མལ་ཁང་ནང་གི་ལབ་གླེང་།

                                                    གཅིག
       རྣར་གཟན་པའི་སྒྲ་དབྱངས་དེ་གྲགས་ནས་ཡུན་རིང་ཞིག་འགོར་སོང་། དེ་ནི་སློབ་ཆེན་འདིའི་རྙིང་རྒྱུ་མེད་པའི་ཉལ་ཅོང་ཡིན་པ་སློབ་གྲོགས་ཚོར་ཁྲིགས་ཁྲིགས་ཡིན།  དེར་བརྟེན་དབྱངས་མ་གཏོགས་འབྲུ་མེད་པའི་སྒྲ་དབྱངས་དེ་གྲགས་མ་ཐག  སློབ་མ་ཚོ་སུན་སྣང་དང་བཅས་རང་རང་གི་མལ་ཁྲིའི་སྟེང་དུ་ཉལ་བའི་གོམས་སྲོལ་སྔ་མོ་ནས་ཆགས་ཡོད།  འོན་ཀྱང་དོ་དགོང་མལ་ཁང་ཨང15བའི་སློབ་གྲོགས་ཚོའི་བར་དུ་རྩོད་གཞི་ཞིག་བྱུང་བ་མ་ཟད།  དེ་ཡང་བརྩད་ཀྱིན་བརྩད་ཀྱིན་ཇེ་ཆེ་ནས་ཇེ་མང་ལ་སོང་བས་ཁོ་ཚོ་དུས་ལྟར་ཉལ་རྒྱུ་མིན་པ་ཐག་གིས་ཆོད།
༼ཞར་ར།  ཁྱོས་ལཱ་སྒྲོན་གྲ་སྒྲིག་བྱོས།༽
མིང་ལ་ལྷ་མགོན་ཟེར་ཞིང་མགོ་སྐྲ་འཇིལ་ལི་ཆགས་པའི་གསར་བུ་གཟུགས་ཐུང་དེས།  སྒྲོག་ཙེའི་གམ་དུ་དཔེ་ཆར་ལྟ་བཞིན་པའི་སློབ་བུ་ཤེལ་མིག་ཅན་ལ་དེ་ལྟར་བཀའ་ལྟ་བུ་ཞིག་བབ་པ་ན།  ཁོས་ཤེལ་མིག་ཡར་འདེད་ཙམ་བྱས་རྗེས་ཅི་ཡང་མི་སྨྲ་བར་སྒྲོག་ཙེའི་འཐེན་སྒམ་ཁ་ཕྱེས་ཤིང་།  ལཱ་སྒྲོན་རྐང་གཉིས་བཏོན་ཏེ་སྒྲོག་ཙེ་སྟེང་དུ་བཞག་རྗེས།  མིག་གིས་ལྷ་མགོན་ལ་ལྟ་བཞིན་རང་གིས་ལས་ཀ་དེ་སྒྲུབ་ཚར་བའི་བརྡ་བསྟན།
༼ཡ།  འོ་ན་ཚགས་པར་ཁང་ག་གེ་མོ་ཞིག་གིས2006ལོར་གསར་འགོད་པ་བསྡུ་ལེན་བྱེད་པའི་བརྡ་ཁྱབ་ཚགས་པར་སྟེང་དུ་སྤེལ་དུས།  རྒྱ་སྐད་ཀྱི面试ཞེས་པ་བོད་སྐད་དུ༼ ངོ་གཏུག་རྒྱུགས༽ཞེས་བསྒྱུར་འདུག  ཁྱོད་ཀྱིས་བལྟས་ན་དེ་འགྲིག་གམ། ༽
༼ ལོས་འགྲིག  面试ཞེས་པ་དོན་བསྒྱུར་བྱས་ན་ངོ་གཏུག་རྒྱུགས་རེད།༽
ལྷ་མགོན་ལས་གཟུགས་རིང་ཞིང་ཤ་ཅུང་རྒྱགས་པ་དང་།  མིག་ལ་སྤྱང་གྲུང་འཛོམས་པའི་སློབ་བུ་དེས་ཚིག་ཐག་བཅད་དེ་སྨྲས།  ཁོའི་མིང་ལ་རྒྱ་མཚོ་ཟེར་ཞིང་ཕ་ཡུལ་མཚོ་སྔོན་ལུང་བདུན་རྫོང༼乐都县༽གི་ཡིན།   བོད་རྒྱ་ཡིག་སྒྱུར་ལ་ཧ་ཅང་མཁས་པས་སློབ་གྲོགས་ཚོས་ཁོ་ལ༼ ནེ་ཙོ ༽ཞེས་པའི་མིང་ཞིག་བཏགས་ཡོད་པ་མ་ཟད།  གནམ་རྒན་མས་ད་དུང་རིན་མི་དགོས་པའི་མཆུ་ཏོ་རིང་ང་ཞིག་ཀྱང་བྱིན་ཡོད་པས།  ནང་གི་ཡོན་ཏན་དང་ཕྱིའི་བྱད་བཞིན་གང་གི་ཆ་ནས་བཤད་ན་ཡང་རྒྱ་མཚོར་མིང་དེ་འདྲ་ཞིག་བཏགས་ཆོག་ཆོག་ཏུ་སྣང་།
རྒྱ་མཚོས་ལན་དེ་སྐད་འདེབས་པ་ལྷ་མགོན་གྱིས་སྔར་ནས་ཤེས་ཡོད།  ལྷ་མགོན་ལ་མཚོན་ན་ད་དུང་རྒྱ་མཚོས་ལན་དེ་ལྟར་འདེབས་པར་རེ་བ་བྱེད་བཞིན་ཡོད། ད་ནི་ལྷ་མགོན་གྱི་འདོད་ཐོག་ཏུ་རྟ་རྒྱུགས་པས། ཁོས་སྐད་མགོ་ལྡབ་གཅིག་གིས་ཇེ་མཐོར་བཏང་རྗེས།  
༼ཡ།  面试ཞེས་པ་བོད་སྐད་དུ ༼ངོ་གཏུག་རྒྱུགས༽ཞེས་བསྒྱུར་དགོས་ན། ༼ 笔试༽ཆོས་ཅན།  ༼སྨྱུག་རྒྱུགས༽ཞེས་བསྒྱུར་དགོས་པར་ཐལ།  དོན་བསྒྱུར་ཡིན་པའི་ཕྱིར ༽ཞེས་དགག་པ་ན།  
རྒྱ་མཚོས་དེ་མ་ཐག༼རེད་ཡ། ༼笔试༽ཞེས་པ་དོན་བསྒྱུར་བྱས་ན༼སྨྱུག་རྒྱུགས༽མིན་ནམ༽ ཞེས་ཕྱིར་དགག་བྱུང་།
༼ཧ་ཧ་ཧ༽
ལྷ་མགོན་གད་མོ་ཞིག་བགད་རྗེས། ༼ སྙིང་ཉེ་བའི་ནེ་ཙོ་ལགས།  ངས་ད་བར་དུ 笔试ཞེས་པ༼ཡིག་རྒྱུགས༽མ་གཏོགས།  ༼སྨྱུག་རྒྱུགས༽དུ་བསྒྱུར་བ་མཐོང་མ་མྱོང་།  དེ་ལྟར་ན༼毛病༽ཞེས་པ་ཡང༼སྤུ་ནད༽དུ་བསྒྱུར་དགོས་པར་ཐལ།  དོན་བསྒྱུར་ཡིན་པས་ཕྱིར།  ཁྱོད་ཚ་བྱོས།  མཁས་པ་འཆུག་ན་འདོམ་གང༽ཟེར།
༼ འོ་ན་ཁྱོད་ཀྱིས་ཤོད་དང་།  ༼面试༽ཞེས་པ་བོད་སྐད་དུ་ཇི་ལྟར་བསྒྱུར་ན་ལེགས།༽
ལྷ་མགོན་གྱིས་རྒྱ་མཚོ་བགད་ནས་མ་ཚར་གོང་དེ་ལྟར་ཁ་འཕྲོག་སྟེ་བཤད་པ་མ་ཟད།  སྐད་ཆ་བཤད་དུས་བཞིན་མདངས་ཅུང་འགྱུར་འདུག་ལ།  སྐད་མགོ་ཡང་ད་ཅི་ལས་མཐོ་བས་ཕལ་ཆེར་ཁོང་ཁྲོ་ལངས་པ་འདྲ།
༼ངས་བལྟས་ན།  སྤྱིར་དོན་བསྒྱུར་བྱེད་སྐབས་ཐ་སྙད་གང་ཞིག་གི་དོན་གཙོ་བོར་འཛིན་དགོས་པ་བདེན་ན་ཡང་།  ཐ་སྙད་ལ་ལའི་ངོ་གདོང་གི་དོན་ཁོ་ནར་གཞིག་མི་རུང་སྙམ༽  ལྷ་མགོན་གྱིས་རྒྱ་མཚོར་ཅིག་བལྟས་རྗེས།  ༼དཔེར་ན།  ༼清真饭馆༽ཞེས་པ་བོད་སྐད་དུ༼དྭངས་གཙང་ཟ་ཁང༽ཞེས་བསྒྱུར་འདུག་མོད་མི་འཐད་དེ།  འོ་ན་བོད་དང་རྒྱ་ནག་སོགས་ཀྱི་ཟ་ཁང་དྭངས་གཙང་མིན་ནམ།  ༼清真༽ཞེས་པ་ནི་ཨི་ས་ལེན་ཆོས་ལུགས་ལ་དད་པའི་མི་རིགས་ཁོ་ནས་སྤྱོད་པའི་བརྡ་ཆད་ཅིག་ཡིན་པའི་ཆ་ནས།  ༼ཁ་ཆེ་ཟ་ཁང༽ཞེས་བསྒྱུར་ན་དོན་ལ་འབྱོར་སྙམ་པ་དང་།  དེ་བཞིན་དུ༼面试༽ཞེས་པ་ཡང༼ཁ་རྒྱུགས༽སུ་བསྒྱུར་ན་ཧ་ཅང་ལེགས་སྙམ།  ཁྱོད་ཀྱིས་བལྟས་ན༽ཟེར།
༼ རེད།  བསྒྱུར་བ་ཧ་ཅང་ལེགས༽རྒྱ་མཚོས་བདེན་ཁ་བྱིན།
