གློ་བུར་ཏུ་སྨིན་པའི་སིལ་ཏོག
སྟོད་ཆ།
གཅིག
དེ་རིང་ཕྱི་དྲོ་སློབ་ཁྲིད་མེད་པས། ངས་གུང་ཟས་ཟོས་རྗེས་དགེ་གྲོགས་བླ་མ་ཚང་ལ་ཁྱིམ་ཉུལ་དུ་སོང་བ་ཡིན།
མཐོ་སྒང་གི་ནམ་མཁའ་ནི་སྔོ་སང་ངེར་འདུག་ལ། མདང་དགོང་གི་ཆར་བ་དེས་གྲོང་བརྡལ་ཆུང་ཆུང་འདིའི་ཁོ་ར་ཁོར་ཡུག་ཐམས་ཅད་གཙང་མ་ཞིག་བཀྲུས་ཟིན་པས། དེ་རིང་དགེ་གྲོགས་བླ་མ་ཚང་གི་ཕྱོགས་སུ་འཐེན་པའི་ལམ་ཕྲན་འདི་ཡང་ཡིད་དུ་འོང་བ་ཞིག་རེད།
ངས་ནང་སྒོ་ཕྱེ་མ་ཐག་བླ་མ་མྱུར་དུ་ཡར་ལངས་བཞིན༼འོ། པད་དབང་རེད་ད། ནང་ལ་ཤོག་ནང་ལ་ཤོག ངས་ད་སོ་མ་གུང་ཟས་ཟོས་ཚར་བ་ཡིན། ཕྱི་དྲོ་སློབ་ཁྲིད་མེད་དམ༽ཞེས་ཁ་རྒྱ་སྒོ་འདྲ་མོ་ནང་ནས་བཤད་ཐུབ་ཐུབ་བྱས་པ་དང་། ང་ལ་ཤོག་དུ་རྐང་ཐུར་གཅིག་དྲངས་རྗེས༼ཙོག་ཙོག་ཙོག ངས་ཁྱོད་ལ་ཇ་ལྡུག༽ཟེར་བཞིན་ང་ལ་འོ་ཇ་དཀར་ཡོལ་གང་དྲངས།
བླ་མའི་ཕ་ཡུལ་ནི་རྩེ་ཁོག་ཡིན་ལ། ན་ནིང་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས། ང་ཚོའི་སློབ་གྲྭར་ལས་བགོ་བྱས་ཏེ་བོད་ཡིག་དགེ་རྒན་དུ་བསྐྱུར་བ་དང་། ང་ཡང་བོད་ཡིག་དགེ་རྒན་ཡིན་པས། ངེད་གཉིས་ཀྱིས་གཞུང་སྒྲུབ་ཁང་གཅིག་གི་ནང་དུ་ཕན་ཚུན་ངོ་ཤེས་ཤིང་། རིམ་བཞིན་ཁྱོས་མི་བཟའ་ན་ངས་མི་འཐུང་ཟེར་བའི་གྲོགས་པོ་འདང་ཅན་ཞིག་ཏུ་གྱུར་སོང་།
བླ་མ་ཁ་བརྡ་བྱེད་པར་ཧ་ཅང་དགའ་སྟེ། ཁོས་རྒྱུན་དུ་ཁ་གོར་མོ་བཤད་སྤྱད་དང་ལྕེ་ལེབ་མོ་སྨྲ་སྤྱད་ཡིན་པས་མ་བཤད་ན་སྡུག་གྱོང་ཡིན་ཟེར་ནས། ཁྱོད་ལ་ཐུག་ན་སྐྱ་ཀ་གྲགས་གྲགས་དང་། ང་ལ་འཕྲད་ན་རླངས་པ་འཕྱུར་འཕྱུར་བྱས་ཏེ་བཤད་མཚམས་གཏན་ནས་མི་འཇོག་པས། དགེ་སློབ་ཡོངས་ཀྱིས་ཁོའི་མིང་ལ༼སྐྱ་ཀ་བླ་མ༽ཞེས་པའི་མཚང་མིང་ཞིག་བཏགས་ཡོད་ལ། དེ་ཡང་ཁོ་ལ་མཚོན་ན་དངོས་ནས་འཚམ་ཞིང་རན་པ་ཞིག་རེད།
ངོ་མ་བཤད་ན། དགེ་རྒན་བླ་མ་ནི་གཤིས་རྒྱུད་མདའ་ལས་དྲངས་ཤིང་ངང་རྒྱུད་བལ་ལས་འཇམ་པའི་མི་བཟང་སེམས་བཟང་ཞིག་ཡིན་པས། བྱིས་པ་ཚོས༼སྐྱ་ཀ་བླ་མ༽ཞེས་བོས་ན་ཡང་། ཁོས་ངག་འཇམ་པོས་ཨ་ལན་སྟེར་བ་ལས་མི་དགའ་བའི་ཉམས་དང་ཁོང་ཁྲོ་ལངས་པའི་རྟགས་ཤིག་གཏན་ནས་མི་སྟོན།
༼ཡ་སྐྱ་ཀ་བླ་མ། དབྱར་ཁའི་ཉི་མ་འདི་ཧ་ཅང་རིང་བས་ངོ་མ་སུན་ནི་ཞིག་རེད། དེ་རིང་ཕྱི་དྲོ་སློབ་ཁྲིད་ཀྱང་མེད་པས་ཁྱོད་སྟོང་བཤད་ཅིག་བརྒྱབ་ན་ཇི་འདྲ་རེད།༽
༼ཧ་ཧ་ཧ། ལོས་ཆོག་ལོས་ཆོག ང་རྩེ་གཞུང་བླ་མའི་ཡ་ཆུང་ཁོག་པ་ཚིག་དང་། མ་ཆུང་ཁོག་པ་གཏམ་གྱིས་བཀང་ཡོད་པས། སྟོང་བཤད་ཅིག་རྒྱག་རྒྱུ་ནི་ལས་སླ་མོ་ནང་གི་ཡང་སླ་ཞིག་རེད།༽
ངས་རེ་བ་བཏོན་ནས་མ་ཚར་གོང་བླ་མས་དེ་ལྟར་འཕྲོག་བཤད་བྱས་པ་དང་། མིག་ཤེལ་འོག་ཏུ་ཁྲ་རིག་རིག་བྱེད་པའི་མིག་ཟུང་ལྡེབ་ཙམ་བྱས་རྗེས། ༼ཨུན། དེ་རིང་ད་ངས་ཁྱོད་ལ་གཏམ་རྒྱུད་ཉན་རྒྱུ་ཅན་ཞིག་བཤད་ཡ༽ཟེར།
འོ། སྙིང་ཉེ་བའི་ཀློག་མཁན་རྣམ་པ། བླ་མའི་གཏམ་རྒྱུད་ཅི་ཞིག་བྱེད་རྒྱུ་ཡིན་ནམ། གང་ལྟར་ད་ལྟ་ངས༼སྐྱ་ཀ་བླ་མའི༽གློག་སྒོ་ཕྱེ་ཟིན་པས། ང་ཚོས་མཇམ་དུ་ཁོས་བཤད་པའི་གཏམ་རྒྱུད་ལ་ཉན་ཨང་།
གཉིས།
༼འདི་ནི་ང་རང་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་ཡོད་དུས་བྱུང་བའི་དོན་དག་ཅིག་ཡིན༽
