ་ཏུ་བུད་སོང་།
ཚེ་སྐྱིད་གྲམ་གཞུང་དུ་ཕྱིན་ནས་ཆུ་འཆུ་བཞིན་པའི་སྐབས་སུ་ཁོ་མོ་དང་ཕ་མ་མིང་སྲིང་ཡིན་པའི་ཨ་ཁུ་རྒྱ་མཚོ་ཚང་གི་བུ་མོ་ལྷ་མོ་ཚེ་རིང་ཡང་ཆུ་ལེན་དུ་ཐོན་བྱུང་། ཚེ་སྐྱིད་ཀྱིས་ནམ་རྒྱུན་ཁོ་མོར་ཨ་ཅེ་ཞེས་འབོད་ཅིང་ཁོ་མོ་ནི་རང་ཉིད་ཀྱི་གཉེན་ཉེ་ཡིན་པས་ཧ་ཅང་དུངས་དུངས་བྱེད་ཀྱིན་ཡོད་། ལྷ་མོ་ཚེ་རིང་ཡང་དུས་རྒྱུན་དུ་ཚེ་སྐྱིད་ལ་ཧ་ཅང་བཟང་ན་ཡང་མི་གཞན་གྱིས་ཚེ་སྐྱིད་བཟང་རབས་ཡག་རབས་བཤད་ཚེ་དེ་འཕྲལ་མི་དགའ་བར་ཕྲག་དོག་བྱེད་མཁན་ཞིག་ཡིན།
ལྷ་མོ་ཚེ་རིང་ཁོ་མོའི་གན་དུ་ཐོན་མ་ཐག་སྐད་མགོ་མཐོན་པོས། “ཨ་ཙི། ཁྱོད་ནམ་རྒྱུན་ཆུ་ལེན་དུ་ཡོང་དུས་ཧ་ཅང་འཕྱི་བོ་ཡིན་ཡང་དེ་རིང་འདི་འདྲ་སྔ་དོན་ཅི་ཡིན་”ཞེས་དྲིས་བྱུང་།
ངོ་མ་ལོ་དུ་མའི་རིང་ལ་ཁོ་མོས་སྡེ་བའི་ཁ་ཡ་ན་ཟླ་མང་པོའི་ཁྲོད་ནས་མགོ་འདེགས་མ་ཕོད་པར་ཆུ་ལེན་དུ་ཡོང་དུས་ཀྱང་བསྒུགས་ཏེ་ཆུ་ལེན་མ་དག་གིས་ཆུ་བླངས་ཚར་མཚམས་གཞི་ནས་རང་ཉིད་གཅིག་པུ་གྲམ་གཞུང་འདིར་ཡོང་སྟེ་ཆུ་བླངས་པ་མ་ཡིན་ནམ། འོན་ཀྱང་ཉི་མ་དེ་རིང་ནས་བཟུང་ཁོ་མོ་ཡང་ཡུན་རིང་གི་ཁེར་རྐྱང་དང་བྲལ་ནས་གནས་འགྲོ་བུ་མོ་གཞན་དག་དང་འདྲ་བར་ན་མཉམ་བུ་མོ་ཚོའི་གྲས་ནས་ང་རྒྱལ་གྱིས་སོང་ན་ཅིས་མི་ཆོག ཚེ་སྐྱིད་དགོད་བཞིན་དུ་“ཅི་རེད། ང་རང་ཁྱོད་ཀྱི་སྔོན་ལ་ཡོང་མི་ཆོག་པ་རེད་དམ། ཁྱོད་རང་འཇོན་མ་བྱེད་འདོད་ན་ང་རང་ཡང་འཇོན་མ་བྱེད་འདོད་”ཅེས་བཤད།
ལྷ་མོ་ཚེ་རིང་ཡང་འགྲམ་དུ་ཙོག་ནས་ཆུ་འཆུ་བཞིན་དུ། “དེ་ལོས་ཡིན། ངས་ནི་དེ་རིང་ཁྱོད་ལ་མགྲོན་པོ་གལ་ཆེན་ཞིག་སླེབས་བྱུང་བ་ཨེ་ཡིན་སྙམ་པ་ཡིན། རེད་ཡ། དེ་རིང་ཨ་ཁུ་དབང་ལོས་ཇ་ཞིག་ཁྱེར་ནས་ཁྱོད་ཚང་ལ་བུད་སོང་བ་ཅི་རེད། ཁྱོད་ཚང་གིས་རིམ་གྲོ་འདྲ་སྒྲུབ་ཀྱིན་པ་མིན་ནམ་”ཟེར།
ཚེ་སྐྱིད་ཀྱི་ངོ་མདངས་དེ་མུར་དམར་བོར་གྱུར་ཅིང་མགོ་བོ་དུད་ནས། “ཁོ་གཉེན་སློང་དུ་ཡོང་རེད་”ཅེས་སྐད་དམའ་མོས་བཤད།
ལྷ་མོ་ཚེ་རིང་གིས་ཁོ་མོའི་སྐད་ཆའི་ཧ་ཅི་ཡང་མ་གོ་བར་མིག་ཅེར་ཏེ། “སུ་ཞིག་གཉེན་བསླངས་པ་རེད། སུ་ཚང་ལ་་་”ཞེས་དྲིས་བྱུང་།
ཚེ་སྐྱིད་ཀྱི་ངོ་མདངས་སྔར་བས་ཀྱང་དམར་བོར་གྱུར་ཏེ་ཁ་སྐྱེངས་པའི་ཟོལ་གྱིས་ཅུང་ཐོགས་པའི་ངང་“ང་་་དང་་་་ཁོང་ཚང་གི་་་་་་་དོན་གྲུབ་ལ་་་་་་་་”ཅེས་ཟེར་བ་ལས་ཚིག་མཇུག་ངག་ནས་མི་འཁྲོལ་བར་གྱུར།