སྤྱིར་ལྷ་མགོན་ནི་གནད་དོན་ཆེ་ཆུང་གང་ལ་འཕྲད་ན་ཡང་།  འཇིག་རྟེན་སྟེང་གི་མི་མང་ཆེ་བ་ལྟར་དྲང་ཕྱོགས་ནས་འདང་མི་རྒྱག་པར་ལྡོག་ཕྱོགས་ནས་དྲི་བ་འདོན་རྒྱུ་དགའ་བ་དེའི་རིགས་ཡིན་པས།  རྒྱུན་དུ་སློབ་གྲོགས་ཚོར་རྩོད་པ་རྒྱག་དགོས།  འོན་ཀྱང་ཁོ་ལ་བཟང་རི་བོ་འདྲ་ཞིག་ཡོད་པ་ནི།  རྩོད་གཞི་རིག་གནས་ལས་མི་འདའ་བ་དེ་རེད།  གལ་ཏེ་སུ་ཞིག་རྩ་དོན་དེ་ལས་འགལ་ཚེ་ཁོས་དེ་མ་ཐག༼ གླིང་ལ་གྲགས་པའི་བོད་ཉེ་རབས་ཀྱི་མཁས་པ་གཉིས་ཀྱིས་བུམ་པ་འཁོར་བ་ཡིན་མིན་བརྩད་བརྩད་མཐར།  རྩོད་གཞི་དོར་ཏེ་ཕ་མ་བོན་རྒྱུད་ཡིན་མིན་དང་།  སྔགས་རྒྱུད་ཡིན་མིན།  བུ་སྤུན་ཉེ་འབྲེལ་དག་གི་རིགས་རུས་གཙང་མིན།  ངོ་གདོང་ཡག་མིན།  གྱོན་ཆས་བཟང་ངན་སོགས་ཕན་ཚུན་མཚང་བསྔོག་བྱས་པར་བཤད།  དེ་ནི་སྐྱུག་བྲོ་བའི་སྐྱོ་གར་ཞིག་ཡིན་ན་བསྐྱར་དུ་འཁྲབ་དོན་མེད༽ཟེར་ནས་དེ་ལ་ཁ་ཡ་མི་བྱེད་པས།  ཁོ་ཚོའི་རྩོད་གཞི་རྒྱ་མི་ཆེ་ན་ཡང་རང་དབང་དང་འདྲ་མཉམ་ཞིག་ཡིན་པས།  སློབ་གྲོགས་ཚོ་ལྷ་མགོན་གྱི་རྩད་གྲྭར་ཞུགས་པའི་སྤྲོ་སེམས་ཧ་ཅང་ཆེ།
༼ལྷ་མགོན།  དེ་རིང་རྒྱ་རིགས་སློབ་མ་ཞིག་གིས་བོད་ལ་རིག་གནས་དུ་ཡོད་ཅེས་དྲིས་པར།  ངས་རིག་གནས་བཅུ་ཡོད་ཅེས་ལན་བཏབ་མོད།  རེ་རེ་ནས་བགྲང་རོགས་ཟེར་བར་ང་དམ་ལ་བཏགས།  ཁྱོད་ཀྱིས་བལྟས་ན་རིག་གནས་བཅུ་བོའི་མིང་རྒྱ་སྐད་དུ་ཇི་ལྟར་བསྒྱུར་ན་ལེགས༽
འདི་ནི་རྒྱ་མཚོས་བསམ་གཟས་ནས་ལྷ་མགོན་ལ་དྲིས་པ་རེད།  ལྷ་མགོན་གྱིས་རིག་གནས་བཅུ་བོའི་རྣམ་གྲངས་འདྲེན་ཤེས་པ་མ་ཟད།  དེར་རྒྱའི་སྐད་དུ༼十明文化༽ཟེར་བ་ཡང་ཤེས་མོད།  རྣམ་གྲངས་རེ་རེ་རྒྱ་སྐད་ཀྱིས་འདྲེན་མི་ཤེས།  འོན་ཀྱང་གནད་འགག་གི་སྐབས་སུ་ལ་རྒྱ་འཆོར་མི་འདོད་པས་ཁོས་དེ་མ་ཐག་རྩོད་གཞི་གཞན་ཞིག་གི་གླེང་བསླངས་ཏེ་འདྲི་ཚིག་དེར་གཡོལ་ཐབས་བྱས།
༼ཨ་ཙི།  ཁྱོད་ཀྱིས་བཤད་པ་ནོར་སོང་།  བོད་ལ་རིག་གནས་བཅུ་མ་ཟད་ད་དུང་ཡིག་ཐོག་གི་རིག་གནས་དང་ངག་ཐོག་གི་རིག་གནས།  མཁས་པའི་རིག་གནས་དང་སྐྱེ་བོ་ཕལ་བའི་རིག་གནས།  དངོས་རྫས་རིག་གནས་དང་དངོས་རྫས་མ་ཡིན་པའི་རིག་གནས་སོགས་རྣམ་གྲངས་མང་ནི་རེད༽
ལྷ་མགོན་གྱིས་མཛུབ་གུ་ནང་དུ་འགུག་བཞིན་དེ་སྐད་བཤད་དེ་རྒྱ་མཚོའི་མགོ་བསྐོར་སྙམ་ན་ཡང་།  སྟག་ལ་ཅི་བྲོ་ནགས་ལ་གསལ་ཞེས་པའི་དཔེ་ལྟར།  རྒྱ་མཚོས༼ དེ་ངས་ཀྱང་ལོས་ཤེས། ཐོག་མར་ཁྱོད་ཀྱིས་རིག་གནས་བཅུའི་མིང་རྒྱ་སྐད་དུ་སྒྱུར་དང་། རྣམ་གྲངས་གཞུག་ནས་བཤད༽ཅེས་ད་ཅིའི་དྲི་བ་དེའི་རྔ་མར་འཇུས་པས་ལྷ་མགོན་དངོས་ནས་ཁ་གྲགས་རྒྱུ་མེད་པར་བཏང་།
༼ དེ……དེ……དེ༽
ལྷ་མགོན་ངག་ལྐུགས་བཞིན༼དེ༽སྒྲ་ཙམ་ལས་བཤད་རྒྱུ་མ་རྙེད་པར་ལུས་སྐབས།  རྒྱ་མཚོས༼ ལོ་ཙཱ་ཞེས་པ་ནི་རིག་གནས་ཤིག་ཡིན་པ་ལས།  མིང་བརྡ་རེ་གཉིས་ཤིག་ལ་གོ་བ་མ་རེད།  ཁྱོད་ཀྱིས面试དང笔试ཤེས་པ་ཙམ་གྱིས་ང་ཕམ་པར་རྒྱག་ག་ལ་ཐུབ༽ཅེས་དགོད་བཞིན་བཤད།
༼ དེ་རང་རེད།  འོན་ཀྱང༽རྒྱ་མཚོས་འདང་ཞིག་བརྒྱབ་རྗེས།  ༼ འོན་ཀྱང་ཁྱོད་ཀྱིས་ཀྱང་དཀོན་མཆོག་གསུམ་གྱི་མིང་རྒྱ་སྐད་ཀྱིས་བཤད་མི་ཤེས་པ་མིན་ནམ༽ཟེར།
༼ཧ་ཧ་ཧ༽རྒྱ་མཚོས་ཧབ་ཆ་ཞིག་བརྒྱབ་རྗེས།  ༼གྲོགས་པོ་ལགས།  གསལ་བོར་ཉོན་དང་ཨ་ཁུས་རེ་རེ་བཞིན་བཤད།  མཆོག་གསུམ་ལ་རྒྱའི་སྐད་དུ三宝ཟེར་ཞིང་།  དེ་ལས་སངས་རྒྱས་ལ佛དང་།  ཆོས་ལ法དང་།  དགེ་འདུན་ལ僧ཟེར།  ཆོག་གམ། མི་ཆོག་ན་ཐོས་བསམ་སྒོམ་གསུམ་ནི闻、思、修རེད།  འཆད་རྩོད་རྩོམ་གསུམ་ནི讲、辩、著རེད།  མཁས་བཙུན་བཟང་གསུམ་ནི慧、净、贤རེད༽ཅེས་བསྟུད་མར་བཤད་རྗེས།  ལྷ་མགོན་ལ་བལྟས་ཏེ་ལྕེ་སྣེར་ཞིག་བྱས།
༼ཨ་ཙི།  ངོ་མ་ངར་བ་རེད༽
ལྷ་མགོན་གྱི་ཁ་ནས་རང་དབང་མེད་པར་དེ་སྐད་ཤོར་སོང་།  ཁོ་ཧང་སངས་བཞིན༼ལྟས་ངན། དེ་རིང་ཕྱི་དྲོ་ད་དུང་མི་ཤེས་པ་མིན་ནམ།  ཁྱོད་ཀྱིས་ནམ་ཞིག་ལ་སྦྱངས་པ་ཡིན༽ཟེར།  
༼བདེན།  དེ་རིང་ཕྱི་དྲོ་དགེ་རྒན་གྱིས་ང་ལ་དྲི་བ་དེ་བཏོན་པར་ངས་ལན་འདེབས་མ་ཐུབ།  སྔོན་ཆད་ངའི་སེམས་ལ་རང་ཉིད་ནི་བོད་རིགས་ཡིན་པ་དང་ཆེད་ལས་ཀྱང་བོད་ཡིག་ཡིན་པས།  རྒྱ་ཡིག་རྒྱ་སྐད་མ་ཤེས་ཀྱང་སྐྱོན་མེད་འདོད་དེ་བོད་ཡིག་ཁོ་ནར་འབད་པ་ཡིན།  འོན་ཀྱང་དེ་རིང་དགེ་རྒན་གྱི་སྐད་ཆར་ཉན་རྗེས་ད་གཟོད་རང་གི་ལྟ་ཚུལ་དེ་གཞི་ནས་ནོར་འཁྲུལ་ཞིག་ཡིན་པ་ཧ་གོ་སོང༽
རྒྱ་མཚོས་བཤད་མཚམས་བཞག་པ་ན།  ལྷ་མགོན་གྱིས་དེ་མ་ཐག ༼ཧ་ཅི་ཞིག་གོ་སོང་།  ཤོད་དང༽ཟེར།