བླ་མས་བསམ་བློ་ཞིག་བཏང་སྟེ་བཤད་རྒྱུར༼དེ་ཡང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་སྟོན་ཟླ་བརྒྱད་པའི་ནངས་མོ་ཞིག་སྟེ། མཐོ་བ་ཨ་སྔོན་དགུང་ནས་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་སྔོ་སང་ངེར་འདུག་ལ། དམའ་བ་དོག་མོ་ས་ནས་རྡུལ་ཕྲ་རབ་ཙམ་ཡང་མེད་པར་སེར་ཤག་གེར་འདུག་ཅིང་། ཞོགས་པའི་ཁ་དབུགས་ནི་དྭངས་ཤིང་བསིལ་ལ་སྙིང་ལ་འབབ་པའི་བདུད་རྩི་དང་འདྲ། ཁོ་བོ་རྩལ་སྦྱོང་ར་བར་སོང་ནས་ཞོགས་རྩལ་རྩེས་ཚར་རྗེས་སློབ་ཁང་དུ་སོང་བ་དང་། རྒྱ་ཡིག་གི་ཟིན་བྲིས་དེབ་བླངས་རྗེས་སློབ་ཁང་གི་སྒོ་འགྲམ་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་མིང་འགྲེལ་བློར་བཟུང་བ་ཡིན།༽
ངས་བློ་རྩེ་གཅིག་སྒྲིམ་གྱིས་སྐྱོར་ཀློག་བྱེད་སྐབས། རྒྱབ་ཕྱོགས་ནས༼ཨ་མ༽ཞེས་པའི་སྐད་ངན་ཞིག་གི་ང་རང་ཧད་སེ་བཏང་བས། ངས་མྱུར་དུ་ཁ་ཕྱིར་འཁོར་ཏེ་བལྟས་པ་ན་ང་དང་ཁད་མི་རིང་བའི་ཐེས་སྐས་ཀྱི་འགྲམ་དུ་གཞོན་ནུ་མ་ཞིག་འགྱེལ་འདུག་ལ། ཞིབ་ཏུ་བལྟས་པ་ན་མོ་ནི་ང་དང་སློབ་ལོ་མཉམ་པའི་དབྱིན་ཡིག་འཛིན་གྲྭའི་སློབ་མ་ཞིག་ཡིན་པ་ཤེས། སྐབས་དེར་ང་རང་འཚབ་འཚུབ་ངང་ཕར་ལ་རྒྱུགས་ཤིང་། མྱུར་བ་མྱུར་བར་མོ་རང་ཡར་སྐྱོར་སྐབས། མོས་ཡང་བསྐྱར༼ཨ་མ༽ཞེས་སྐད་ངན་ཞིག་བཏོན་རྗེས། ལག་ཟུང་གིས་རྐང་པའི་ཕྱི་རྟིང་ཕུར་ཕུར་བྱེད་བཞིན་འདུག་པས། ངས་ད་གཟོད་མོའི་རྐང་ཚིགས་སློག་འདུག་པ་ཤེས་ཤིང་། ཟིན་བྲིས་དེབ་ཨམ་ཕྲག་ཏུ་བཅུག་རྗེས་སར་ལྷུང་བའི་མིག་ཤེལ་བླངས་ཏེ་མོའི་ལག་ཏུ་བཞག་པ་དང་། མོ་རང་རྒྱབ་ལ་འཁུར་ཏེ་རིངས་པ་རིངས་པར་མལ་ཁང་གི་ཕྱོགས་སུ་རྒྱུག་པ་ཡིན།
ངོ་མ་བཤད་ན། ཉིན་གར་གར་ལ་གཞོན་ནུ་མ་ཞིག་འཁུར་ཏེ་དགེ་སློབ་གཉིས་ཀའི་མདུན་ནས་འགྲོ་བའི་སྤོབས་པ་དེ་ང་ལ་མེད་ན་ཡང་། མོའི་རྐང་པ་ཚབས་ཆེ་བར་སྣང་བས་ངས་དེ་ལ་ཁ་ཡ་མ་བྱས་པར་མོ་རང་མལ་ཁང་ལ་སྐྱེལ་ཞིང་། ཁོ་མོ་ཚོའི་འཛིན་གྲྭའི་བདག་པོ་བཙལ་སྟེ་དོན་རྐྱེན་གྱི་མགོ་རྔ་མ་དང་། བར་སྐེད་པ་ཡོངས་རྫོགས་དབུགས་ཐེངས་གཅིག་གིས་བཤད་པ་མ་ཟད། ད་དུང་ཁོ་ཚོར་རོགས་རམ་བྱས་ཏེ་གཞོན་ནུ་མ་དེ་ཁུལ་མི་དམངས་སྨན་ཁང་ལ་སྐྱེལ།
དུས་ཚོད་ནི་རི་གཟར་གྱི་རྦབ་རྡོ་ཐུར་དུ་འདྲིལ་བའམ་ཅང་ཤེས་ཀྱི་རྟ་རྒོད་ཐུར་ལས་ཤོར་བ་ལྟར་ཇི་འདྲའི་མགྱོགས་པ་ལ་ཨང་། ཟླ་གཅིག་ལྷག་གི་ཉིན་ཞག་རེ་རེ་ནི་མིག་ལྡེབ་དབང་ཙམ་གྱིས་ཅི་ཡིན་འདི་ཡིན་མེད་པར་ཕར་ལ་འདས་ཤིང་། སློབ་སྐབས་གཅིག་གི་བར་རྒྱུགས་དེ་རྐུན་མ་ཞིག་དང་འདྲ་བར་རྐང་འཇབ་ལག་འཇབ་ཀྱིས་ཚུར་སླེབས་པས། ངས་སྐབས་བབ་ཀྱི་བསླབ་དེབ་དག་འཁྱེར་ཏེ་སློབ་གྲྭའི་ཕྱི་རོལ་གྱི་དབེན་ཞིང་འཇགས་པའི་གནས་ཤིག་ཏུ་སོང་ནས་ཁྲིད་ཟིན་པའི་བསླབ་བྱ་ཁག་ལ་བསྐྱར་སྦྱོང་བྱས་པ་ཡིན།
ཆུ་ཚོད་ཅི་ཙམ་ཞིག་འགོར་བ་དང་། སྐར་ཆ་ག་ཙམ་ཞིག་འགོར་བ་མི་ཤེས་ན་ཡང་། མཚམས་ཤིག་ལ་ངའི་རྣ་ལམ་དུ༼བླ་མ༽ཞེས་པའི་འབོད་སྐད་ཕྲ་ཞིང་དྭངས་ལ་སྙན་ཞིང་འཇམ་པ་ཞིག་གྲག་འོངས་པས། ངས་ཁ་ཕྱིར་འཁོར་ཏེ་བལྟས་པ་ན། རྒྱབ་ཕྱོགས་ཀྱི་གོམ་པ་དོ་ཙམ་གྱི་མཚམས་ན་གཞོན་ནུ་མ་ཞིག་གིས་བཞིན་མདངས་དམར་པོར་གྱུར་ཅིང་། མགོ་བོ་བྲང་ཁར་སྨད་དེ་ང་ལ་ངོ་ཚ་བའི་རྣམ་འགྱུར་སྟོན་བཞིན་འདུག ཡ། པད་དབང་། ཁྱོད་ཀྱིས་བཤད་ན་མོ་སུ་ཡིན་རྒྱུ་རེད།༽
༼ཨ། འོ་ཕལ་ཆེར་ཟླ་གཅིག་གི་སྔོན་ལ་རྐང་ཚིགས་སློག་པའི་གཞོན་ནུ་མ་དེ་ཨེ་རེད།༽