ལྷ་མོ་ཚེ་རིང་གི་ངོ་མདངས་དེ་མུར་འགྱུར་སོང་། ཁོ་མོ་ཧ་ཅང་ཡིད་མི་ཆེས་པ་ལྟར། “དོན་གྲུབ་ནི་ཁྱོད་དང་བསྡུར་ན་རྒན་པོ་ཞིག་མིན་ནམ། ཁྱོད་་་་ཁོའི་ཆུང་མ་བྱེད་རྒྱུ་ཡིན་ནམ་”ཞེས་ཧ་ཅང་ནན་ཏན་ངང་དྲིས་བྱུང་། སྐབས་དེའི་ཁོ་མོའི་རྣམ་འགྱུར་ནི་བྱིས་པ་ཞིག་ལ་ཕ་མས་བཀའ་བཀྱོན་གནང་གིན་པའི་ངང་ཚུལ་དང་ཧ་ཅང་མཚུངས།
ཚེ་སྐྱིད་ཀྱིས་འཛུམ་ཤིག་ཤིག་ངང་མགོ་ནང་དུ་ལྡེམ་ཙམ་བྱས།
ལྷ་མོ་ཚེ་རིང་གིས་མུ་མཐུད་དུ་མང་པོ་བཤད་མ་བྱུང་། ཧ་ཅང་མ་དགའ་བའི་ངང་“ཁྱོད་ནི་ངོ་མ་གོ་བ་མེད་པའི་བླུན་མོ་ཞིག་རེད་”ཅེས་བཤད་རྗེས་ཁྲོ་རྩུབ་ངང་མྱུར་མོར་ཆུ་བཅུས་ཏེ་ཟོ་ཁ་གང་ཐབས་བྱས་འཕྲལ་རྒྱབ་ཏུ་ཁུར་ནས་སྔོན་ལ་བྲེལ་བྲེལ་ངང་བུད་སོང་།
ཚེ་སྐྱིད་དོན་གྲུབ་ཀྱི་ཆུང་མར་གཉེན་བསླངས་པའི་དོན་དེ་ཕྱི་ཉིན་ནས་བཟུང་སྡེ་བའི་ནང་དུ་ཁྱབ་བྱུང་ལ། མི་ཚང་མས་ཧ་ལས་དང་ཡ་མཚན་གྱི་རྣམ་འགྱུར་སྣ་ཚོགས་བསྟན་ནས་འདི་ནི་དོན་དངོས་ཡིན་པར་ད་དུང་ཡིད་ཆེས་བྱེད་མི་ཕོད་པ་ལྟར་ཕན་ཚུན་ལ་འདྲི་བ་དང་གླེང་བར་བྱེད། ཚང་མས་དེ་ལྟ་བུའི་རྣམ་འགྱུར་སྟོན་དོན་ནི་ཚེ་སྐྱིད་ཀྱི་ལག་ལ་ཁྱོ་ཀ་དེ་འདྲའི་ལེགས་པོ་ཞིག་ཐོབ་པར་ཡིད་དགའ་བས་ཡིད་ཆེས་བྱེད་མ་ཕོད་པ་མ་ཡིན་པར། དེ་ལས་ལྡོག་སྟེ་དོན་གྲུབ་ལྟ་བུའི་ལས་བྱེད་པ་དཔོན་པོ་ཞིག་གིས་ཚེ་སྐྱིད་འདྲ་བའི་བུ་མོ་ཐ་ཤལ་ཞིག་ཆུང་མར་བླངས་པར་ཡིད་མ་ཁེངས་པར་ཕྲག་དོག་བྱེད་ཀྱིན་པ་དེ་རེད། ཐ་ན་ཚེ་སྐྱིད་དང་ཕ་མ་མིང་སྲིང་ཡིན་ཞིང་དེ་སྔོན་དོན་གྲུབ་ཀྱི་ཆུང་མར་འགྱུར་ཨེ་ཐུབ་ལ་རེ་སྨོན་བྱེད་མྱོང་བའི་ཨ་ཁུ་རྒྱ་མཚོ་ཚང་གི་ལྷ་མོ་ཚེ་རིང་ཡང་དངོས་སུ་ཨ་ཁུ་དབང་ལོའི་ཆུང་མ་ཨ་ནེ་གནམ་མཚོའི་གན་དུ་སོང་སྟེ་ཕྲ་མ་གཏོང་བའི་ཚིག་གིས། “ཁྱོད་ཚང་སྨྱོས་ཡོད་པ་མིན་ནམ། དོན་གྲུབ་ལ་ནི་ཆུང་མ་ལས་བྱེད་པ་ཞིག་ལེན་མི་ཐུབ་ན་ཡང་ཚེ་སྐྱིད་ལྟ་བུའི་གཞུག་ཁྲིད་ཅན་ཞིག་ལེན་སྲོལ་ཡོད་དམ་”ཞེས་བཤད།
ཨ་ཁུ་དབང་ལོ་ཚང་ལ་བཟའ་མི་བཞི་ཡོད་ཅིང་། དེ་ནི་ཨ་ཁུ་དབང་ལོ་དང་ཁོའི་ཆུང་མ་ཨ་ནེ་གནམ་མཚོ། བུ་དོན་གྲུབ་དང་བུ་མོ་དབང་མོ་སྒྲོལ་མ་བཅས་བཞི་རེད། དོན་ངོ་མར་དོན་གྲུབ་ལ་ཆུང་མ་ཚེ་སྐྱིད་ལེན་རྒྱུ་ནི་ཨ་ཁུ་དབང་ལོའི་འཆར་གཞི་ཡིན་པ་མ་གཏོགས་ཨ་ནེ་གནམ་མཚོ་ནི་མནའ་མ་འདི་ལེན་པར་གཏན་ནས་འཐད་ཀྱིན་མེད་པ་རེད། དགོང་