༼དགེ་རྒན་གྱིས་བཤད་པ་ངོ་མ་རེད།  ང་ཚོས་རྒྱུན་དུ་བོད་ཀྱི་རིག་གནས་ཀྱིས་འཛམ་གླིང་གི་སྔོན་ཐོན་རིག་གནས་ཀྱི་གྲལ་མགོ་ཟིན་ཡོད་ཅེས་བཤད་བཞིན་ཡོད་ལ།  རིན་ཐང་གི་ཆ་ནས་བལྟས་ན་ངོ་མ་དེ་འདྲ་རང་རེད།  འོན་ཀྱང་རིག་གནས་ཤིག་གི་རིན་ཐང་ཟེར་དུས་གཙོ་བོ་རིག་གནས་དེའི་བཀོལ་སྤྱོད་རིན་ཐང་ལ་གོ་དགོས་པས།  བཀོལ་རྒྱའི་ཐད་ནས་འུ་ཚོའི་རིག་གནས་འདི་ད་དུང་ཅུང་རྗེས་ལུས་རེད།  གཞུང་ནས་སྲོལ་ཡིག་སྣ་ཚོགས་གཏན་ལ་ཕབ་སྟེ་ང་ཚོར་རང་གི་སྐད་ཡིག་བཀོད་སྤྱོད་བྱེད་པའི་ཁེ་དབང་སྤྲད་ན་ཡང་།  ད་ལྟའི་བོད་མི་ཚོས་བོད་སྐད་བཤད་ན་ལ་རྒྱ་འཆོར་བར་དོགས་ཏེ།  རྒྱུན་དུ་བོད་སྐད་རེར་རྒྱ་སྐད་རེ་བསྲེས་ཏེ་སྐད་ཆ་ཡ་མ་བརླ་ཞིག་བཤད་བཞིན་འདུག་ལ།  རོང་ཕྱོགས་ལ་མཚོན་ན་ལྷག་པར་དུ་དེ་འདྲ་རང་རེད། ངས་བལྟས་ན་བོད་ལ་ཐུག་ན་བོད་འདྲ་འདྲ་ཞིག་དང་རྒྱ་ལ་འཕྲད་ན་རྒྱ་འདྲ་འདྲ་ཞིག་ཡིན་ན་ད་གཟོད་འགྲིག་གི་རེད།  དེ་བས་ དེ་རིང་ནས་བཟུང་སྟེ་ངས་སློབ་དཔོན་ཀླུ་སྒྲུབ་ཚང་གིས།  འདུས་བྱས་ཟིན་ཏམ་མ་ཟིན་ཞེས།  །འཆི་བདག་སྡོད་པར་མི་འགྱུར་བས།  །སང་གི་བྱ་བ་དེ་རིང་བྱ།  །ཕྱི་དྲོའི་བྱ་བ་སྔ་དྲོ་བྱ།  །ཞེས་པ་ལྟར་དུས་ཚོད་དམ་འཛིན་བྱས་ཏེ་བོད་རྒྱ་ཡིག་གཉིས་ཀར་བརྩོན་པ་བྱེད་རྒྱུའི་དམ་བཅོས་པ་ཡིན༽
རྒྱ་མཚོས་དེ་སྐད་བཤད་པ་ན།  ལྷ་མགོན་གྱིས་ཀྱང༼རེད།  ང་ཡང་འཐད་པ་ཡིན།  ས་པཎ་ཚང་གིས།  མཁས་གང་ཤེས་བྱའི་དེ་ཁོ་ན།  །ཇི་བཞིན་རྟོགས་པ་ཡིན་པར་འདོད།  །བྱེ་བྲག་སྦྱངས་པས་དོན་ཤེས་པ།  །དེ་ཡང་དེ་ལ་མཁས་པ་ཟེར།  །ཞེས་སྤྱི་དང་བྱེ་བྲག  རྒྱ་ཆེ་ཆུང་གི་ཆ་ནས་མཁས་པ་རིགས་གཉིས་སུ་བགར་འདུག་པས།  ང་ཚོས་མཉམ་དུ་བྱེ་བྲག་གི་མཁས་པ་ཞིག་ལ་འབད་ཡ༽ཟེར།  
༼ མི་ཆོག  ཁ་བཤད་ཆུ་ཡི་ཝུ་བ་ཡིན།  དོ་དགོང་ཚང་མས་ཚིག་རྟིང་མནའ་ཡིས་གནོན་དགོས།  རྟེན་འབྲེལ་བསྟོད་པ།  ཁྱོད་ཀྱི་སྒྲོལ་མའི་སྐུ་དེ་གང་ན་ཡོད༽
ལྷ་མགོན་གྱིས་རྒྱུན་དུ་མལ་ཁྲིའི་སྟེང་ནས་རྗེ་རིན་པོ་ཆེ་ཚང་གི་རྟེན་འབྲེལ་བསྟོད་པར་བལྟས་ཏེ།  ༼ཡ་མཚན།  ཨ་ཡ་མཚན༽ཅེས་ཟློ་བཞིན་ཉལ་ཞིང་།  མིང་དངོས་ལ་ཚེ་རིང་བཟང་པོ་ཟེར་ན་ཡང་ཁོ་ཚོས༼རྟེན་འབྲེལ་བསྟོད་པར༽འབོད་པའི་སློབ་གྲོགས་དེར་དེ་སྐད་བཤད་རྗེས་སྒྲོག་ཙེ་ཉ་ར་བྱེད་འགོ་བརྩམས།
ཡིན་ན་ཡང་ཏག་ཏག་ཁོ་ཚོས་སྐད་རྒྱག་བཞིན་པའི་སྒང་དེར།  སྒོ་སྲུང་བ་རྒད་པོ་དེ་རྒྱུགས་ཡོང་ནས་མལ་ཁང་གིས་སྒོ༼པང་པང་པང༽ལན་འགའ་རྡུང་རྗེས། ༼ད་དུང་མི་ཉལ་ན110ལ་ཁ་པར་གཏོང་རྒྱུ༽ཞེས་ཁྲོ་བཞིན་སྡིགས་པས།  ལྷ་མགོན་གྱིས་ཕུ་ཞིག་བཏབ་ནས་ལཱ་སྒྲོན་གཉིས་དུས་གཅིག་ལ་གཟིམ་རྗེས།  ༼ཁ་རོགས་ཁ་རོགས༽ཟེར་བཞིན་མལ་ཁྲིའི་སྟེང་དུ་ཉལ་བ་ན།  རྒྱ་མཚོས་ཀྱང༼གནའ་ཤི་བོ་གན༽ཟེར་བཞིན་མལ་ཁྲིའི་སྟེང་ཙོག་སྟེ་ཉལ་ཆས་བྱས་པས། མལ་ཁང་ཨང15བར་ད་གཟོད་གཞི་ནས་ལྷིང་འཇགས་ཀྱི་གོ་སྐབས་ཤིག་ཐོབ་སོང་། ཡིན་ན་ཡང་དེ་ནི་གནས་སྐབས་ཙམ་གྱི་ངལ་གསོ་ཡིན་ཏེ་སང་ཉིན་དགོང་མོ་ང་ཚོ་མུ་མཐུད་དུ་མལ་ཁང་ཨང15བའི་རྩོད་གྲྭར་ཞུགས་ཆོག་པར་ཁོ་བོ་ཡིད་ཆེས་ཡོད།    
                                                    གཉིས།
དེ་རིང་ནི་གཟའ་སྤེན་པ་ཡིན་པས་མལ་ཁང་ཨང15པའི་ནང་དུ་སློབ་གྲོགས་རྟེན་འབྲེལ་བསྟོད་པ་གཅིག་པུ་ལས་མི་འདུག ཁོ་རང་མལ་ཁྲིའི་སྟེང་ཙོག་སྟེ་ཅི་ཞིག་ལ་ཧྲིག་སྟེ་སྡོད་སྐབས་སྒྲོག་ཙེ་སྟེང་གི་ཁ་པར་དེ་སི་ལིང་ལིང་གྲགས་པས་ཁོ་རང་ཧད་སེ་བཏང་།  ཁོས་ཁ་པར་བླངས་ཏེ༼ཝེ།  སུ་ཡིན༽ཅེས་སྐད་བརྒྱབ་པ་ན།  ཕ་རོལ་བ་ནི་ཏག་ཏག་བུ་མོ་ཞིག་ཡིན་པས་རྟེན་འབྲེལ་བསྟོད་པས་ལམ་སང་སྐད་མགོ་ཇེ་དམར་བཏང་རྗེས༼ ཁྱོད་་་་་་ཁྱོད་སུ་ཡིན༽ཞེས་ངག་འཇམ་པོས་དྲིས།
 ༼ང་བསྟན་འཛིན་དབང་མོ་ཡིན།  ལྷ་མགོན་འདུག་གམ༽
༼ འོ།  ཁོ་ད་དུང་སླེབས་མ་སོང་།   ཕལ་ཆེར་དཔེ་མཛོད་ཁང་ལ་ཕྱིན་པ་འདྲ༽
༼ འོ་ཡ་ཡ།  ཐུགས་རྗེ་ཆེ༽