༼ཨུན། རེད་རེད་རེད། གཞོན་ནུ་མ་དེ་རེད།༽
བླ་མས་དེ་སྐད་བཤད་ཞོར་དུ་མདུན་ཅོག་སྟེང་ནས་ཇ་དེམ་བླངས་ཏེ་ང་ལ་སླར་ཡང་འོ་ཇ་ཁ་སྣོན་བྱས་པ་དང་། སྟོད་ལྭའི་ཨམ་ཕྲག་ནང་ནས་སྐྱ་ཀ་རྟགས་ཅན་གྱི་དུ་བག་ཅིག་བཏོན་པ་དང་། ཤོག་དོར་རྐང་གཉིས་བླངས་ཏེ་གཅིག་ང་ལ་སྟེར་བཞིན༼ཇི་འདྲ་རེད་པད་དབང་། ང་བླ་མ་སྐྱ་ཀ་ཁ་ཟེར་བ་སྐྱ་ཀ་གྲག་པའི་ཡན་ཡིན་ད།༽
༼འོ་ན་དེའི་རྗེས་ནས།༽
ངས་སྒུག་མ་ཚུགས་པར་དེ་སྐད་དྲིས་པ་ན། བླ་མས༼ཧ་ཧ་ཧ༽ ཞེས་གད་མོ་ཆེན་པོ་ཞིག་བགད་དེ༼ངའི་གཏམ་རྒྱུད་འདིས་ཁྱོད་ཀྱི་ཡོད་འཕྲོག་པ་མིན་ནམ། དེ་ལོས་ཡིན། ང་རྩེ་གཞུང་བླ་མ་འདི་སྤྱི་མི་ཁ་བདེ་ལྕེ་བདེ་ཞིག་མིན་ནམ༽
༼ལབ་རྐྱལ་ཁྱོད་ཀྱིས་སྐབས་སུ་བབ་པའི་གཏམ་རྒྱུད་ཤོད། མ་བབ་པའི་ཉོག་བཤད་དེ་ཚོར་ང་སྔ་མོ་ནས་སུན་འདུག༽
ངས་མ་དགའ་བའི་ཚུལ་གྱིས་བཤད་པ་ན། བླ་མས༼འོ་ཡ་ཡ་ཡ། ཁྱོད་ཁོང་ཁྲོ་མ་ལངས་དང་ངས་མི་མཐུད་དུ་བཤད་ཡ༽ཟེར།
གསུམ།
མོས་ང་རང་བཙལ་དོན་ཅི་ཡིན་ནམ། ངས་མོ་མཐོང་མ་ཐག་སྙིང་ལ་ཙག་ཤད་ཅིག་བརྒྱབ་པ་དང་། སྙིང་གི་ལྡིང་ཚད་ཀྱང་ལྡབ་འགྱུར་གྱིས་ཇེ་མགྱོགས་ལ་སོང་།
༼ཁྱོད་ཁྱོད།༽
སྐབས་དེར་ངའི་ཁ་ལྕེ་བདེ་མོ་དེ་ཡང་ལྐུགས་པ་ནང་བཞིན་མགོ་སྒུར་སྒུར་དང་བཞིན་དམར་དམར་དུ་འགྱུར་བ་ལས། འོས་འཚམ་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མ་རྙེད་པས། ངེད་གཉིས་ཀྱི་རང་རང་ས་ནས་ལྐུགས་པའི་བརྟུལ་ཞུགས་བཟུང་ནས་བསྡད་པ་ཡིན། དེ་ལྟར་ཡིན་རིང་ཞིག་འགོར་རྗེས་ངས་སེམས་ལ་རང་ཉིད་སྟག་ཤ་ར་ཞིག་ཡིན་པས་འདི་ལྟར་སྡོད་མི་འོས་སྙམ་སྟེ། སྙིང་སྟོབས་བརྒྱ་དང་སྤོབས་པ་སྟོང་བསྐྱེད་དེ་བཙན་གྱིས་འཛུམ་ཞིག་སྟོན་བཞིན༼ཁྱོད་ཁྱོད་ཁྱོད་ཡིན་ནམ། ཁྱོད་ཀྱི་རྐང་པ༽ཟེར་བཞིན་ཡར་ལངས་པ་ཡིན།
༼འོ། བཀའ་དྲིན་ཆེ། ངའི་རྐང་པ་སྔར་ནས་དྲགས་ཟིན། ཉིན་དེར་ཁྱོད་ཀྱིས་ང་ལ་རོགས་རམ་མི་དམན་པ་ཞིག་བྱས་པས། དེ་རིང་ང་ཆེད་དུ་ཁྱོད་ལ་བཀའ་དྲིན་ཞུ་རུ་ཡོང་བ་ཡིན༽
༼དེ་སྐད་མ་བཤད།༽
མཚམས་དེར་ངས་གཞོན་ནུ་མ་དེས་ང་རང་བཙལ་དོན་གྱི་ཕུགས་རྟོགས་ཏེ། ༼ང་ཚོས་སློབ་གྲྭ་གཅིག་གི་ནང་དུ་སློབ་སྦྱོང་བྱེད་པ་དང་། སླ་ང་གཅིག་གི་ནང་དུ་ཟ་མ་བཟའ་བཞིན་ཡོད་པས། ཕན་ཚུན་ལ་རོགས་རམ་འདྲ་བྱེད་རྒྱུ་ནི་མ་བཤད་ཀྱང་ཤེས་དགོས་པ་ཞིག་དང་། མ་བཅོལ་རུང་ལས་འོས་པ་ཞིག་མིན་ནམ། ཉིན་དེར་ཁྱོད་ཀྱི་རྐང་པ་ཡང་ཚབས་ཆེ་བར་སྣང་བས། ངས་མ་མཐོང་ཁུལ་བྱས་ཏེ་ལྟད་མོར་བལྟས་ནས་འདུག་སྲོལ་ག་ལ་ཡོད།༽
ངས་དེ་སྐད་བཤད་པ་ན་མོས་བཞིན་མདངས་ཇེ་དམར་དང་མགོ་བོ་ཇེ་སྒུར་དུ་འགྲོ་བ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པས། ངས་མུ་མཐུད་དུ༼ངའི་མིང་ལ་བླ་མ་ཟེར། རྩེ་ཁོག་གི་ཡིན༽ཞེས་དང་། ༼དེ་རིང་ནས་བཟུང་ང་ཚོ་ཡང་གསར་དུ་ངོ་ཤེས་པའི་གྲོགས་པོ་ཡིན་པས་རྗེས་སོར་ཕན་ཚུན་ལ་རོགས་འདྲ་བྱེད་རྒྱུ་བརྗེད་མི་ཉན༽ལ་སོགས་སྐད་ཆ་མང་པོ་ཞིག་བར་མ་ཆད་པར་བཤད་པ་ཡིན།
གཞོན་ནུ་མ་དེར་སེང་ལྕམ་འབྲུག་མོ་ལྟ་བུའི་ཡག་མོ་སྒོ་མེད་ལ། ཡིད་འཕྲོག་ལྷ་མོ་འདྲ་བའི་གཟུགས་སྐྱེས་ལུས་ཀྱང་མེད། ཡིན་ན་ཡང་ཉི་དགའ་མེ་ཏོག་གི་དབྱིབས་དང་མཚུངས་པའི་གདོང་ལ་ནམ་རྒྱུན་འཛུམ་གྱིས་ཁེངས་ཤིང་། དཀྱུས་རིང་བའི་མིག་ཟུང་ཁྲ་རིག་རིག་བྱེད་པ་དེས་མོ་རང་གཤིས་བཟང་གཞུང་དྲང་ཞིག་ཡིན་པ་ཡང་རང་བཞིན་གྱིས་ཤེས་ཐུབ། མཉེན་ལྕུག་གི་ལུས་པོ་ཡང་རྒྱགས་རྒྱགས་ནས་རྗ་མ་ལྟ་བུ་ཞིག་མིན་ལ། སྐམ་སྐམ་ནས་རྩི་ཏོ་ལྟ་བུ་ཞིག་ཀྱང་མ་ཡིན་པར། མིག་ལ་ཡག་ཀྱང་སྙིང་དུ་སྡུག་པ། བློར་འབབ་པ་ཞིག་ཡིན།