མོ་དེར་ཨ་ཁུ་དབང་ལོ་ཡུལ་ཚོའི་སྲིད་གཞུང་ནས་ཕྱིར་ཁྱིམ་ནང་དུ་ཐོན་རྗེས་ཁོ་མོར་ཨ་ནེ་བཀྲ་ཁོའི་བུ་མོ་ཚེ་སྐྱིད་ནི་ཧ་ཅང་ཡག་མ་ཞིག་ཡོད་ཚུལ་དང་འུ་ཚང་གི་དོན་ཁོའི་ཆུང་མར་འོས་ཚུལ་བཤད་དུས། དང་ཐོག་ཨ་ནེ་གནམ་མཚོས་ཀྱང་ཁོས་ཀུ་རེ་རྩེ་ཡིན་འདུག་སྙམ་ནས་ཅུང་མ་འཐད་པར་“བུ་མོ་ཡག་མ་ཡོད་པས་ཅི་ཕན། གཙོ་བོ་བཟང་མོ་ཡིན་དགོས་པ་རེད། ཁོ་མོ་མནའ་མར་བླངས་ཚེ་ནམ་ཞིག་གི་ཚེ་ན་གང་ཞིག་ལ་བྲོས་སོང་བ་ཡང་ཤེས་རྒྱུ་མ་རེད་”ཟེར་ནས་ཧབ་དགོད་ཅིག་བྱས་སོང་། ཨ་ཁུ་དབང་ལོས་མུ་མཐུད་དུ་འདང་རྒྱག་བཞིན་དུ། “དེ་དུས་ཁོ་མོ་ཡང་བྱིས་པར་གྱུར་བ་རེད། དོན་ངོ་མར་ང་ཚོ་ཡང་ད་བར་དུ་ལྷན་དུ་བསྡད་པ་ཡིན་པས་མི་ཤེས་རྒྱུ་ཅི་ཡོད་དམ། ཁྱིམ་ཚང་གན་གྱི་ལས་ཀ་ཡོད་ཚད་ཁོ་མོ་གཅིག་པུས་ལས་ཀྱིན་པ་མ་རེད་དམ་”ཞེས་བཤད་པ་ན། ཨ་ནེ་གནམ་མཚོས་ཀྱང་ཁོས་དངོས་གནས་བཤད་ཀྱིན་པ་ཤེས་ཏེ་དེ་མ་ཐག་ཏུ་ངོ་མདངས་འགྱུར་སོང་། “ཁོ་མོ་མནའ་མར་ལེན་ནའང་ངའི་གན་དུ་འདུག་མི་དགོས། གལ་ཏེ་ཁོ་མོ་ཁྱིམ་འདིར་ཡོང་དུ་བཅུག་ཚེ་ང་རང་ཁྱིམ་འདི་ནས་མི་འདུག་ཁོ་ཐག་ཡིན། ང་ནི་སེམས་ཅན་ཐམས་ཅད་ལ་ངོ་ཚ་ཡི་འདུག་”ཅེས་ཟེར། ཨ་ཁུ་དབང་ལོ་ཡང་ཨུ་ཚུགས་ཆེན་པོ་ཞིག་ཡོད་པས་དེ་མ་ཐག་ཏུ་ཁོང་ཁྲོ་ལངས་ཏེ། “ཁྱོད་ལ་ཆུང་མ་ལེན་གྱིན་པ་མ་ཡིན་པས་ཁྱོད་ངོ་ཚ་དོན་ཅི་འདུག གལ་ཏེ་རྒན་མོ་བཀྲ་ཁོ་ཡིད་འཐད་ཡིན་ཚེ་གཉེན་ཐག་འདི་ངས་བཅད་པ་ཡིན་”ཟེར་བས་ཨ་ནེ་གནམ་མཚོ་ཡང་སྐྲག་སྟེ་ཁ་རོག་གེར་སྡོད་དགོས་བྱུང་། བུ་མོ་དབང་མོ་སྒྲོལ་མས་ཕ་མ་གཉིས་ཀ་དོན་འདིའི་སྟེང་ནས་འཁོན་དོན་མི་འདུག་སྙམ་ནས། “འོན་ཀྱང་ཕུ་བོ་དོན་གྲུབ་ཡིད་འཐད་ཡིན་མིན་སུས་ཤེས་”ཟེར་བར། ཨ་ཁུ་དབང་ལོས་མ་སྨད་གཉིས་ཀས་ཁོ་ལ་ངོ་རྒོལ་བྱེད་ཀྱིན་འདུག་སྙམ་སྟེ་ཚིག་པ་ཟོས་ཏེ། “ཁྱོད་རང་ཉིད་ལ་ཡང་ཁྱོ་ག་ཅི་འདྲ་ཞིག་ཁེལ་ངེས་པ་སུས་ཤེས། གང་བྱུང་དུ་མི་ཡི་སྐྱོན་མཚང་བརྗོད་རྐྱང་མ་བྱེད་”ཟེར་བས་བུ་མོར་ཡང་ཡང་བསྐྱར་སྐད་ཆ་བཤད་རྒྱུ་མེད་པར་གྱུར། ཡིན་ན་ཡང་ཉིན་འདིར་ལྷ་མོ་ཚེ་རིང་གིས་དེ་ལྟར་ཕྲ་མ་གཏོང་བའི་སྐབས་སུ་ཨ་ནེ་གནམ་མཚོས་ཀྱང་དེ་མུར། “ངས་ཀྱང་དེ་ལྟར་བཤད་པ་ཡིན། འཁྱམས་མོ་ལྡོམ་པོ་བྱས་མྱོང་བ་ཕར་ཞོག ད་དུང་གཞུག་ཁྲིད་ཅིག་ཀྱང་ཁྲིད་ཡོང་ཡོད་པས་དོན་གྲུབ་ཀྱིས་རྗེས་སུ་མི་གཞན་གྱི་ངོ་ལ་ཇི་ལྟར་བལྟ་ཨང་”ཟེར།