བསྟན་འཛིན་དབང་མོ་ནི་དབུས་པ་ཡིན་ལ་ལྷ་མགོན་གྱི་དགའ་གྲོགས་ཡིན།  མོ་བོད་རྒྱ་དབྱིན་གསུམ་གྱི་སྐད་ལ་ཧ་ཅང་མཁས་ན་ཡང་དེ་སྔོན་ཨ་མདོའི་སྐད་གཙང་མ་ཞིག་ལབ་ཤེས་ཀྱིས་མེད་པས།  ཁོ་ཚོས་རྒྱུན་དུ་ཕན་ཚུན་ལ་རྒྱ་སྐད་ཀྱིས་ཁ་བརྡ་བྱེད་དགོས། ཡིན་ན་ཡང་ལྷ་མགོན་གྱིས༼བོད་ལ་སྤྱི་སྐད་མེད་པ་བདེན་ན་ཡང་ཚང་མ་བོད་ཡིན་པ་འདྲ་འདྲ་ཡིན་པས།  གལ་ཏེ་གསལ་བྱེད་སུམ་ཅུའི་སྒྲ་གདངས་གཅིག་གྱུར་བྱས་ཏེ་མདོ་དབུས་ཁམས་གསུམ་ལ་ཁྱབ་གདལ་དུ་བཏང་ཚེ།  ཐུན་མོང་གིས་བེད་སྤྱོད་བཏང་ཆོག་པའི་སྐད་ཆ་ཞིག་ཆགས་ཐུབ་སྟེ། དབུས་པ་དང་ཁམས་པ།  ཨ་མདོའི་སྐད་གསུམ་ཀྱི་ཁྱད་པར་གཙོ་བོ་ནི་མཐར་གཏུག་ན་སྐྱེས་གནས་ཏེ་མཆུ་དང་མིད་པའི་སྟེང་ན་འདུག་པས།  ང་ཚོས་ཡི་གེའི་སྐྱེས་གནས་གཅིག་གྱུར་བྱེད་ཐུབ་ན།  བོད་མདོ་དབུས་ཁམས་གསུམ་གྱིས་སྤྱད་ཆོག་པའི་སྤྱི་སྐད་ཅིག་ཞོར་ལ་ཆགས་པ་ཡིན༽ཟེར་ནས།  བོད་ཡིག་གི་གསལ་བྱེད་སུམ་ཅུ་ལས། དབུས་པས་སྡེ་བ་རེའི་ཡི་གེ་དང་པོ་དང་གསུམ་པ་གཉིས་ལྕི་ཡང་ལྟར་སྒྲ་གཅིག་ཏུ་བཀླག་པ་དང་ཨ་མདོས་སོ་སོར་བཀླག་པ།  ཁམས་པས་མང་ཆེ་བ་ཨ་མདོ་ལྟར་བཀླག་པ་དང༼པ༽༼བ༽གཉིས་དབུས་པ་ལྟར་བཀླག་པར།  ལྷ་མགོན་གྱིས་ཁམས་སྐད་གཞིར་བཟུང་སྟེ༼ཞ༽དང༼ཤ༽ ༼ཟ༽དང༼ས༽བཞི་དབུས་སྐད་ལ་བསྟུན་པ་དང་།  དེ་ཕུད་པའི་གསལ་བྱེད་བྱིངས་ཁམས་སྐད་ལ་བསྟུན་ཏེ་བཤད་པ་ན། མདོ་དབུས་ཁམས་གསུམ་གྱི་སློབ་མ་ཚང་མས་གོ་ཐུབ་པའི་སྐད་རིགས་ཤིག་རང་བཞིན་གྱིས་ཆགས་པས། རིམ་བཞིན་བསྟན་འཛིན་དབང་མོ་ཡང་ཨ་མདོའི་སྐད་ལ་རྒྱུས་ཞིབ་པར་གྱུར།
རྟེན་འབྲེལ་བསྟོད་པས་ཁ་པར་སར་བཞག་རྗེས།  དཔེ་སྒྲོམ་སྟེང་ནས་འཛམ་གླིང་གི་སྟོན་པ་བཞིའི་ཡ་གྱལ་སོ་ཁི་ར་ཐིའི་སློབ་མ་གྲགས་ཅན་ཏེ།  གྷི་རིག་གི་རྟོག་གེ་བ་ཆེན་མོ་པོ་ལཱ་ཐུས་བྲིས་པའི༼ཕུགས་བསམ་གྱི་རྒྱལ་ཁབ༽ཅེས་པ་དེ་བླངས་ཏེ་ལྟ་འགོ་བརྩམ་ན་ཡང་།  དེ་མ་ཐག་སྒྲོག་ཙེ་སྟེང་གི་ཁ་པར་དེ་ཡང་བསྐྱར་སི་ལིང་ལིང་གྲགས་བྱུང་བས།  རྟེན་འབྲེལ་བསྟོད་པ་ཁོང་ཁྲོ་གཏིང་ནས་ལངས་ཏེ༼ཝེ་སུ་ཡིན༽ཞེས་ཤུགས་ཀྱིས་སྐད་བརྒྱབ་པ་ན།  ཕ་རོལ་བས༼ ཅི་རེད།  ངའང་མི་ཤེས་སམ༽ཞེས་ཕྱིར་སྐད་བརྒྱབ་པས།  ཁོས་ད་གཟོད་ཁ་པར་གཏོང་མཁན་ནི་རང་གི་མཛའ་ན་མོ་ཚེ་རིང་མཚོ་མོ་ཡིན་པ་ཤེས་ཏེ་ཁོང་ཁྲོ་གར་སོང་ཆ་མེད་དུ་གྱུར་ཅིང༼ཨ་ཙི།   དེ་རིང་ཉི་མ་ནུབ་ཕྱོགས་ནས་ཤར་སོང་།  ལྕམ་ལགས་ལ་བཀའ་གསུང་ཅི་ཡོད༽ཅེས་དགོད་བཞིན་དྲིས།
༼ང་ཁྱོད་ཚོའི་མལ་ཁང་གི་སྒོ་ཁ་ན་ཡོད།  མར་ཤོག་དང་འུ་གཉིས་རྒྱ་སྲང་ལ་འགྲོ ༽
༼ལགས་ལགས།  རང་ནས་ཏོག་ཙམ་སྒུག་ཨཱ༽
ཚེ་རིང་མཚོ་མོ་ནི་ཁམས་ཕྱོགས་ཀྱི་ཡིན་ལ་དང་ཐོག་རྟེན་འབྲེལ་བསྟོད་པའི་འདུག་གྲོགས་ཡིན།  མོ་ཁ་གྲགས་རྒྱུ་མི་དགའ་བ་མ་ཟད།  རྟེན་འབྲེལ་བསྟོད་པ་ནི་མཚོ་སྔོན་བཱ་ཡན་གྱི་ཡིན་པས་ཁོ་གཉིས་སྒྲོག་ཙེ་གཅིག་གི་སྟེང་གི་འདུག་གྲོགས་ཡིན་ན་ཡང་།  ཕན་ཚུན་བརྡ་མི་འཕྲོད་པས་ལོ་གཅིག་ལ་ཁ་གྲགས་མ་མྱོང་།  ཐེངས་ཤིག་རྒྱལ་ཁམས་འགྲིམས་པའི་དགེ་རྒན་ཅིག་གིས་ཀུ་རེའི་ཚུལ་གྱིས༼ཁྱོད་ཚོས་དགའ་རོགས་བསྒྲིགས་ན་ཁམས་པས་ཨ་མདོའམ་དབུས་པ་དང་།  ཨ་མདོས་དབུས་པའམ་ཁམས་པ།   དབུས་པས་ཁམས་པའམ་ཨ་མདོར་སྒྲིགས་དང་།  སྐད་རིགས་རྒྱུད་འགྲུལ་གྱི་ཐད་ནས་བཤད་ན་རིན་ཐང་ཆེ་སྟེ།  ཁྱིམ་གཅིག་ལ་འདུ་ཐུབ་ན་ལྟ་ཅི།  ལས་ཀྱིས་འབྲལ་དགོས་ཀྱང་ཡུལ་ཆེན་པོ་གཉིས་ཀྱི་སྐད་ཤེས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཆེ་བ་ཡིན༽ཟེར་བས།  དེ་ནས་བཟུང་རྟེན་འབྲེལ་བསྟོད་པས་ད་གཟོད་ཚེ་རིང་མཚོ་མོར་བརྩེ་བའི་མདའ་མོ་འཕེན་འགོ་བརྩམས་ཤིང་།  ལས་འབྲེལ་ཡོད་པས་ཆུ་དང་ཉ་མོ་འདྲེས་པ་ལྟར་བརྩེ་དུང་གི་རྒྱ་རུ་ག་ལེར་ཚུད་སོང་།  ཡིན་ན་ཡང་ཚེ་རིང་མཚོ་མོས་ད་བར་དུ་རྟེན་འབྲེལ་བསྟོད་པར་ཁ་པར་གཏན་ནས་བཏང་མ་མྱོང་ལ། དེ་རིང་ནི་ཐེངས་དང་པོ་ཡིན་པས་རྟེན་འབྲེལ་བསྟོད་པས་ཁ་ནས༼དེ་རིང་ཉི་མ་ནུབ་ཕྱོགས་ནས་ཤར་སོང༽ཞེས་བཤད་ན་ཡང་།  སེམས་ནས་དགའ་དྲགས་པས༼ལྕམ་ལགས་ལ་བཀའ་གསུང་ཅི་ཡོད༽ཅེས་དྲིས་པ་རེད། དེ་བས་ཁོས་ཁ་པར་སར་བཞག་རྗེས་རྡུང་ལེན་པ་རྡོ་རེད་ལགས་ཀྱི༼ང་ནི་ཁྱོད་ལ་དགའ་དགའ། །ཁྱོད་ནི་ང་ལ་དགའ་དགའ།  །འུ་གཉིས་ཕར་དགའ་ཚུར་དགའ།  །འཛམ་གླིང་གཡས་བསྐོར་རྒྱག་འགྲོ༽ ཞེས་པ་དེ་ལེན་བཞིན་ཤོར་འགྲོ་དུས།  སྒོ་ནང་ནས་ཏག་ཏག་ནང་ལ་ལོག་པའི་ལྷ་མགོན་དང་གདུང་ཐུག་བརྒྱབ།
༼འདིའི་ཚུགས་ཀར་ལྟོས་དང་སྨྱོན་མ་ཞིག་དང་ཁྱད་མི་འདུག ༽
ལྷ་མགོན་གྱིས་དེ་སྐད་བཤད་ཞོར་དུ་ཤོག་བྱང་ཞིག་བསྟན་ཏེ༼འདི།  བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཚང་གིས་ཁྱོད་ལ་དམངས་སྒོར་བརྒྱ་དང་དྲུག་ཅུའི་ཕོག་བསྐུར་འདུག༽ཅེས་བཤད་ཅིང་།  གོམ་པ་དོའི་མཚམས་ནས་ཁ་ཕྱིར་འཁོར་རྗེས༼ དོ་དགོང་ཕྱིར་ཡོང་ཁར་ང་ལ་ཝུ་ཆང་ཞིག་ཉོ་རྒྱུ་མ་བརྗེད།  ད་སོང་།  ཚེ་རིང་མཚོ་མོས་སྒོ་ན་སྒུག་འདུག༽ཟེར།
༼ཨ་ཙི།  ཕལ་ཆེར་སྒྲུང་ཐུང་དེའི་རྩོམ་ཡོན་ཡིན་རྒྱུ་རེད༽