འོ། ཁྱོད་ཀྱིས་གཞོན་ནུ་མ་དེའི་གནས་ཚུལ་གསལ་བོར་ཤེས་འདོད་ཡོད་སྲིད་པས། ཁ་ཁོག་པའི་མ་གསང་བ་དང་། གློ་རྒྱུ་མས་མ་སྐུང་བར་དྲང་མོར་བཤད་ན་མོའི་མིང་ལ་བུ་མོ་མཆོག འོ་མ་རེད་མ་རེད། མཱ་ཞའོ་ཧྭ་ཟེར་ཞིང་གཅན་ཚ་སྣང་རའི་ཡིན།
༼ཨ། མཱ་ཞའོ་ཧྭ།༽
༼ཧ་ཧ་ཧ༽
བླ་མས་ངའི་ཡ་མཚར་བའི་ཚུགས་ཀ་མཐོང་སྟེ། ༼ཁྱོད་ཧ་ལས་ཐལ། ཡིན་ན་ཡང་མཱ་ཞའོ་ཧྭ་ནི་ཁ་ཆེ་བ་ཞིག་ཡིན་པས་ཡ་མཚན་སྤུ་ཙམ་ཡང་སྐྱེས་དོན་མེད། དང་ཐོག་མཱ་ཞའོ་ཧྭས་ཀྱང་མོའི་མིང་ལ་བུ་མོ་མཆོག་ཟེར་བ་དང་། ཕ་ཡུལ་གཅན་ཚ་སྣང་ར་ཡིན་ཚུལ། ཕ་མ་གཉིས་ཀ་གཅན་ཚ་རྫོང་མི་དམངས་སྨན་ཁང་གི་སྨན་པ་ཡིན་ཚུལ། རང་ཉིད་ལ་མིང་སྲིང་མེད་ཚུལ་སོགས་བཤད་པས། ངས་ཀྱང་མོ་ནི་ཁ་ཆེ་བ་ཞིག་ཡིན་པ་གཏན་ནས་མ་ཤེས་པ་མ་ཟད། ད་དུང་ངེད་གཉིས་ངོ་ཤེས་ནས་གྲོགས་པོར་གྱུར་རྗེས། མཱ་ཞའོ་ཧྭ་ནི་ཕྱི་འཇམ་པོ་རྒྱ་དར་དཀར་པོ་དང་། ནང་འཇམ་པོ་མར་དཀར་རིལ་བུ། གཤིས་བཟང་པོ་དར་གྱི་སྐུད་པ་ལྟ་བུ་ཞིག་ཡིན་པ་གཞི་ནས་ཤེས་པས། སེམས་གཏིང་ནས་མོ་ལ་ཡིད་སྨོན་ཤོར་ཏེ་ནམ་རྒྱུན་དུ་སྙིང་སྟོབས་བརྒྱ་དང་སྤོབས་པ་སྟོང་བསྐྱེད་དེ་མོར་དགའ་ཚུལ་དང་འགྲོག་འདོད་ཆེ་ཚུལ་གྱི་སྙིང་གཏམ་བཤད་པ་དང་། སེམས་ལ་ཡང་མཱ་ཞའོ་ཧྭ་ནི་གནམ་རྒན་མས་རང་ལ་གནང་བའི་ཆུང་མ་ཡིན་ལ། སྡུག་གི་ཁུར་བོ་འཁུར་གྲོགས་དང་སྐྱིད་ཀྱི་རྟ་ཕོར་བཞོན་གྲོགས་རེད་སྙམ་ཞིང་། སློབ་མཐར་ཕྱིན་རྗེས་སྐེ་འཇུས་ལག་འཇུས་བྱས་ཏེ་ཕྱིར་ཕ་ཡུལ་ལ་སོང་ནས་དྲིན་ཆེན་ཕ་མ་དང་ལྷན་དུ་སྐྱིད་པའི་འཚོ་བ་རོལ་ཆོག་སྙམ་ནས་དགའ་སྤྲོ་ཚད་མེད་ཅིག་སྐྱེས་མོད། ངས་སེམས་ཁོང་གི་རེ་བ་དང་མ་འོངས་པའི་འདུན་ན་གླེང་སྐབས་མཱ་ཞའོ་ཧྭས་ཁ་མི་གྲག་དབུགས་རིང་ནར་ནར་དང་། ལན་མི་འདེབས་མགོ་བོ་སྒུར་སྒུར་བྱེད་པ་ལས། འཐད་པའི་ཡ་ལན་དང་མི་འཐད་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པས། ང་ཡང་སེམས་འགུལ་བའི་ཞོར་ལ་འདང་རྒྱག་ཅིག་དང་། བློ་མགུལ་བའི་ཞོར་དུ་ཐེ་ཚོམ་ཞིག་རང་བཞིན་གྱིས་སྐྱེས་སོང་།
ལོ་ཟླ་ཉིན་ཞག་གི་འཁོར་འགྲོས་དང་བསྟུན་ནས་ངེད་གཉིས་ཀྱི་སླད་མེད་རྣམ་དག་གི་འབྲེལ་བ་དེ། བྱ་ཕྲུག་ཅིག་ཡིན་ན་གཤོག་རྩལ་རྒྱས་པ་དང་། ཉ་ཕྲུག་ཅིག་ཡིན་ན་རྐྱལ་རྩལ་རྫོགས་ཏེ་ཉིན་གཅིག་ལ་མ་མཐོང་ན་སེམས་མི་སྐྱིད་པའི་མཚམས་དེར་སླེབས་དུས། ད་གཟོད་མོ་རང་ཁ་ཆེ་བ་ཞིག་ཡིན་པ་གཞི་ནས་ཤེས་པ་ཡིན།
བཞི།
དེ་ཡང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་ཅུའི་ལོའི་དབྱར་གནང་གཏོང་སྐབས། ངས་མཱ་ཞའོ་ཧྭ་སྐྱེལ་ཏེ་རྨ་ལྷོ་རླངས་འཁོར་ས་ཚིགས་སུ་སོང་བ་དང་། རླངས་འཁོར་གཏོང་གྲབས་བྱེད་སྐབས་མཱ་ཞའོ་ཧྭས་སྟོད་ལྭའི་ཨམ་ཕྲག་ནང་ནས་ཚིལ་དྲགས་ཆགས་པའི་ཡིག་ཤུབས་ལྟེབ་མ་ཞིག་བཏོན་ཏེ་ངའི་ལག་ཏུ་བཞག་པ་དང་། ངའི་གདོང་ལ་ཅེར་ཏེ་ཡུན་རིང་ཞིག་འགོར་རྗེས༼རླངས་འཁོར་གཏོང་རན་ཐལ། བདེ་མོ༽ཟེར་བཞིན་ལག་པ་ཚུར་བསྲིངས་བྱུང་བས། ངས་ཀྱང་མོའི་ལག་པ་དམ་པོར་བཙིར་ཏེ༼ལམ་ནས་སེམས་ཆུང་བྱོས། ད་བདེ་མོ༽ཞེས་བཤད་པ་ན། མོས་མིག་མཐར་མཆི་མ་འཁྱིལ་བཞིན་ཡང་བསྐྱར༼བདེ་མོ༽ཞེས་བཤད་རྗེས་རླངས་འཁོར་ནང་དུ་རྒྱུགས་སོང་།