ཉིན་འགའ་མ་འགོར་བའི་ཕྱི་དྲོ་ཞིག་ལ། ལྷ་མོ་ཚེ་རིང་གིས་ཆུ་ལེན་དུས་ཆེད་དུ་ཚེ་སྐྱིད་ལ་བསྒུགས་ནས་ཁོ་མོར་ཨ་ནེ་གནམ་མཚོས་སྐད་ཆ་ཇི་ལྟར་བཤད་པ་དེ་དག་སླར་ཡང་མེད་པ་ལ་ཁ་སྣོན་དང་ཡོད་པ་ལ་སྒྲོ་འདོགས་བྱས་ནས་བཤད་སོང་བས། ཚེ་སྐྱིད་དང་ཐོག་ཡིད་མ་ཆེས་ན་ཡང་ལྷ་མོ་ཚེ་རིང་གིས་མིག་ཅེར་ཅེར་གྱིས་ཧ་ཅང་ཆ་རྒྱུས་ཡོད་པའི་ངང་། “ཁྱོད་རང་ཡིད་མི་ཆེས་སམ། ཁྱོད་རང་མནའ་མར་ལེན་པར་འཐད་པ་ནི་ཨ་ཁུ་དབང་ལོ་གཅིག་པུ་རེད། ཨ་ནེ་གནམ་མཚོ་ད་དུང་ཡང་འཐད་ཀྱིན་མེད་པ་རེད། གཉེན་སྒྲིག་མ་བྱས་པའི་སྔོན་ནས་ཨ་ནེ་དང་མནའ་མ་གཉིས་མ་འགྲིག་ན་ཅི་བྱེད་ཨང་”ཟེར་ནས་ཧ་ཅང་སེམས་ཁྲལ་ཆེ་མདོག་བསྟན་བྱུང་།
ཚེ་སྐྱིད་ཀྱི་ངོ་མདངས་དེ་འཕྲལ་དམར་བོར་གྱུར་ནས་“དེ་འདྲ་ཞིག་ཡིན་ཚེ་ཁོང་ཚང་གཉེན་སློང་དུ་ཡོང་རྒྱུ་མ་རེད་ཨང་”ཞེས་བཤད།
ལྷ་མོ་ཚེ་རིང་གིས་ཁོ་མོའི་ཚིག་དེ་བཤད་ཡོང་བ་སྔོན་ནས་རྟོགས་ཡོད་པ་འདྲ། འདང་རྒྱག་མི་དགོས་པར། “ཨ་ཁུ་དབང་ལོར་ཨུ་ཚུགས་ཅི་འདྲ་ཆེ་བ་ཁྱོད་ཀྱིས་ཀྱང་མི་ཤེས་སམ། དོན་ཅི་ཞིག་གི་ཐད་ནས་ཁོས་མཇུག་འབྲས་ལ་མི་བལྟ་བར་ཐག་གཅོད་བྱེད་པ་རེད། ཡིན་ཡང་ཨ་ནེ་གནམ་མཚོས་ནི་ཁྱོད་རང་ཁྱིམ་དེ་གར་ཡོང་ན་ཁོ་མོ་ཁྱིམ་དེ་ནས་སྒོར་འབུད་རྒྱུ་ཡིན་ཞེས་བཤད་སྐད། ཨ་ཙི་ཙི། ཁྱོད་རང་སོང་ནས་ཁོ་མོ་སྒོར་ཕུད་ཚེ་རྗེས་ཕྱོགས་ཁྱོད་ཀྱིས་སྡེ་བའི་ནང་ནས་ཇི་ལྟར་མགོ་འདེགས་ཨང་”ཟེར་ནས་ཧ་ཅང་བག་ཚ་བའི་རྣམ་འགྱུར་བསྟན་བྱུང་།
ལྷ་མོ་ཚེ་རིང་གི་ཚིག་འདི་དག་དུག་ཆུས་བྱུགས་པའི་མདུང་མོ་ཇི་བཞིན་ཁོ་མོའི་སྙིང་གི་ན་སར་ཁེལ་ན་ཡང་། ནམ་རྒྱུན་ལྷ་མོ་ཚེ་རིང་གིས་རང་ཉིད་ལ་ཕྲག་དོག་བྱེད་པ་ནི་སེམས་ལ་གསལ་བས། ཚེ་སྐྱིད་ཀྱིས་ཀྱང་ཁོ་མོ་གན་ནས་རང་མདངས་ཤོར་དུ་མ་བཅུག་པར་“དེ་ནི་ཁོང་ཚང་གིས་བསྒྲུབས་པའི་ལས་ཀ་རེད་པས་ང་ལ་ལན་པ་ཅི་ཞིག་ཡོད་དམ་”ཟེར་ནས་ཁོ་མོར་མུ་མཐུད་དུ་ཁ་ཡ་མ་བྱས།
འོན་ཀྱང་ཕྱི་ཉིན་ནས་བཟུང་ལྷ་མོ་ཚེ་རིང་ཁོ་མོ་དང་རྒྱང་བཀྱེད་ནས་སྡེ་བའི་བུ་མོ་གཞན་དག་དང་འགྲོགས་ནས་འགྲོ་བར་བྱེད་ལ། ཚེ་སྐྱིད་མཐོང་འཕྲལ་སྐད་ཤུབ་བུས་བུ་མོ་དག་ལ་གསང་གཏམ་ཅི་ཞིག་བཤད་པར་བྱེད་ལ། ལན་རེར་བུ་མོ་དེ་དག་གིས་ཀྱང་ཚེ་སྐྱིད་ཀྱི་ཕྱོགས་སུ་ལྟ་ཙམ་བྱས་རྗེས་ཧ་ཅང་རྣར་གཟན་པའི་ཧབ་ཆ་བྱས་ཡོང་བར་མ་ཟད། ཐ་ན་ཉིན