རྟེན་འབྲེལ་བསྟོད་པས་དེ་སྐད་བཤད་བཞིན་འཐེན་སྒམ་ནང་ནས་རྟེན་དཔང༼身份证༽བླངས་ཏེ་རྩོམ་ཡོན་གྱི་ཤོག་བྱང་དང་མཉམ་དུ་བྲང་ཁུག་ནང་དུ་བཅུག་རྗེས།  ༼གནམ་རྒན་མ།  །བཀའ་དྲིན་ཆེ།  །དགའ་བ་ལ།  །སྐྱིད་པ་ལ།  །༽ཟེར་བཞིན་ཡལ་སོང་བས།  ལྷ་མགོན་འཛུམ་ཙམ་བྱས་རྗེས༼ལྟས་ངན།  རོགས་ཡོད་ན་གྲོགས་ཀྱང་མི་དགོས༽ཟེར།
མལ་ཁང་ཨང15བའི་ནང་དུ་སློབ་གྲོགས་དྲུག་ཡོད་ལ་དང་པོར་ཚང་མ་ཨ་མདོ་བ་རྐྱང་རྐྱང་ཡིན།  རྗེས་སུ་ལྷ་མགོན་གྱིས་ཡུལ་སྐད་གཅིག་གྱུར་ལ་དམིགས་ཏེ་མདོ་དབུས་ཁམས་གསུམ་གྱི་སློབ་མ་ཕན་ཚུན་བསྲེས་པས།  ད་ལྟ་ཨ་མདོ་བ་བཞི་དང་ཁམས་པ་གཅིག  དབུས་པ་གཅིག་བཅས་མཉམ་དུ་བསྡད་ཡོད།  སྤྱིར་མལ་ཁང་ཧ་ཅང་ཆུང་ན་ཡང་ཉལ་ཁྲི་ཐོག་བརྩེགས་ཡིན་པས་སྒོ་ནང་དུ་འཛུལ་མ་ཐག་ཁོད་ཡངས་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར།  མལ་ཁང་གི་གཞོག་གཅིག་ན་ཉལ་ཁྲི་གཉིས་འཕྲོ་རིམ་འཕྲོར་བསྟར་འདུག་ཅིང་།  གཞོག་གཅིག་ན་ཉལ་ཁྲི་གཅིག་ལ་སྒྲོག་ཙེ་ཞིག་མཐུད་པ་དང་། དེའི་ཞོལ་དུ་ཆེ་རྒྱུ་མེད་པའི་དཔེ་སྒྲོམ་གཅིག་བཞག་འདུག  དཔེ་སྒྲོམ་སྟེང་དུ་དཔེ་ཆ་ཧ་ཅང་མང་སྟེ།  སྟེགས་གོང་མར་པདྨ་བཀའ་ཐང་དང་།  རྟོགས་བརྒྱ་བ།  བཀའ་གདམས་ཕ་ཆོས།  ཀུན་བཟང་བླ་མའི་ཞལ་ལུང་།  ཅོ་ནེའི་བསྟན་འགྱུར་དཀར་ཆགས།  བྱ་ཁྱུང་གདན་རབས།  བཀའ་ཆེམས་ཀ་ཁོལ་མ་སོགས་བོད་ཡིག་གི་དཔེ་ཆ་སྣ་ཚོགས་དང་།  སྟེགས་བར་མར།  ༼印度文化史༽དང་།  ༼古代社会༽༼金枝༽༼逻辑学༽༼梦的解析༽༼知识分子论༽༼佛教十二讲༽༼原始社会༽སོགས་རྒྱ་ཡིག་གི་དཔེ་ཆ་སྣ་ཚོགས།  སྟེགས་ཞོལ་མར་སྦྲང་ཆར་དང་།  ཟླ་ཟེར།  བོད་ཀྱི་རྩོམ་རིག་སྒྱུ་རྩལ།  གངས་ལྗོངས་རིག་གནས།  གངས་རྒྱན་མེ་ཏོག  བོད་ལྗོངས་ཞིབ་འཇུག  ཀྲུང་གོའི་བོད་རིག་པ་སོགས་དུས་དེབ་སྣ་ཚོགས་རིམ་པ་ལྟར་བསྒྲིགས་འདུག
ལྷ་མགོན་གྱིས་ལག་གི་སྐོམ་ཆུ་སྒྲོག་ཙེ་སྟེང་དུ་བཞག་རྗེས།  རྩིས་འཁོར་གྱི་ཁ་ཕྱེས་ཏེ་དྲ་སྟེང་དུ་བུད་ཅིང QQཚོགས་པར་ཞུགས་པ་ན།  དྲ་མིང་ལ༼མཆོད་མེ༽ཟེར་བའི་དྲ་གྲོགས་ཤིག་གིས༼ཁྱོད་ཚོ་བདེ་མོ༽ཞེས་པའི་སྐད་ཅིག་བཞག་འདུག་པས།  ཁོས་དེ་མ་ཐག༼བདེ་མོ་ཡིན།  ཁྱོད་བདེ་མོ༽ཞེས་ལན་བསྐུར།
༼ང་ཚོས་བོད་ཡིག་གཏག་ན་ཇི་འདྲ་རེད༽
དྲ་མིང་ལ༼མཐོ་སྒང་གི་གཡག༽ཟེར་བ་ཞིག་གིས་དེ་སྐད་བཤད་པ་ན།  དྲ་གྲོགས་མང་པོ་ཞིག་གིས་འཐད་པའི་བརྡ་བསྟན་མོད།  ལྷ་མགོན་གྱིས་དྲ་སྟེང་ནས་བོད་ཡིག་བེད་སྤྱོད་གཏོང་མི་ཤེས་པས།  ༼ངས་བོད་ཡིག་གཏག་མི་ཤེས།  སློབ་སྟོན་གནང་རོགས༽ཞེས་བསྐུར་བར།  དེ་མ་ཐག༼མཆོད་མེ ༽ཟེར་བ་དེས༼ བོད་པས་བོད་ཡིག་མི་ཤེས་ཟེར་བར་ངོ་མི་ཚའམ༽ཞེས་མཚང་འདྲི་འགོ་བརྩམས།  ལྷ་མགོན་གྱིས༼གྲོགས་པོ་ལགས།  ངས་དྲ་སྟེང་ནས་བོད་ཡིག་གཏག་མི་ཤེས་པ་མ་གཏོགས།  བོད་ཡིག་ཤེས་ཀྱིས་ཡོད༽ཞེས་གསལ་བཤད་བྱས་པ་ན།  ༼མཆོད་མེས༽ཡང་།  ༼དྲ་མིང་ལ་འཛུམ་ཤིག་ཤིག་ཟེར་བ་དེས་བོད་ཡིག་ཁྱོན་ཡོངས་ནས་ཤེས་མི་འདུག༽ཅེས་ཚིག་ཐག་བཅད་དེ་སྨྲས་པས།  ལྷ་མགོན་གྱིས༼ དྲ་གྲོགས་མཆོད་མེ་ལགས།  ང་འཛུམ་ཤིག་ཤིག་ཡིན།  QQཚོགས་པ་འདི་དྲ་གྲོགས་ཚང་མའི་རེད། ང་ཚོས་ཕན་ཚུན་ལ་དཔེ་ཆ་རེ་ངོ་སྤྲད་ན་འགྲིག༽ཅེས་བསྐུར་ན་ཡང་།   དྲ་མིང་དུ༼གདོན་འདྲེ་སྐྲ་དམར༽ཟེར་བ་ཞིག་གིས༼འཛུམ་ཤིག་ཤིག་ནི་དྲ་འབུ་ཞིག་རེད།  མྱུར་དུ་དུག་སེལ་བྱེད་དགོས༽ཟེར། སྐབས་དེར་དྲ་མིང་ལ༼ གོའུ་ཏ་མ༽ཟེར་བ་ཞིག་གིས༼ངས་བལྟས་ན་འཛུམ་ཤིག་ཤིག་གིས་བཤད་པ་བདེན།  ང་ཚོས་དཔེ་ཆ་ངོ་སྤྲོད༽ཅེས་བཤད་མོད།  དེ་མ་ཐག་དྲ་མིང་ལ༼གངས་ཅན་པ༽ཟེར་བ་ཞིག་གིས༼ ཁྱོས་སྐལ་མེད་སར་སྐེ་མ་བསྲིངས༽ཞེས་གཏག་པས།  ལྷ་མགོན་ཡང་ཁོང་ཁྲོ་ལངས་ཏེ་འཁོན་ལན་སློག་དགོས་སྙམ་མོད།  དེ་མ་ཐག༼གལ་ཏེ་དགྲ་ཀུན་བརླག་འདོད་ན།  །བསད་པས་དེ་ཀུན་ག་ལ་འཛད།  །རང་གི་ཁྲོ་བ་གཅིག་བཅོམ་ན།  །དགྲ་ཀུན་ཅིག་ཅར་བསད་པ་ཡིན།  །༽ཞེས་པ་དེ་ཡིད་ལ་དྲན་པས།  ༼ང་ནོར་སོང་།  བཟོད་པ་སྒོམས་རོགས༽ཞེས་ཞུས།  སྐབས་དེར་དྲ་མིང་ལ༼གླག༽ཟེར་བ་ཞིག་གིས༼ ངQQཚོགས་པ་འདི་ལས་འབུད་རྒྱུ་ཡིན།  ཁྱོད་ཚོས་རྒྱུན་དུ་ཕན་ཚུན་ལ་གཤེ་གཤེ་གཏོང་བ་ལས་ཅི་ནུས། ངོ་མ་སུན་ནི་ཞིག་རེད༽ཟེར་བཞིན་དྲ་སྒོ་གཏན་པས་ལྷ་མགོན་ཡང་དྲ་སྟེང་ནས་ཕྱིར་བུད།