ངའི་ཡི་གེ་ཨམ་ཕྲག་ནང་དུ་བཅུག་རྗེས། མྱུར་དུ་ཕར་ལ་སོང་སྟེ་མཱ་ཞའོ་ཧྭར་སེམས་གསོ་ཞིག་བྱེད་དགོས་སྙམ་ན་ཡང་། དེ་མ་ཐག་འགྲུལ་བཞུད་རླངས་འཁོར་གྱིས་བསྟུད་མར་དུང་བརྡ་རྒྱག་བཞིན་བཞུད་འགོ་བརྩམས་ཤིང་། རིམ་བཞིན་ཇེ་མགྱོགས་ཇེ་མྱུར་ལ་སོང་། མཱ་ཞའོ་ཧྭས་མགོ་བོ་སྒེའུ་ཁུང་ཁར་གཏད་ཅིང་། ལག་པ་ཕྱི་རུ་བསྲིངས་ནས་ང་ལ་བདེ་མོའི་ལག་བརྡ་ཡང་ཡང་གཏོང་བཞིན་རྒྱང་རིང་ནས་རྒྱང་རིང་དུ་སོང་ཞིང་། ཇེ་ཆུང་ནས་རབ་རིབ་ཏུ་གྱུར་སོང་། སྐབས་དེར་ང་ཡང་ལམ་འགྲམ་གྱི་ཅུང་མཐོ་བའི་དེའུ་འབུར་ཞིག་གི་སྟེང་དུ་རྒྱུགས་ཏེ། ཕྱི་རྟིང་ཇེ་མཐོར་བཏང་སྟེ་མོར་བདེ་མོའི་ལག་གཡུག་ཡང་ཡང་བྱས་པ་དང་། འགྲུལ་བཞུད་རླངས་འཁོར་མིག་ལམ་ནས་ཡལ་རག་བར་དུ་དེར་ཐོ་ལྟར་འགྲེང་ནས་བསྡད་པ་ཡིན།
རྨ་ལྷོ་ཁུལ་ནི་གནའ་བོའི་མཁར་རྫོང་ཞིག་དང་འདྲ་བར་ཕྱོགས་བཞི་རི་ཁྱུ་མཐོན་པོས་བསྐོར་བ་དང་། དྭངས་གཙང་གི་དགུ་ཆུ་སྔོན་མོ་ནི་གཡུ་འབྲུག་ཅིག་གཡས་འཁྱོག་གཡོན་འཁྱོག་བྱས་ཏེ་གནས་འདི་ནི་གར་སྟབས་བསྒྱུར་བ་དང་མཚུངས་ལ། ལྷུང་ལྷུང་གི་བཞུར་སྒྲ་སྙན་མོ་ལྷང་ལྷང་སྒྲོག་བཞིན་བྱང་ཕྱོགས་སུ་དལ་གྱིས་འབབ་ཅིང་། དེའི་འགྲམ་ངོགས་སུ་དེང་རབས་ཀྱི་བཟོད་བཀོད་མི་འདྲ་བའི་ཁང་བརྩེགས་སྣ་ཚོགས་བརྗིད་ཆགས་ལྷུན་གྱིས་གྲུབ་ཅིང་། འབུ་སྡོམ་གྱི་དྲ་རྒྱ་འཐེན་པ་ལྟ་གཞུང་ལམ་སྟེང་དུ་དབྱིབས་སྣ་ཚོགས་དང་མདོག་འདྲ་མིན་གྱི་རླངས་འཁོར་སྣ་ཚོགས་ཀྱིས་དུང་བརྡ་སྒྲོག་བཞིན་ཕྱོགས་བཞི་མཚམས་བརྒྱད་ལ་བགྲོད་བཞིན་འདུག
ང་ཡང་ཉིན་དེར་ཡུལ་ལ་འགྲོ་དགོས་པས། མཱ་ཞའོ་ཧྭ་སྐྱེལ་རྗེས་བསམ་རྒྱུ་དྲན་རྒྱུ་མེད་པར་སློབ་གྲྭར་ལོག་ཅིང་། ཉལ་ཐུལ་ཉལ་སྟན་གཉིས་ལེགས་པོ་ཞིག་ལྟེབ་སྟེ་སྒམ་ནང་དུ་བཞག་རྗེས། སྒམ་ནང་གི་ལྭ་བ་གསར་བ་དེ་བླངས་ཏེ་མལ་ཁྲིའི་སྟེང་དུ་བཞག་རྗེས། རང་གི་གོན་ཡོད་པའི་ལྭ་བ་ཕུད་རྩིས་བྱེད་སྐབས་ད་གཟོད་མཱ་ཞའོ་ཧྭས་བྱིན་པའི་ཡི་གེ་དེ་ཡིད་ལ་དྲན་པས། ལྭ་བ་ཡང་མ་ཕུད་པར་ཡིག་ཤུབས་གཤག་སྟེ་བལྟས་པ་ན་འདི་ལྟར་བྲིས་འདུག
༼བླ་མ། འུ་གཉིས་ནི་སློབ་གྲྭ་གཅིག་གི་སློབ་གྲོགས་དང་། དགེ་རྒན་གཅིག་གི་དགེ་ཕྲུག ཕུ་ནུ་ལྟ་བུའི་བཟང་ས་བྱེད་པ་ལས། ཁྱོད་ཀྱིས་བཤད་པ་ལྟར་ཕན་ཚུན་ལ་ཁྱོ་ག་དང་ཆུང་མ་ཟེར་བའི་ལས་དབང་མེད་དེ། རྒྱུ་མཚན་ནི་ངའི་མིང་དངོས་ལ་མཱ་ཞའོ་ཧྭ་ཟེར་ཞིང་། བུ་མོ་མཆོག་ནི་ངས་སློབ་ཆུང་འདོན་སྐབས་བོད་དགེ་རྒན་བཟང་པོས་བཏགས་པའི་བོད་མིང་ཡིན་པ་དང་། ང་ནི་བོད་དགེ་རྒན་བཟང་པོའི་བྱམས་སྐྱོང་དང་བོད་རིགས་བྱིས་པའི་ཁྲོད་དུ་ནར་སོན་པའི་ཁ་ཆེ་བ་ཞིག་ཡིན་ལ། ངའི་ཕ་མ་གཉིས་ནི་ཁ་ཆེ་བ་དངོས་ཡིན། དེར་བརྟེན་ཁྱོད་ཀྱིས་རྒྱུན་དུ་སྤོབས་པ་ཆེར་བསྐྱེད་དེ་སེམས་ཁོང་གི་སྐད་ཆ་དང་། མ་འོངས་པའི་འདུན་མ་གླེང་སྐབས་ངའི་མིག་མཐར་མཆི་མ་འཁྱིལ་བ་དང་། སེམས་ནས་སྡུག་བསྔལ་བྱེད་པ་ལས། ཁྱོད་ཀྱིས་སེམས་ལ་འཛིན་རྒྱུའི་ཚིག་དང་། རུམ་དུ་བསྡུ་རྒྱུའི་བྲོ་ཞིག་གཏན་ནས་སྟེར་མ་ཕོད།