་གུང་ཚེ་སྐྱིད་རི་མགོར་སོང་ནས་ཨོང་བ་འཐུས་ཏེ་ཕྱིར་ཡོང་དུས་ཀྱང་ཏག་ཏག་ཨ་ནེ་གནམ་མཚོས་ཁོ་མོ་མཐོང་བྱུང་ཡང་སྔོན་ཆད་ལྟར་གར་འགྲོ་འདིར་འགྲོ་དང་ཅི་བྱེད་འདི་བྱེད་ཀྱི་སྐད་ཆ་མི་འདྲི་བར་གཡོལ་ནས་འགྲོ་བཞིན་འདུག་པས་ཚེ་སྐྱིད་ཀྱི་སེམས་ཀྱི་རེ་བའི་མེ་དཔུང་དེ་དེ་མ་ཐག་ཏུ་གཞིལ་བར་བྱས་སོང་།
ཁོ་མོ་ཕྱིར་ཁྱིམ་དུ་ཐོན་འཕྲལ་ཨོང་བ་ལྷས་འདབས་བཞག་ཅིང་ཤིང་ཁང་ནང་དུ་ཕྱིན་ནས་གཅིག་པུར་ངུ་བཞིན་བསྡད། ཁོ་མོ་ངུ་བཞིན་ཡོད་པ་སྐྱ་བྷོས་མཐོང་ནས་ཨ་ནེ་བཀྲ་ཁོ་ལ་བཤད་པ་ཡིན་འདུག ཨ་ནེ་བཀྲ་ཁོས་དོན་དག་ཅི་ཞིག་བྱུང་སོང་བ་ཡིན་ནམ་སྙམ་སྟེ་མྱུར་མོར་ཤིང་ཁང་ནང་དུ་ཐོན་བྱུང་མོད། སྐྱ་བྷོ་ནི་ཁང་བའི་ནང་དུ་ཡོང་མ་ཕོད་པར་དྲ་མའི་ཕྱི་རོལ་ནས་ནང་དུ་བལྟས་འདུག
ཨ་ནེ་ཚེ་སྐྱིད་ཀྱིས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་བུ་མོའི་ལུས་ཡོངས་ལ་ཞིབ་ལྟ་ཞིག་བྱས་རྗེས་“ཡང་དོན་དག་ཅི་ཞིག་བྱུང་སོང་”ཞེས་དྲིས་བྱུང་།
ཚེ་སྐྱིད་ཀྱིས་ཨ་མ་ཐོན་པ་མཐོང་འཕྲལ་ཅི་ཡིན་འདི་ཡིན་གྱི་སྐད་ཆ་མི་བཤད་པར་ལྷག་པར་དུ་ཧ་ཅང་སྐྱོ་བའི་ངང་ངུས་བྱུང་བས། ཨ་ནེ་བཀྲ་ཁོའི་སེམས་ལ་སྒུ་རུས་ཁེ་སྔོན་ལྟར་ཁོ་མོར་བརྙས་བཅོས་བྱས་པ་ཡིན་རྒྱུ་རེད་སྙམ་ནས། “ཡང་རྐྱལ་སྟོང་དེས་ཁྱོད་ལ་ཐུབ་ཚོད་བྱས་པ་ཨེ་རེད། ང་རང་སོང་ནས་ཁོ་བཙལ་ཆོག་”ཟེར་ནས་ཁ་ཕྱིར་འཁོར་རྩིས་བྱས་བྱུང་བས། ཚེ་སྐྱིད་ཀྱིས་མྱུར་མོར་ཨ་མའི་ལག་པ་ནས་བཟུང་སྟེ་ངུ་བཞིན་དུ་མགོ་བོ་འཕྲེད་དུ་གཡུགས་ཀྱིན་དོན་དག་དེ་འདྲ་ཞིག་མིན་པའི་རྣམ་འགྱུར་བསྟན་བྱུང་།
ཨ་ནེ་བཀྲ་ཁོ་ཡང་དེ་མ་ཐག་ཏུ་ཁོང་ཁྲོ་ལངས་བྱུང་། “འོ་ན་ཁྱོད་ཅི་ལ་ངུ་བ་ཡིན། ད་ནི་ཁྱོད་ཀྱང་ཁྱིམ་ཚང་གཞན་དུ་གནས་ལ་བྱིན་ཡོད་པས་འདི་ལྟར་མིག་སྟོན་བྱས་ན་གཞན་གྱིས་ཅི་མི་ཟེར་རམ་”ཟེར་ནས་ཤུགས་རིང་འབྱིན་པར་བྱེད།
ཨ་མ་མ་རངས་པ་མཐོང་ནས་ཚེ་སྐྱིད་ཀྱིས་མིག་ཆུ་འབྱིད་གང་ཐུབ་བྱེད་བཞིན་དུ། “ང་་་གནས་ལ་་་་་མི་འགྲོ་་་ང་་་ཡུལ་ནས་འདུག་རྒྱུ་ཡིན་་་་་”ཞེས་ངུ་སྔངས་དང་བཅས་བཤད་བྱུང་།
ཨ་ནེ་བཀྲ་ཁོ་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་གྱུར་སོང་། “ཅི་ཟེར། ཁྱོད་རང་གནས་ལ་མི་འགྲོ་ཟེར་བ་ཡིན་ནམ། ཅིའི་ཕྱིར། ངོ་མ་བུ་མོ་སྐྱིད་ས་ནས་མི་འདུག་ལ་བོང་བུ་བདེ་ས་ནས་མི་ཉལ་ཟེར་བ་ཁྱོད་འདྲ་བར་ཟེར་བ་རེད། འོ་ན་ཁྱོད་ཀྱིས་ཅི་བྱེད་སྙམ་པ་ཡིན་”ཞེས་དྲིས་བྱུང་།