མལ་ཁང་ཨང15བ་ནི་བཞི་ཐོག་ན་ཡོད་པས་སྒེའུ་ཁུང་བརྒྱུད་ནས་བལྟས་ན་རྒྱབ་རི་རྩེ་གསུམ་པའི་ངོས་སུ་ཆགས་པའི་སྡེ་བ་དེ་མིག་འོག་ཏུ་གསལ་བོར་བསྡུ་ཐུབ། ལྷ་མགོན་ལ་གློ་བུར་དུ་སུན་སྣང་ཞིག་སྐྱེས་པས་སྒེའུ་ཁུང་ཁར་འགྲེང་སྟེ་རྒྱབ་རི་ལ་རྒྱང་ལྟ་བྱེད་བཞིན་འདུག  ས་རུབ་ལ་ཉེ་བས་རི་ངོས་ཧྲིལ་བོ་དགོང་ཟས་གཡོས་སྦྱོར་གྱི་དུ་བས་གཡོགས་འདུག་པ་དང་།  རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕྱོགས་བཞིའི་དུ་བ་རིམ་གྱིས་ཡར་ཕྱོགས་ཏེ་ཁ་བཏགས་ལྟར་རྒྱབ་རིའི་མགུལ་དུ་འཁྱིལ་འདུག་པས།  རྒྱང་རིང་ནས་བལྟས་ཚེ་ཨ་ཧྥེ་རི་ཁའི༼非洲༽མི་ནག་ཅིག་གི་སྐེ་ལ་ཁ་བཏགས་དཀར་པོ་ཞིག་དཔྱངས་པ་དང་ཨ་ན་མ་ན་རེད།  ལྷ་མགོན་གྱིས་དེ་མཐོང་བས་རང་དབང་མེད་པར་གད་མོ་འཆོར་སྐབས། མལ་ཁང་གི་སྒོ་ཁྲོག་སེ་ཕྱེས་པ་དང་མཉམ་དུ་རྒྱ་མཚོས་ཝུ་ཆང་སྡེར་ཆགས་གཅིག་པང་སྟེ་ཐོན་བྱུང་།  
༼འདི་་་་་་འདི་རྟེན་འབྲེལ་བསྟོད་པས་ཉོས་པ་རེད༽
རྒྱ་མཚོས་དབུགས་ཧལ་བཞིན་དེ་སྐད་བཤད་པ་དང་ཝུ་ཆང་སྒྲོག་ཙེའི་ཟུར་དུ་བཞག་ཅིང་།  དེ་ན་ལྟ་འཕྲོར་ལུས་པའི་དཔེ་ཆ༼ཕུགས་བསམ་གྱི་རྒྱལ་ཁབ༽ཅེས་པ་དེ་དཔེ་སྒྲོམ་གྱི་སྟེགས་བར་མའི་ནང་དུ་བསྒྲིགས་རྗེས།  ལྷ་མགོན་ལ་བལྟས་ཏེ༼ཧ་ཧ།  ཁྱོད་ཀྱི་ཕྲག་འཁུར་རྐང་སྣམ་དེ་ཧ་ཅང་ཡག༽ཟེར།  
༼ཕྲག་འཁུར་རྐང་སྣམ། ཧུ་ཧུ༽ལྷ་མགོན་གྱིས་རང་གི་རྐང་སྣམ་ལ་ལྟ་ཙམ་བྱས་རྗེས༼ཁྱོད་ལོ་ཙྭར་དངོས་ནས་མཁས་པོ་འདུག  ངས་དེ་རིང་ད་གཟོད་རྒྱ་སྐད་ཀྱི背带裤ལ་བོད་སྐད་དུ་ཕྲག་འཁུར་རྐང་སྣམ་ཟེར་བ་དེ་ཤེས་པ་ཡིན༽ཟེར།
༼ཡང་འགོ་བརྩམ་རྒྱུ་ཡིན་ནམ།  དེ་རིང་གཟའ་མཇུག་ཡིན་པས་འུ་གཉིས་ཀས་ཆང་འཐུང༽
རྒྱ་མཚོས་ཝུ་ཆང་གི་འགྱིག་ཤོག་གཤེགས་བཞིན་དེ་ལྟར་བཤད་པ་ན།  ལྷ་མགོན་ཁོའི་གམ་དུ་ཡོང་ནས་ཝུ་ཆང་ཤེལ་ཏམ་གང་གི་ཁ་གཅོད་ཕུད་དེ་ཧུབ་འགའ་འཐུང་རྗེས། ༼ལགས་སོ།  བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་།  །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ།  །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱིས།  །མ་འགྲུབ་ན་ཡང་མཛེས་པ་ཡིན།  །དོ་དགོང་ངས་ཁྱོད་ཀྱི་ཁ་ལེན།  ངེད་སྤུན་ཟླ་གཉིས་ཀས་ཆང་འཐུང༽ཟེར་བཞིན་ཡང་བསྐྱར་ཧུབ་འགའ་འཐུང་བས།  རྒྱ་མཚོས་ཁོར་བལྟས་ཏེ༼ ཅི་རེད།  བསྟན་འཛིན་དབང་མོས་གཡུག་པ་མིན་ནམ།  དེ་འདྲའི་གཡག་འཐུང་བྱེད་དོན་ཅི་ཡོད༽ ཟེར།
༼སེམས་བདེ་མོ་གྱིས།  ང་ཚོས་ཁྲེལ་མེད་མ་ལས་ན་བོད་མོ་ཚོ་ཁྲེལ་ཡོད་རྐྱང་རྐྱང་ཡིན༽
ལྷ་མགོན་གྱིས་ལག་གི་ཝུ་ཆང་སྒྲོག་ཙེའི་སྟེང་དུ་བཞག་ཅིང་།  ཝུ་ཆང་གཞན་ཞིག་གི་ཁ་གཅོད་ཕུད་དེ་རྒྱ་མཚོར་བྱིན་རྗེས༼འཐུང་།  ཝུ་ཆང་ཚར་བའི་དཔེ་སྲིད་ཀྱིས།  དཔའ་བོ་འགྱེལ་པའི་སྲོལ་མེད༽ཅེས་བཤད་པ་ན།  ཁོ་གཉིས་ཀྱིས་ཤེལ་ཏམ་གྱི་སྐེ་བསྣོལ་ཏེ་ཕན་ཚུན་གཉིས་གཏུག  དེའི་འཕྲོར་སྐེ་དང་ཞབས་རེ་རེ་གཏུག  མཇུག་མཐར་སྐེད་མཉམ་དུ་གཏུག་རྗེས་འཐུང་འགོ་བརྩམས་ཤིང་།  ལྷ་མགོན་གྱིས་དབུགས་ཐེངས་གཅིག་གིས་ཞབས་དག་བརྒྱབ་པས།  རྒྱ་མཚོས་སེམས་ལ་འདིས་ཆང་མི་འཐུང་བ་མིན་ནམ།  དེ་རིང་སྨྱོན་པ་ལྟར་ཧམ་འཐུང་བྱེད་པས་དོན་དག་ཅིག་ཡོད་ཁོ་ཐག་རེད་སྙམ་སྟེ།  ༼ངས་བལྟས་ན་ཁྱོད་ལ་སེམས་ནད་ཅིག་འདུག  ཤོད་དང་ཕྱེད་ཀ་ངས་འཁུར་ཆོག༽ཟེར།
  ༼ང་ལ་སེམས་ནད་ཅི་ཡོད༽
ལྷ་མགོན་དགོད་བཞིན་དུ༼དེ་རིངQQཚོགས་པའི་དྲ་གྲོགས་སྐོར་ཞིག་གིས་སྤྱོད་པ་མཐོང་བས་ཡིད་ཕམ་པ་ཙམ་ཡིན༽ཟེར།
༼ ཧེད།   དེར་ཡ་མཚར་རྒྱུ་ཅི་ཡོད༽རྒྱ་མཚོས་སྒྲོག་ཙེ་སྟེང་ནས་ཝུ་ཆང་བླངས་རྗེས།  ༼ སྤྱིརQQཚོགས་པ་དེ་དྲ་གྲོགས་ཕན་ཚུན་དབར་དུ་བསམ་བློ་བརྗེ་རེས་དང་།  གསར་འགྱུར་མཁོ་འདོན།  དཔེ་ཆ་འོས་སྦྱོར་སོགས་བྱེད་སའི་གླེང་སྟེགས་ཤིག་ཡིན་ན་འགྲིག་མོད།  ད་ལྟའིQQཚོགས་པ་ནི་དེ་ལས་ལྡོག་སྟེ་དྲ་གྲོགས་ཕན་ཚུན་དབར་མཚང་བརྔོག་དང་།  སྡིགས་མོ།  ལེ་བདའ།  སྐྱོན་བརྗོད།  བརྙས་བཅོས་སོགས་བྱེད་སའི་འཐབ་ར་ཞིག་ཏུ་གྱུར་འདུག་པས་སྣང་དོགས་བྱེད་རིན་མེད༽ཅེས་བཤད་བཞིན་ཤེལ་ཏམ་ཕར་བསྲིངས་ཤིང་།  ལྷ་མགོན་ལག་གི་ཤེལ་ཏམ་དང་སྐེ་བསྣོལ་ཏེ་ཕན་ཚུན་གཉིས་གཏུག  དེའི་འཕྲོར་སྐེ་དང་ཞབས་རེ་རེ་གཏུག  མཇུག་མཐར་སྐེད་མཉམ་དུ་གཏུག་རྗེས༼ཡ་འཐུང༽ཟེར།  
དེར་ལྷ་མགོན་གྱིས༼རེད་ཡ།  ཁོ་ཚོས་ཕ་མའི་སེན་མགོ་ཁྲག་དང་སེན་གཏིང་སྣག་བྱས་ཏེ་བསགས་པའི་སྒོར་མོ་འདི་ལྟར་བརླག་ཕོད་དམ།  ཕ་མ་དེ་ཚོ་སྙིང་མ་རྗེ ༽ཞེས་བཤད་རྗེས་ཤུགས་རིང་ཞིག་འཐེན།
༼ཧུ་ཧུ་ཧུ།  དེ་ཚོའི་སེམས་ན་ཕ་མས་ཁོ་ཚོར་དོམ་ཆད་པའི་སྣང་བ་ལས་ཅི་ཡང་མེད༽