བླ་མ། ཁྱོད་ཀྱིས་ཡི་གེ་འདིར་བལྟས་རྗེས་སེམས་ཕམ་ཞིང་ཡིད་སྐྱོ་བ་ངས་ཤེས་ཡོད། ཡིན་ན་ཡང་འུ་གཉིས་ཀྱི་འབྲེལ་བ་དེ་ཆར་རྗེས་ཀྱི་ཤ་མོ་དང་། གསར་སྐྱེས་ཀྱི་ལྗང་མྱུག་དང་འདྲ་བར་ཉིན་རེ་བཞིན་ཇེ་སྔོ་དང་། ཞག་རེ་བཞིན་ཇེ་རྒྱས་ཡིན་པས། མུ་མཐུད་དུ་འདི་ལྟར་སོང་ཚེ་ནམ་ཞིག་ལ་འུ་གཉིས་ཀྱི་གངས་དཀར་སེམས་ལ་སྡུག་བསྔལ་ཁ་བ་རྩིག་རྩིག་དང་། སེར་བ་འབབ་འབབ་བྱེད་པ་གདོན་མི་ཟ་བས། ཆུ་མ་འོང་གོང་གི་རགས་དང་། དགྲ་མ་འོང་གོང་གི་དོགས་ཞེས་པའི་དཔེ་ལྟར། ངས་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ཟླ་གསུམ་ལ་ཨམ་ཕྲག་ནང་དུ་བཅུག་པའི་ཡི་གེ་འདི་ཁྱོད་ལ་མི་སྤྲོད་ག་མེད་བྱུང་།
བླ་མ། བོད་ཀྱི་ཆོས་ལུགས་སུ་སྐྱེ་བ་སྔ་ཕྱིར་ཡོད་པར་བཤད་པས། གལ་ཏེ་དེ་བདེན་ན་སྐྱེ་བ་གཞུག་མར་འུ་གཉིས་རིགས་གཅིག་གི་རྒྱུད་དུ་སྐྱེས་ཏེ། བགེགས་དང་བར་ཆད་མེད་པར་ཁྱིམ་གཅིག་ལ་འཛོམས་ཐུབ་པའི་སྨོན་ལམ་འདེབས། ཁ་བྲོ། མཱ་ཞའོ་ཧྭ་ནས་ཟླ་ཚེས་ལ༽ཞེས་བྲིས་འདུག
ངས་དབུགས་ཐེངས་གཅིག་གིས་ཡི་གེ་དེར་བལྟས་ཚར་བ་ན། གཡའ་དྭགས་པའི་སེམས་ཀྱི་ནམ་མཁར་སྐྱོ་བའི་སྤྲིན་ནག་ལང་ལོང་དུ་འཁྲིག་པ་དང་། ཡི་གེ་བཟུང་བའི་ལག་པ་དེ་ཡང་རླུང་གིས་བསྐྱོད་པའི་ལྗོན་ཤིང་དང་འདྲ་བར་འདར་སིག་སིག་བྱེད་ཅིང་། མིག་མཐར་ཡང་རང་དབང་མེད་པར་མཆི་མའི་རྒྱ་མཚོ་ཞིག་འཁྱིལ་སོང་། ཨ་ཤུ༽
བླ་མས་བཤད་མཚམས་བཞག་ཅིང་། ཁ་ནས་བར་མེད་དུ་ཤུགས་རིང་འཐེན་པ་དང་། ད་ཅི་ཧ་ཧ་ཧོ་ཧོ་ཟེར་བའི་ངོ་མདོག་ཀྱང་གློ་བུར་དུ་འགྱུར་ཏེ། མིག་ཟུང་བཙུམ་བཙུམ་དང་མཆོ་ཏོ་འབུར་འབུར་བྱེད་པར་བལྟས་ན། འདས་ཟིན་པའི་དོན་དག་དེས་ད་ལྟ་ཡང་ཁོའི་སེམས་ནས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ཤེས་ཐུབ། བླ་མ་སྔར་བཞིན་ཁ་རོག་གེར་འདུག་པས། ངས་གོ་སྐབས་དེ་དང་བསྟུན་ནས་འོ་ཇ་ཁམ་གང་ཧུབ་འཐུང་བྱས་རྗེས་བླ་མའི་ཁ་བརྡའི་མུ་ལ་སྒུག་པ་ཡིན།
ལྔ།
དེ་ལྟར་ཆུ་ཚོད་སྐར་མ་གཉིས་ཙམ་འདས་པ་ན་བླ་མས་མུ་མཐུད་དུ་བཤད་རྒྱུར། ༼དེ་ལྟར་ངས་གཟུགས་མེད་ཀྱི་སྡུག་གི་ཁུར་བོ་ལྕི་མོ་ཞིག་འཁུར་ནས་ཡུལ་ལ་ལོག་པ་དང་། སྡུག་བསྔལ་གྱི་དབུགས་རིང་ཁྲོད་ནས་ཉིན་མཚན་རེ་རེ་བཞིན་ཕར་ལ་བསྐྱལ་བ་དང་། ཡིད་སྐྱོ་བའི་ཕྱིར་དྲན་དང་བསྡོངས་ནས་ཚུར་བསུས་པ་ཡིན། ཉིན་དེ་དག་གི་རིང་དུ། ངས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་དཔྱད་པ་དང་། བློ་རྩེ་ཉི་ཤུ་རྩ་བཏང་སྟེ་ཞིབ་འདང་རྒྱབ་པ་ན། མཇུག་མཐའི་སྡོམ་ཚིག་ནི་གཉིས་ཏེ། གཅིག་ནི་མཱ་ཞའོ་ཧྭ་དང་ལྷན་དུ་ཚེ་གཅིག་གི་འཚོ་བ་རོལ་འདོད་ན། ཕ་ཡུལ་ཟེར་ནས་ཡོང་ས་དང་། ཕ་མ་ཟེར་ནས་འབོད་ས། ཤ་ཉེ་ཟེར་ནས་གླེང་ས་མེད་པ་ཞིག་བཟོས་ཏེ། ཐང་གི་སྐད་ཆ་མ་གོ་ཁུལ་དང་གླིང་གི་མྱི་ཁ་མ་ཐོས་ཚུལ་བྱས་ཏེ། རྣ་འོན་པ་དང་མིག་ལོང་པ་བྱེད་དགོས། ཅིག་ཤོས་ནི་ཐེངས་འདིའི་གོ་སྐབས་བེད་སྤྱད་དེ་སེམས་ཀྱི་ཁང་བཟང་ནང་དུ་གཞིས་སྡོད་བྱས་པའི་མཱ་ཞའོ་ཧྭ་ཐབས་བརྒྱ་ཇུས་སྟོང་གི་ཕྱིར་ཕུད་དགོས་པ་དེ་རེད། པད་དབང་། ངས་འདི་གཉིས་ལས་གང་ཞིག་གདམ་ན་འགྲིག གནད་དོན་འདི་ལྟ་བུར་འཕྲད་ན་ངོ་མ་དཀའ་མོ་ཡིན་པས། སྐབས་དེར་ང་དངོས་ནས་ཐབས་ཟད་འུ་ཐུག་ཏུ་བཅུག་སོང་།༽