ཚེ་སྐྱིད་ཀྱིས་མུ་མཐུད་དུ་ཁོ་མོར་ལན་མི་འདེབས་པར་སླར་ཡང་ངུས་བྱུང་།
ཨ་ནེ་བཀྲ་ཁོས་བུ་མོའི་རྣམ་འགྱུར་ལ་བལྟ་བཞིན་དུ་ཁོ་མོས་དངོས་གནས་སྐྱ་བྷོ་དང་རང་ཉིད་གཉིས་ཤུལ་དུ་བསྐྱུར་མ་ཕོད་པ་འདྲ་སྙམ་ནས་སེམས་ལ་སྐྱོ་ཤས་ཤིག་སྐྱེས་ཤིང་། ཞེ་ལྷོད་དུ་བབས་ནས་བུ་མོའི་གན་དུ་བསྡད་ཅིང་ཧ་ཅང་བག་ལྷོད་པོའི་ངང་། “ཚེ་བྷོ་ལོ་ལོ། བུ་མོ་གནས་ལ་འགྲོ་བ་ནི་འཇིག་རྟེན་གྱི་དཔེ་རེད། ཁ་དཔེར་ཡང་རྒྱབ་ཕ་མིང་མཐོ་རུང་བསྐྱུར་དགོས་པ་དང་མདུན་གནས་ཡུལ་རྡུགས་རུང་འགྲོ་དགོས་ཟེར་བ་རེད། འོན་ཀྱང་ཁྱོད་ལ་མཚོན་ན་རང་ཡུལ་འདི་འདྲའི་ཞན་ན་ཡང་གནས་ཡུལ་ཨ་ཁུ་དབང་ལོ་ཚང་ཧ་ཅང་བཟང་བོ་ཡོད་པ་མ་རེད་དམ། སྐྱ་བྷོ་དང་ངེད་གཉིས་ལ་ཞེ་ཐོགས་མི་དགོས་”ཞེས་བཤད།
ཚེ་སྐྱིད་ཀྱིས་ཨ་མས་དོན་དག་གི་ཧ་ཅི་ཡང་གོ་གྱིན་མི་འདུག་པ་མཐོང་ནས་རེ་ཞིག་ནས་ངུ་མཚམས་བཞག་ཅིང་། ལྷ་མོ་ཚེ་རིང་གིས་བཤད་པའི་ཨ་ནེ་གནམ་མཚོས་ཇི་བཤད་ཀྱི་སྐད་ཆ་དེ་དག་ཁོ་མོར་བཤད་དགོས་བྱུང་། ཨ་ནེ་བཀྲ་ཁོ་ཡང་དེང་ཐོག་ཡིད་མ་ཆེས་པར། “ལྷ་མོ་ཚེ་རིང་གི་སྐད་ཆར་ཉན་རྒྱུ་ཡོད་དམ། ཁོ་མོས་རྫུན་གཏམ་བཤད་པ་རེད་”ཟེར།
ཚེ་སྐྱིད་མུ་མཐུད་དུ་ངུས་མ་བྱུང་། བདེན་ཅོག་ཅོག་ངང་“རྫུན་མིན་ཐག་ཆོད་རེད། བུ་མོ་ཐམས་ཅད་ཀྱིས་ལྐོག་ཏུ་ང་ལ་འཕྱ་སྨོད་བྱེད་ཀྱིན་འདུགད་དུང་ད་སྔོན་ང་རང་ཨ་ནེ་གནམ་མཚོར་འཕྲད་བྱུང་མོད་ཁོ་མོས་ང་ལ་ཁ་མི་གྲག་པར་གཡོལ་ནས་འགྲོ་བཞིན་འདུག ཁོ་མོ་དགའ་གྱིན་མེད་པ་ངས་བལྟས་པས་མི་ཤེས་སམ་”ཟེར་བ་དང་སླར་ཡང་ངུ་སྐད་ཀྱི་གདངས་དང་བཅས་“དེ་ལས་་་་་དེ་ལས་་་་་ད་ནི་གནས་ཡུལ་བཟང་བོ་ཞིག་རེད་ཅེས་རློམ་རྒྱུ་མི་འདུག་པས་་་་”ཟེར་ནས་ཚིག་རྔ་ངག་ནས་མི་འཁྲོལ་བར་གྱུར་།
བུ་མོ་ཞེ་ཐག་ཆད་པའི་རྣམ་འགྱུར་དེ་མཐོང་འཕྲལ་ཨ་ནེ་བཀྲ་ཁོའི་སེམས་ལ་ཡང་ད་བར་དུ་སྐྱེས་མ་མྱོང་བའི་སྙིང་རྗེ་ཞིག་སྐྱེས་ཤིང་དེ་དང་ལྷན་དུ་ཨ་ཁུ་དབང་ལོའི་ཆུང་མ་གནམ་མཚོའི་ཐོག་ལ་ཞེ་སྡང་གནོན་མི་ཐུབ་པ་ཞིག་ལངས་བྱུང་། ཁོ་མོས་ཅུང་ཙམ་ལ་བསམ་བློ་ཞིག་བཏང་རྗེས་“སྐྱ་བྷོ་དང་ཁྱོད་གཉིས་ཡུལ་ནས་སྡོད་དང་། ང་རང་ཕྱི་རོལ་ཏུ་འགྲོ་ཙམ་བྱས་ཏེ་ལོག་ཡོང་”ཞེས་བཤད་རྗེས་ལྷས་དཀྱིལ་དུ་སོང་ནས་ལག་རྟེན་བཟུང་ནས་ཕྱི་སྒོར་བུད་སོང་།