རྒྱ་མཚོས་ཝུ་ཆང་འཐུང་འཕྲོ་དེ་ཞབས་དག་བརྒྱབ་ཅིང་། ཤེལ་ཏམ་སྒེའུ་ཁུང་ཁར་བཞག་རྗེས༼མཁས་དབང་དོན་འགྲུབ་རྒྱལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ན་ཡོད་དུས།  ཐེངས་ཤིག་ཨ་མ་ཁོར་བལྟ་རུ་འོངས་ཏེ་ཟ་མ་ཞིག་ལྡུད་ཅེས་པར།   ཟ་མ་མི་དགོས་དཔེ་ཆ་ཉོས་པས་ཆོག་ཅེས་བཤད་སྐད།  དེང་སྐབས་དེ་འདྲའི་སློབ་མ་ཞིག་འཛམ་པུ་གླིང་ན་ཡོད་དམ།  འུ་གཉིས་ཀའང་སློབ་མ་རེད།  འུ་གཉིས་ཀས་དེ་ལྟར་བསྒྲུབ་ཐུབ་བམ༽ཟེར།
༼རེད་ཡ།  རྒྱ་མི་རིགས་ལ་མཚོན་ན་གཉེན་བསྒྲིགས་རྗེས་ཁྱོ་ཤུག་གཉིས་ཀས་བུ་ཕྲུག་གི་བུ་བཅོལ་ཁང་ནས་སློབ་ཆེན་བར་གྱི་སློབ་ཡོན་ཁ་ཚང་བསགས་ཚར་རྗེས་ད་གཟོད་བྱིས་པ་སྐྱེས་པར་བཤད།  ང་ཚོ་བོད་ལ་དེ་འདྲའི་སྲོལ་མེད་ན་ཡང་ཕ་མ་གཉིས་ཀས་སློབ་གྲྭར་འགྲོ་ཁར་རང་གིས་བཙལ་ཅིང་གཞན་ནས་བསྐྱིས་པའི་སྒོར་མོ་ང་ཚོར་སྟེར་ངེས་ལ།  ད་དུང་ཡུལ་ལ་སེམས་ཁྲལ་བྱེད་མི་དགོས།  སློབ་སྦྱོང་ལ་ཧུར་བརྩོན་གྱིས་ཆང་མ་འཐུང་།  དུ་བ་མ་འཐེན་ཟེར་ནས་ཞལ་ཏ་གནང་།  འོན་ཀྱང་གྲོང་ཁྱེར་ལ་ཐོན་མ་ཐག་སློབ་མ་མང་པོ་ཞིག་གིས་ཕ་མའི་སྐད་ཆ་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཏེ་སྒོར་མོ་དོན་མེད་དུ་བརླག་དུས།  ཕ་མ་གཉིས་ཀས་ད་དུང་ཡུལ་ནས་ཞོར་ལས་ལས་ཏེ་རང་གི་དོམ་འཇལ་བཞིན་ཡོད་པ་ག་ལ་ཤེས༽ཟེར་བཞིན་ཤུགས་རིང་ཞིག་འཐེན།
 ༼ཨེད།  ཞིབ་འདང་རེ་བརྒྱབ་ན་ང་ཚོས་ཕ་མ་གཉིས་ཀར་ཆད་པ་ནི་སྒོར་མོ་ཁོ་ན་མ་རེད།   རྒྱུན་དུ་ཟས་ཁམ་གང་ཟ་དུས་བུ་བུ་མོ་དྲན་པས་ཟ་མི་ཕོད་པ་དང་།  གོས་ཁྲི་གང་གོན་དུས་བུ་བུ་མོ་དྲན་ཏེ་གོན་མི་ནུས་པའི་དྲིན་ལན་དེ་ཁོ་ནའང་གཞལ་ཐབས་མེད།  ཁོ་ཚོར་སྒེར་སེམས་ཅི་ཡང་མེད་དེ་ང་ཚོས་སློབ་སྦྱོང་བཟང་པོ་བྱས་ཏེ་ལས་ཀ་བཟང་ང་ཞིག་རེག་རྒྱུའི་རེ་བ་དེ་ཁོ་ནའོ ༽
རྒྱ་མཚོས་དེ་སྐད་བཤད་པ་ན།  ལྷ་མགོན་གྱིས༼ རེད།  ང་ཚོ་ནི་ལང་ཚོ་རྫོགས་པའི་ལོ་ཚད་ན་ཡོད་པས།  སློབ་ལ་མི་གཡེལ་ཟེར་རྒྱུ་དཀའ་མོ་རེད།  འོན་ཀྱང་རྩེད་དུས་ཡིད་ཚིམ་པ་ཞིག་རྩེས།  སློབ་དུས་གོ་ཆོད་པ་ཞིག་སྦྱངས་ན་རྗེས་སུ་འགྱོད་པ་ཉུང་ངོ ༽ཞེས་བཤད་སྐབས།  རྒྱ་མཚོ་ར་བཟི་སྟེ༼ཕ་མ་ཚོ་སྙིང་མ་རྗེ།  ཕ་མ་ཚོ༽ཟེར་བཞིན་གཉིད་སོང་བས་ཁ་བརྡའི་མཇུག་དེ་ནས་མཚམས་ཆད།  ལྷ་མགོན་གྱིས་ལག་གི་ཝུ་ཆང་དེ་འཐུང་རྗེས་རྒྱ་མཚོའི་ཕྱིར་བུད་པའི་ཕོ་བར་ཐལ་ལྕག་ཅིག་གཞུས་ཤིང༼ཧིན།  ད་དུང་ངའི་སྡུག་བསྔལ་ཕྱེད་ཀ་འཁུར་ཆོག་ཟེར།  མཐར་གཏུག་ན་རང་གི་ལྟོ་བའང་ཐེགས་ཀྱིས་མི་འདུག༽ཅེས་བཤད་རྗེས།  མལ་ཁང་གི་སྒོར་བུད་ཅིང་བསྟན་འཛིན་དབང་མོའི་མལ་ཁང་གི་ཞབས་ལ་སོང་སྟེ༼བསྟན་འཛིན་དབང་མོ།  བསྟན་འཛིན་དབང་མོ ༽ཞེས་བོས་པ་ན།  དྲུག་ཐོག་ནས་གཞོན་ནུ་མ་ཞིག་གིས༼ཡོད།  ཡོད༽ཟེར་བཞིན་སྒེའུ་ཁུང་ཕྱེས་རྗེས༼ཨ་ཙི།  རང་གང་ལ་སོང་བ་ཡིན།  ཁ་ལ་ཟོས་ཚར་པས༽ཟེར།
  ༼ཁ་ལ་ཟོས་ཚར།  ཁྱོད་མར་ཕེབས་དང༽
ལྷ་མགོན་གྱིས་ལག་པ་གཡུག་བཞིན་བཤད་པ་ན་བསྟན་འཛིན་དབང་མོས༼ང་ཚོའི་མལ་ཁང་གི་སྒོ་སྔ་ས་ནས་གཏན་ཚར།  རང་མལ་ཁང་ལ་ལོག་ཨཱ ༽(སློབ་གྲྭ་འདིར་བུ་མོ་ཚོའི་མལ་ཁང་གི་སྒོ་དུས་ཚོད་ཕྱེད་ཀ་ཞིག་གིས་སྔོན་ལ་གཏན་བཞིན་ཡོད)ཞེས་བཤད་པ་ན། ལྷ་མགོན་གྱིས༼རང་དྲུག་ཐོག་ནས་མར་མཆོངས་དང་ངས་བཟུང་གི་ཡིན༽ཞེས་ཆང་གཏམ་བཤད་མོད།  ཡུད་ཙམ་ནས༼ཡ། ཡ།  ང་བཟི་མེད།  སང་ཉིན་ཐུག༽ཟེར་བཞིན་ཕྱིར་མལ་ཁང་དུ་ལོག་སོང་ངོ་།  །
                                                    གསུམ།
ད་ནི་དགོང་ཚོགས་ཀྱི་དུས་ཚོད་ཡིན་པས་མལ་ཁང་ཨང15བ་ལྷིང་འཇགས་སེ་འདུག་ལ། ལྷ་མགོན་གཅིག་པུས་མལ་ཁང་ནང་དུ་སྙན་ངག་འབྲི་བཞིན་འདུག  ཁོས་ལག་པའི་གོང་མཛུབ་ཀྱིས་སྣ་མགོ་ཡང་ཡང་ཕུར་བཞིན་བསམ་གཞིག་ནན་གྱིས་བཏང་ན་ཡང་།  ཚིག་བདེ་མོ་ཞིག་གཏན་ནས་མི་རྙེད་པས་མུ་མཐུད་དུ་སྣ་མགོ་ཕུར།  ལྷ་མགོན་རྩོམ་རིག་ལ་དགའ་པོ་ཡོད་པས་དམའ་འབྲིང་ནས་བཟུང་སྟེ་རྩོམ་འབྲི་འགོ་བརྩམས་པ་དང་།  ཐེངས་ཤིག་ལ་རྩོམ་རིག་དགེ་རྒན་གྱིས་ཀ་རྩོམ་ཞིག་བཀོད་སྒྲིག་བྱས་པར།  ཁོས༼ཏ་ལའི་འདབ་ལྟར་རྒྱས་པའི青少年  ཐ་མའི་ཚིག་ལ相信མི་བྱེད་པར།  །ད་ནས་བཟུང་སྟེ་རང་གི学习ལ།  །ན་སོ་གཞོན་པའི་དུས་འདིར努力གྱིས༽ཞེས་བྲིས་ཏེ་སྤྲད་པ་ན།  རྒན་ལགས་ཀྱིས་སྤྱིར་བོད་ལ་ལུགས་འདི་འདྲ་མི་སྣང་མོད།  གསར་གཏོད་ཀྱི་ཆ་འདུག་པས་འབད་ན་འགྲིག་ཅེས་གཟེངས་བསྟོད་བྱས་པས།  དེ་ནས་བཟུང་ལྷ་མགོན་གཞོན་ནུ་རྩོམ་དགའ་ཞིག་ཏུ་གྱུར་ཏེ།  ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་དུ་རྩོམ་ཡིག་སྣ་ཚོགས་སྤེལ་བ་མ་ཟད།  རྩོམ་རིག་བྱ་དགའ་ཡང་ཐེངས་འགར་རེག་མྱོང་།  འོན་ཀྱང་དོ་དགོང་ལྷ་མགོན་གྱིས༼ཕེབས་ཤོག  སྙིང་ཉེ་མ༽ཞེས་པའི་སྙན་ངག་ཅིག་ཤད་མར་བྲིས་ཏེ།  ཏག་ཏག་མཇུག་རྫོགས་ལ་ཉེ་སྐབས་ད་ཅིའི་ཚོར་བ་རྣོན་པོ་དེ་གློ་བུར་དུ་མཇའ་ལྟར་ཡལ་བས་ཁོས་མུ་མཐུད་དུ་རྣ་མགོ་མི་ཕུར་ག་མེད་བྱུང་།