ཉིན་ཞིག་གི་གུང་ཇ་འཐུང་སྐབས་ཨ་ཕས་ང་ལ༼བླ་གོ ད་ལྟ་ཁྱོད་ཀྱང་ཕོ་ལོ་ལྔ་བཞི་ཉི་ཤུར་བུད་ཟིན་པས་སློབ་གྲྭ་ནང་དུ་ཆུང་མ་ཞིག་བཙལ་ཨེ་ཡོད། ད་ཁལ་གཅིག་གི་དོ་ཡ་དང་། ཚེ་གང་གི་བཟའ་ཟླ་ཞེས་པའི་དཔེ་ལྟར། སྐྱིད་ཀྱི་རྟ་ཕོར་བཞོན་རོགས་དང་། སྡུག་གི་ཁུར་བོ་འཁུར་གྲོགས་ཤིག་མི་དགོས་སམ། ཁྱོད་ཚོ་ལས་བྱེད་པ་ཚོ་རྩྭ་ཐང་གི་འབྲོག་མོ་ཚོར་ཞེ་མི་འཁོར་བས། ཨ་མ་ངེད་གཉིས་ཀྱིས་ཀྱང་ཡིན་གཅིག་མིན་གཉིས་ལ་ཕྱུགས་རྫི་མ་ཞིག་ལེན་དགོས་པའི་སྐད་ཆ་མི་བཤད། བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བསྲུབས་འོ་མའི་མར་ལོ་ཅི་ཡིན་ཟེར་ན། རང་གི་སེམས་ན་ཡོད་པ་དང་རང་གིས་བློར་འབབ་པ་ཞིག་ཚོལ། གང་ལྟར་མི་རིགས་གཅིག་ཡིན་པ་དང་། བཤད་རྒྱུ་གཏམ་རྒྱུ་མེད་ན་དེ་རེད། ཨེ་གོ་ཐལ༽ཟེར།
ཨ་གནམ་རྒན་མ། ཨ་ཕའི་གཏམ་གློ་བུར་བ་དེས་ང་རང་བླ་འཁྱམས་སུ་བཅུག་སོང་། སྐད་ཆ་དེ་དག་ནི་ངའི་སེམས་ཁོང་གི་རེ་བའི་མེ་ཏོག་འཇོམས་པའི་སེར་བ་དང་། སྙིང་དབུས་ཀྱི་བདེ་བའི་པད་སྡོང་གཅོད་པའི་སྟ་རེ། མ་འོངས་འདུན་མའི་མེ་ལྕེ་གསོད་པའི་ཆུ་འཁྱག་དང་འདྲ་བར། ངའི་ལུས་ཀྱི་དོན་ལྔ་སྣོད་དྲུག་ཐམས་ཅད་ཉ་གེ་ཉོག་གེར་བཏང་བས། ངའི་ལུས་ལ་རང་དབང་མེད་པར་ཚ་བ་རྒྱས་ཤིང་། རྔུལ་ཆུ་ཐོན་པའི་ང་རང་འདུག་མི་བཟོད་པ་དང་། འགྲོ་མི་ཕོད་པ། དོགས་མི་བདེ་བ་ཞིག་ཏུ་བཏང་སོང་།
ངས་ཅང་མ་བཤད་པས་ཨ་མས། ༼སློབ་གྲྭ་ནང་དུ་ལ་ལུང་གི་མི་མང་པོ་ཡོད་པ་དང་། དེའི་ཁྲོད་དུ་རྒྱ་དང་ཁ་ཆེ། སོག་པོ་སོགས་མི་རིགས་མང་བ་མ་ཟད། ཐེའུ་རིང་དང་བོན་པོ་སོགས་ཀྱང་ཡོད་པས་རབ་ཡིན་ན་སང་ལོ་མཐར་ཕྱིན་རྗེས་ཡུལ་ཕྱོགས་ནས་བཙལ་ན་བཟང་། ཨ་ནེ་པད་པད་ཚང་གི་བུ་མོ་རིག་འཛིན་སྐྱིད་ཡང་སང་ལོ་མཐར་ཕྱིན་དགོས་པ་མིན་ནམ། དེ་བུ་མོ་ཡ་རབས་དཔེ་མེད་ཅིག་ཡིན། འུ་ཚང་གི་མནའ་མར་ལེན་ཐུབ་ན་བཟང་ལས་ངན་མེད༽ཅེས་ཨ་ཕའི་གཏམ་ལ་ཁ་སྣོན་བྱས།
སྐབས་དེར་ངས་ཀླད་པ་ཇི་ལྟར་འགུལ་རུང་། བསམ་བློ་གང་ལྟར་བཏང་རུང་། རང་གི་སེམས་སུ་ཡུན་རིང་སྦས་པའི་གསང་བའི་ཆུ་བོ་དེ་ཕ་མའི་རྣ་བའི་ཡུར་བ་ནང་དུ་བཞུར་རུ་འཇུག་མ་ཕོད། རྒྱུ་མཚན་ནི་ངའི་ཕ་མ་གཉིས་ནི་རྗེས་ལུས་ཀྱི་བསམ་བློ་རྡོ་ལྟར་མཁྲེགས་པའི་འབྲོག་པ་ཡིན་པས། གལ་ཏེ་ངས་ཁ་ཆེའི་བུ་མོ་ཞིག་ཆུང་མར་བསུ་རྒྱུའི་གཏམ་དེ་གོ་ཚེ། ཞེ་སྡང་མཛོ་འདྲ་བ་ཞིག་ལངས་པ་དང་། ཁོང་ཁྲོ་མེ་ལྟ་བུ་ཞིག་འབར་ཏེ་ངའི་གདོང་ལ་འཕྱ་དམོད་ཀྱི་ཁ་ཆུ་འཕེན་པ་དང་། རྣ་བར་སྡིགས་མོའི་གྲིས་བསྣུན་པ། སྙིང་ལ་བསྲན་དཀའི་ཐོང་འཛུགས་པ། ལུས་ལ་བཟོད་དཀའི་ལྕག་གིས་གཞུས་ངེས་པ་མ་ཟད། ངའི་ཨ་ཕ་ནི་ཁ་བཤད་དོན་ལ་གནས་པ་དང་། དོན་བཤད་ལག་གིས་ལས་ཐུབ་པའི་མི་ཨུ་ཚུགས་ཅན་ཞིག་ཡིན་པས། གལ་ཏེ་ཁ་སྤོ་ཁ་ནས་ལངས་ཤིང་། ཞེ་སྤོ་གཏིང་ནས་ལངས་ཏེ། ཚེ་ཟད་ཟེར་ནས་བསྐོར་འདེད་དང་། བླ་སྒུལ་ཟེར་ནས་སྒོ་ལ་ཕུད་ཚེ། ངས་སེམས་སྨྲེང་སྨྲེང་དང་། ཞེ་སྡུག་སྡུག་བྱེད་པ་ལས་ཐབས་བཀོད་པ་ཁབ་སྐུ་ཙམ་ཡང་མེད་པས་ཡིན། ཨ་ཁ། ད་ནི་བཤད་བསམ་ན་སྙིང་གིས་མི་ཚུགས། བསྐྱུར་འདོད་ན་ཡིད་ཀྱིས་མི་ནུས་པས་ཅི་བྱ། སྐབས་དེར་སློབ་གྲྭ་འཚོགས་རག་བར་དུ་ཉིན་གཉིས་ལས་མེད་མོད། ངས་མཱ་ཞའོ་ཧྭ་དྲན་དྲགས་པས་ཉིན་གཉིས་ནི་ཟླ་གཉིས་ལྟར་ཕར་ལ་འགྲོ་རྒྱུ་མེད་པ་དང་། ཚུར་ལ་ཐོན་རྒྱུ་མེད་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་སོང་།
དྲུག