ཨ་ནེ་བཀྲ་ཁོ་ནི་ཐད་ཀར་ཨ་ཁུ་དབང་ལོ་ཚང་ལ་སོང་བ་རེད། ཁོ་མོ་སྒོ་ཆེན་ནས་ནང་དུ་འཛུལ་དུས་ཨ་ཁུ་དབང་ལོ་ཁྱམས་འོག་ཏུ་གང་བྱུང་ངང་འདུག་ཅིང་ཆུང་མ་གནམ་མཚོས་ཁོའི་འཁྲིས་སུ་རས་ལྷམ་ཞིག་གི་མཐིལ་གཙགས་ཀྱིན་འདུག་ལ། བུ་མོ་དབང་མོ་སྒྲོལ་མ་མཐོང་ཡུལ་དུ་མི་འདུག ཨ་ཁུ་དབང་ལོས་ཉེ་ཚན་གསར་བ་ཨ་ནེ་བཀྲ་ཁོ་ཡོང་བ་མཐོང་འཕྲལ་མྱུར་མོར་ཡར་ལངས་ནས་གོམ་པ་འགའ་སྔོན་དུ་ཡོང་སྟེ། “ཨ་ནེ་བཀྲ་ཁོ་ཡོང་ངམ་”ཟེར་ནས་འཚམས་འདྲི་བྱས་བྱུང་ལ། ཁོའི་ཆུང་མ་གནམ་མཚོ་ནི་སྔར་མལ་ནས་ཡར་ལངས་ཏེ་ངོ་གནག་བཞིན་སྡོད་པ་ལས་ཚིག་གཅིག་ཀྱང་མི་བཤད་པར་འདུག
ཨ་ནེ་བཀྲ་ཁོས་ཁོ་མོ་རྣམ་འགྱུར་མཐོང་འཕྲལ་དོན་དེ་ངོ་མ་ཡིན་པ་ངོས་ཟིན་བྱུང་ན་ཡང་སྒོ་ཁྱམས་སུ་མ་ཐོན་བར་དུ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་ལ། སྒོ་ཁྱམས་ནས་ཀྱང་སར་མི་ཙོག་པར་དེ་གར་ལག་རྟེན་ལ་ཁེན་ནས་ཨ་ཁུ་དབང་ལོའི་ཕྱོགས་སུ་འཁོར་ཏེ་ན་རེ། “དབང་ལོ་ལོ་ལོ། ཁྱོད་ཀྱིས་ཚེ་སྐྱིད་ཁྱོད་ཚང་ལ་མནའ་མར་དགོས་ཟེར་བ་ཡིན་པ་ལས་ངས་ཁྱོད་ཚང་ལ་སྟེར་རྒྱུ་ཡིན་ཞེས་བཤད་པ་མིན་ཨང་”ཞེས་བཤད།
ཨ་ཁུ་དབང་ལོས་དོན་དག་ཅི་ཞིག་བྱུང་སོང་བའང་མ་ཤེས་པར་ཅུང་ཐེ་ཚོམ་དང་བཅས་ཁོ་མོའི་ངོ་མདངས་ལ་བརྟག་བཞིན་དུ། “དེ་ག་ལ་ཡིན། དེ་ག་ལ་ཡིན་”ཟེར།
ཨ་ནེ་བཀྲ་ཁོར་ཐེ་ཚོམ་དང་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས་སྐད་མཐོན་པོའི་སྒོ་ནས། “འོ་ན་ཁྱོད་ཚང་གིས་ཚེ་སྐྱིད་ནི་འཁྱམས་མོ་ལྡོམ་མོ་རེད། ད་དུང་གཞུག་ཁྲིད་ཀྱང་འདུག་ཟེར་བ་ཅི་ཡིན། ངེད་མ་སྨད་ཚོ་ནུས་མེད་རེད་ཟེར་ནས་བརྙས་བཅོས་བྱེད་པ་ཡིན་ནམ། འོ་ན་ཁྱོད་ཚང་ཁྱིམ་ཚང་འཛོམས་པོ་ཡིན་ཟེར་ནས་ང་ལ་འཕྱ་སྨོད་བྱེད་པ་ཡིན་”ཞེས་དྲིས་བྱུང་།
ངོ་མ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་ཐོག་སྟ་རེ་འདྲ་བ་ལྷུང་ཟེར་བའི་དཔེ་རུ་གྱུར་སོང་། ཨ་ཁུ་དབང་ལོ་ནི་བྲེལ་འཚུབ་ལངས་པར་གྱུར་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་དུ། “དེ་འདྲ་དཔེ་མི་སྲིད། དེ་འདྲ་དཔེ་མི་སྲིད་”ཟེར་བ་དང་སླར་ཡང་ཨ་ནེ་བཀྲ་ཁོར་བལྟས་ཏེ། “ཁྱོད་ཀྱིས་སྐད་ཆ་དེ་འདྲ་ཞིག་གང་ཞིག་ནས་ཐོས་པ་ཡིན་”ཞེས་དྲིས་བྱུང་།