སློབ་འགོ་བརྩམས་ནས་ཉིན་ཁ་ཤས་འགོར་ཟིན། ཡིན་ན་ཡང་ང་མཱ་ཞའོ་ཧྭ་ལ་ཐུག་མ་ཕོད། རྒྱུ་མཚན་མེད་པ་ག་ལ་ཡིན། དབྱར་གནང་སྐབས་ཀྱི་ཕ་མའི་སྐད་ཆ་དེ་དག་དང་། ལྷག་པར༼མི་རིགས་གཅིག༽ཅེས་པའི་སྐད་ཆ་དེ་ནི་མེ་ལོང་ནང་གི་གཟུགས་བརྙན་དང་། ཡོལ་རས་ངོས་ཀྱི་སྣང་བརྙན་དང་འདྲ་བར་ངའི་གངས་དཀར་སེམས་སུ་ཁྲི་ཆིལ་ལེར། ཀླད་པ་ནང་དུ་གསལ་གྱིལ་ལེར། འདྲེན་བྱེད་ལམ་དུ་རྗེན་ལྷང་ངེར་འདུག་པས། ངས་གོམ་གསུམ་སྤོས་ན་ཉྭ་འདར་ཞིང་ཚིག་གསུམ་བཤད་ན་ངག་ལྐུགས་པས། ཡིད་སེམས་སྐྱ་མོ་སྡུག་དང་། ཁྲ་ཆུང་མིག་མཐར་མཆི་མས་ཁེངས་ཏེ་སྡོད་པ་ལས་ཐབས་ཅི་ཡོད།
༼ཡ། ཡོན་ཏན་པ། ཉི་མ་ནང་ནས་དཔེ་ཆར་བལྟས་ན་ཨང་གྲངས་སྟོང་ཅན་གྱི་ཤེལ་མིག་གོན་དགོས་རྒྱུ་རེད། ༽
ཉིན་ཞིག་གུང་ཇ་འཐུང་རྗེས་ངས་རང་སེམས་ཀྱི་སྡུག་གི་མུན་པ་དེ་སངས་ཆེད་རྩལ་སྦྱོང་ར་བར་སོང་ནས༼སྦྲང་ཆར༽ཞིག་ལ་ལྟ་བཞིན་སྡོད་སྐབས། མཱ་ཞའོ་ཧྭའི་གྲོགས་མོ་ལྷ་མོ་འཚོ་ཡོང་ནས་ངའི་གམ་དུ་ཙོག་རྗེས། ༼ཅི་རེད། མི་དགའ་འམ། འཛིན་གྲྭ་གཅིག་གི་སློབ་གྲོགས་དང་། དགེ་རྒན་གཅིག་གི་དགེ་ཕྲུག མིང་སྲིང་ལྟ་བུའི་བཟང་སར་ཁ་ཡ་མི་བྱེད་བསམ་པ་ཨེ་ཡིན། ཁྱོད་ཀྱི་མགོ་ན་གནམ་དང་འོག་ན་ས་མ་གཏོགས་མེད་པས། བདག་ལ་ཁ་ཡ་མ་བྱས་ཀྱང་གནད་དོན་ཆུང་ཆུང་རེད། ཡིན་ན་ཡང་བུ་མོ་མཆོག ཁྱོད་ཀྱི་ཆེད་དུ་ཡ་ཆུང་ཁོག་པ་སྡུག་དང་། མ་ཆུང་ཁོག་པ་རྣག་གིས་ཁེངས་པའི་བུ་མོ་མཆོག་སྣང་མེད་དུ་བསྐྱུར་ཕོད་དམ། ཨ་རོགས༽ཞེས་བཤད་རྗེས། ང་ལ་སྡང་མིག་ཅིག་བལྟས་པ་དང་ཏག་སེ་ཡར་ལངས་ཏེ་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་ག་ལེར་ཆས་སོང་།
ལྷ་མོ་འཚོ་ནི་ངའི་འདུག་གྲོགས་ཡིན་ལ། མཱ་ཞའོ་ཧྭ་དང་ངེད་གཉིས་ཀྱི་བར་བ་ཡང་ཡིན། སློབ་འགོ་རྩོམ་པའི་ཉིན་མོ་དེར་མོས་མཱ་ཞའོ་ཧྭ་དང་ངེད་གཉིས་ཀྱི་གནས་ཚུལ་མང་པོ་དྲིས་ན་ཡང་། ངས་སྡུག་བསྔལ་གྱི་འགོ་གླེང་སྟེ་རང་སྡུག་རིན་གྱིས་ཉོ་མི་འདོད་པས། མ་གོ་ཁུལ་དང་མ་ཤེས་ཚུལ་བྱས་ཏེ་མོར་ཁ་ཡ་མ་བྱས་མོད། ཡིན་ན་ཡང་དེ་རིངཨ་ཙི་ཙི། ད་དེ་ཚོར་བསམ་བློ་གཏོང་ཁོམ་མི་འདུག ཉོན་དང་སློབ་ཁྲིད་ཚོགས་པའི་ཅོང་སྒྲ་སི་ལིང་ལིང་གྲགས་བྱུང་།
ཅོང་སྒྲ་སི་ལིང་ལིང་གྲགས་བྱུང་། བླ་མ་ཡར་ལངས་བཞིན། ༼པད་དབང་། མཱ་ཞའོ་ཧྭ་དང་ངེད་གཉིས་ཀྱི་གཏམ་རྒྱུད་ནི་རི་རབ་ལྟར་དཔང་མཐོ་ཞིང་། རྒྱ་མཚོ་བཞིན་ གཏིང་ཟབ་པས་ཉིན་ཞག་གཉིས་ལ་བཤད་ཀྱང་རྫོགས་རྒྱུ་མེད། ད་ལྟ་དགོང་མོའི་རང་སྦྱོང་གྲོལ་བ་མ་ཟད་མལ་ཁང་གི་གློག་ཀྱང་གཟིམ་ལ་ཉེ༼སློབ་ཆུང་དགོང་མོའི་དུས་ཚོད་བརྒྱད་པའི་སྟེང་གློག་གཟིམ་པ་ཡིན༽ བས། ད་སྔ་མོ་ནས་ངལ་གསོས་ན་བཟང་། སང་ཉིན་བདག་ལ་སློབ་ཁྲིད་ཀྱང་ཡོད། འོ། ཁྱོད་ཀྱིས་མཱ་ཞའོ་ཧྭ་དང་ངེད་གཉིས་ཀྱི་གཏམ་རྒྱུད་ཀྱི་མུ་ལ་ཉན་འདོད་ན་ནངས་ཁ་ཕྱི་དྲོ་ཤོག་དང་བཤད་ཆོག་ཟེར།༽
ཀྭ་ཡེ། སྙིང་ཉེ་བའི་ཀློག་མཁན་རྣམ་པ། ད་ལྟ་ངེད་གཉིས་དངོས་ནས་ངལ་གསོ་རན་པ་མ་ཟད། ངས་དེ་རིང་འོ་ཇ་འཐུང་རྒྱུ་མང་དྲགས་པས་སྒོར་ཡང་སྔར་ནས་འབུད་དགོས་འདུག་པས། བླ་མའི་གཏམ་རྒྱུད་རེ་ཞིག་འདི་ནས་མཚམས་མི་འཇོག་ག་མེད་རེད། ཁྱེད་རྣམ་པས་ཐུགས་དལ་དལ་དང་སེམས་ལྷོད་ལྷོད་བྱོས་དང་། ནངས་ཁ་ཕྱི་དྲོ་ང་ཚོས་མུ་མཐུད་དུ་བླ་མའི་གཏམ་རྒྱུད་ལ་ཉན་ཆོག་ཆོག་ཡིན།
རྩོམ་ཁུངས། ངེད་དྲ་བ།