ཁོའི་འཚུབ་ཆ་ལངས་ཀྱིན་པའི་རྣམ་འགྱུར་དེས་ཨ་ནེ་བཀྲ་ཁོའི་སེམས་ཀྱང་ཅུང་ཇེ་གཉོམ་དུ་གྱུར་སོང་། “ངས་ཐོས་པ་མིན། ཚེ་སྐྱིད་ཀྱིས་ཐོས་པ་རེད། སྡེ་བའི་བུ་མོ་ཚང་མས་དེ་ལྟར་ཟེར་གྱིན་འདུག་ཟེར། ད་དུང་ཁོ་མོ་ཁྱོད་ཚང་ལ་ཡོང་ན་གནམ་མཚོ་སྒོར་འབུད་རྒྱུ་ཡིན་ཟེར་གྱིན་འདུག་ཟེར། ང་རང་ཡང་ཡིད་མ་ཆེས་པར་ཐད་ཀར་ཁྱོད་ཚང་ལ་འདྲི་རུ་ཡོང་བ་ཡིན། ཚེ་སྐྱིད་ཀྱིས་ནི་མི་ཁ་དེ་དག་མ་ཐེག་པར་ཁྱིམ་ནང་དུ་ངུས་ནས་སྒོར་འབུད་ཀྱིན་མི་འདུག་པས་ང་རང་ཁོ་མོར་སྐྲག་པ་ཡིན་”ཞེས་བཤད།
ཨ་ཁུ་དབང་ལོས་སྐད་ཆ་དེ་ཐོས་འཕྲལ་ཆུང་མ་གནམ་མཚོའི་ཁ་འདུག་མ་ཐུབ་པ་ཡིན་པ་གསལ་ལེར་རྟོགས་བྱུང་། ཡིན་ན་ཡང་ཨ་ནེ་བཀྲ་ཁོའི་མདུན་དུ་དེ་ལྟར་བཤད་མི་རུང་བས་དགོད་བཞིན་དུ་ཆུང་མའི་གདོང་ལ་ལྟ་ཙམ་བྱས་ནས། “དེ་དག་ཁོ་ཚོས་གང་བྱུང་དུ་བཤད་པ་རེད། གནམ་མཚོ་ཡང་ཁྱོད་ལ་གསལ་ཆ་ཡོད་པས་ཁོ་མོས་དེ་ལྟར་བཤད་ག་ལ་སྲིད། ད་ནི་གྲོས་ཤ་གྲོས་ཆང་གྲ་སྒྲིག་བྱས་ཏེ་བྱིས་པ་གཉིས་ཀའི་དོན་དག་མྱུར་དུ་མ་བསྒྲུབ་ན་ད་དུང་སྣ་ཚོགས་པ་བཤད་ནས་ཚར་རྒྱུ་མེད་པ་རེད། ལས་ངན་པ་ལེགས་བཅོས་བྱེད་མཁན་མེད་ན་ཡང་ལས་བཟང་བོར་བར་ཆད་གཏོང་མཁན་མང་བ་རེད། ཁྱོད་ཀྱིས་ཕྱིར་སོང་ནས་བུ་མོར་སེམས་གསོ་ལེགས་པོ་ཞིག་བྱེད་རོགས། གཞན་གྱིས་ཅི་བཤད་ལ་ཉན་རྒྱུ་ཡོད་པ་མ་རེད་”ཟེར་བས། བར་དེར་ཁོའི་ཆུང་མ་གནམ་མཚོ་ཡང་ད་སྔོན་ལྟར་མི་སྡོད་པར་མདུན་དུ་ཡོང་ཞིང་བཙན་ཚུགས་ཀྱི་འཛུམ་ཞིག་བསྟན་ནས་ཁ་ཡག་གི་ཚུལ་དུ་“རེད་ཡ། གཞན་གྱི་སྐད་ཆར་ཉན་རྒྱུ་ཡོད་པ་མ་རེད། ཁྱོད་ཁྱིམ་དུ་འགྲོ་ལ་ཇ་འཐུང་རོགས་”ཟེར།
ཨ་ནེ་ཚེ་སྐྱིད་ཀྱི་སེམས་ཁམས་ཀྱང་དེ་མ་ཐག་གཡའ་དག་པ་ལྟར་གྱུར་སོང་། ཡིན་ན་ཡང་ཕྱི་ཚུལ་ནས་ཅུང་སེམས་ངལ་ཆེ་མདོག་གིས་“ཇ་འཐུང་མི་དགོས། ང་ཕྱིར་སོང་ནས་བུ་མོར་དེ་དོན་གསལ་བོ་བཤད་ཆོགཁ་དཔེར་ཡང་གླིང་མི་ཁ་བདུད་ཀྱི་མཚོན་ཆ་ཡིན། མི་གསོན་པོ་ཡིན་ཡང་དུར་དུ་འདེབས་ཟེར་བ་ཡིན་པས། ལན་རེར་ང་རང་ངོ་མ་སྐྲག་འོང་། ད་སྡོད། ང་འགྲོ་རྒྱུ་ཡིན་”ཟེར།
ཨ་ཁུ་དབང་ལོ་ཁྱོ་ཤུག་གཉིས་ཀས་ཁོ་མོ་བསྐྱལ་ནས་ཕྱི་སྒོའི་བར་དུ་ཡོང་ཞིང་། ཨ་ཁུ་དབང་ལོས་སླར་ཡང་ཁོས་བྱིས་པ་གཉིས་ཀྱི་དོན་དག་མྱུར་དུ་བསྒྲུབ་རྒྱུ་ཡིན་ཚུལ་དང་ཁོ་མོས་ཚེ་སྐྱིད་ལ་གཞན་གྱི་སྐད་ཆར་ཉན་མི་རུང་བའི་སློབ་གསོ་གཏོང་དགོས་ཚུལ་ཡང་ཡང་བཤད་བྱུང་།
རྩོམ་ཁུངས། ངེད་དྲ་བ།