མཚམས་ཤིག་ལ་རྟེན་འབྲེལ་བསྟོད་པས་དེང་སྐབས་རྒྱུགས་ཆེ་བའི་གཞས་ཤིག་གཏོང་གིན་སླེབས་བྱུང་ལ།  ལག་གི་འབྲི་དེབ་སྔོན་པོ་དེ་སྒྲོག་ཙེའི་ཟུར་དུ་གཡུག་རྗེས་ལྷ་མགོན་གྱི་གམ་དུ་ཙོག་ཅིང་།  རྩིས་འཁོར་གྱི་ངོར་ཅེར་བཞིན་ལྷ་མགོན་གྱི་བྲིས་པའི་སྙན་ངག་དེ་གྱེར་བྱུང་།
ཕེབས་ཤོག  སྙིང་ཉེ་མ།
ངས་མགོ་ཀྲོག་ཀྲོག་གིས་ཁྱོད་ལ་སྒུག་ཡོད་པས།
ངས་རྣ་ཅོར་ཅོར་གྱིས་ཁྱོད་ལ་ཉན་ཡོད་པས།
ངས་མིག་ཧྲིག་ཧྲིག་གིས་ཁྱོད་ལ་བལྟས་ཡོད་པས།

ཕེབས་ཤོག  སྙིང་ཉེ་མ།
ངའི་ཚིགས་དྲུག་སྨྱུག་མའི་ལུས་འདི་མ་རྒས་གོང་།
ངའི་བཅོ་ལྔའི་ཟླ་བའི་བཞིན་འདི་མ་གཉེར་གོང་།
ངའི་དམར་པོ་མེ་ཡི་སེམས་འདི་མ་འཁྱག་གོང་།

ཕེབས་ཤོག  སྙིང་ཉེ་མ།
ང་མེ་ཏོག་ལྟར་མཛེས་དུས  ཁྱོད་སྦྲང་མ་བཞིན་འཕུར་ཤོག
ང་ཆུ་མིག་ལྟར་དྭངས་དུས  ཁྱོད་ཉ་མོ་བཞིན་འཁྱུག་ཤོག
ང་གངས་རི་ལྟར་བརྟན་དུས  ཁྱོད་སྤྲིན་དཀར་བཞིན་ལྡིང་ཤོག

ཕེབས་ཤོག  སྙིང་ཉེ་མ།
སྙན་ལྷང་ལྷང་གི་གླུ་དབྱངས་ལེན་བཞིན།  ངའི་རྩེད་ར་ཆུང་ཆུང་གི་མགྲོན་པོར་ཕེབས་ཤོག
འཛུམ་ཤིག་ཤིག་གི་བྲོ་གར་འཁྲབ་བཞིན།  ངའི་དགོད་སྒྲ་རྐྱང་རྐྱང་གི་སྙིང་ཁར་ཕེབས་ཤོག

ཕེབས་ཤོག  སྙིང་ཉེ་མ།
ངས་བརྩེ་བ་སྣུམ་པོའི་སྒོ་མོ་ཁྱོད་ལ་གཏད་ཡོད།
ངས་དྲན་ཤིང་ལྕི་མོའི་གསོལ་སྟོན་ཁྱོད་ལ་བསྒྲིགས་ཡོད།
ངས་འོ་ཡི་སྦྲང་རྩི་མངར་མོ་ཁྱོད་ལ་བཏེགས་ཡོད།

ཕེབས་ཤོག  སྙིང་ཉེ་མ།
ངའི་དྲན་གདུང་གི་སྤྱི་གཙུག་ཏུ་སྐར་མདའ་བཞིན་ཕེབས་ཤོག
ངའི་སུན་སྣང་གི་བྲང་གཞུང་དུ་གཅེས་ཕྲུག་བཞིན་རྒྱུག་ཤོག

ཕེབས་ཤོག  སྙིང་ཉེ་མ།
ད་ཕེབས་ཤོག
སྤྱིར་ལྷ་མགོན་གྱི་སྙན་ངག་གི་མཇུག་ཏུ༼ད་ཕེབས་ཤོག༽ཅེས་པའི་ཚིག་རྐང་དེ་མེད་ན་ཡང་། རྟེན་འབྲེལ་བསྟོད་པས་གྱེར་ཚར་དུས་དེ་འདྲ་ཞིག་གསར་དུ་བསྣན་པས་ལྷ་མགོན་གྱིས་རང་གི་བརླ་ཐོག་ཏུ་ཐལ་ཅག་ཅིག་གཞུས་པ་དང་།  མྱུར་དུ་རྩིས་འཁོར་ནང་ལ༼ད་ཕེབས་ཤོག༽ཅེས་པ་དེ་གཏག་རྗེས༼ཨ་ཙི།  ངས་ཅིའི་ཕྱིར་མ་དྲན།  ད་འགྲིག་སོང༽ཟེར་བཞིན་ཡང་བསྐྱར་སྙན་ངག་གི་མགོ་ནས་མཇུག་བར་ཐེངས་གཅིག་བཀླག་ཅིང་། གཡས་ལག་གིས་ཙིག་རྟགས་ཡར་དེད་དེ༼ཉར་ཚག༽ཅེས་པའི་སྒམ་དེར་ཐེངས་གཅིག་རྡེབ་རྗེས།  ༼OK༽ཟེར་བཞིན་རྩིས་འཁོར་གྱི་ཁ་གཏན།  སྐབས་དེར་མལ་ཁང་ཨང15བའི་སློབ་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་མལ་ཁང་དུ་སླེབས་པས།  ད་ཅིའི་ལྷིང་འཇགས་དེ་གཞི་ནས་གར་སོང་ཆ་མེད་དུ་གྱུར།
༼ དོ་དགོང་དགེ་རྒན་གྱིས་བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་ནི་ས་སྐྱ་ལེགས་བཤད་ཡིན་ཟེར་མོད་ང་རང་དེར་གཏན་ནས་མི་འཐད༽
སློབ་གྲོགས་ཚོས་རྒྱུན་དུ༼མངའ་རིས་པཎ་ཆེན༽དུ་འབོད་པའི་མངའ་རིས་པ་འཇམ་དབྱངས་ཕུན་ཚོགས་ཀྱིས་དེ་སྐད་བཤད་པ་ན།  ལྷ་མགོན་དགོད་བཞིན་དུ༼བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་ས་སྐྱ་ལེགས་བཤད་མ་རེད་དམ༽ཟེར།
༼མ་རེད།  ས་སྐྱ་ལེགས་བཤད་ལེགས་བཤད་ཡིན་ཀྱང་བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་མ་རེད༽
མངའ་རིས་པཎ་ཆེན་གྱིས་བཤད་རྒྱུར།  ༼སྤྱིར་ལེགས་བཤད་ཅེས་པ་ནི་ཉེས་བཤད་དམ་ལོག་བཤད་ལས་ལྡོག་པའི་གཏམ་ལ་གོ་བས།  བོད་ལ་ས་སྐྱ་ལེགས་བཤད་མ་བྱུང་གོང་ནས་ལེགས་བཤད་ཡོད་དེ།  རྒྱལ་པོའི་བཀའ་འགྱུར་རོ་ཅོག་དང་།  ཕུས་ནུ་ལ་གདམས་ཤིང་བསྟན་པའི་མདོ།  ད་དུང་བླང་དོར་གྱི་གནས་འདོམས་པའི་གཏམ་བྱུང་ཚད་ཚང་མ་དེ་ཡིན་པའི་ཕྱིར༽
༼འོ་ན་ས་སྐྱ་ལེགས་བཤད་ཅི་ཞིག་རེད༽རྟེན་འབྲེལ་བསྟོད་པས་དེ་སྐད་དྲིས་པ་ན།  མངའ་རིས་པཎ་ཆེན་གྱིས༼ངས་བལྟས་ན་ལེགས་བཤད་ལ་སྒྲ་ཡངས་དོག་གི་དབྱེ་བ་འདུག  དེ་ལས་སྒྲ་ཡངས་པའི་ལེགས་བཤད་ནི་ཉེས་བཤད་དང་ལོག་བཤད་མ་ཡིན་པའི་གཏམ་ཡོད་ཚད་ལ་བྱ་བས།  འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོར་སྒྲ་ཡངས་པའི་ལེགས་བཤད་ཡོད་དེ། དཔེར་ན་ཕ་མས་ཆང་མ་འཐུང་དུ་བ་མ་འཐེན་ཟེར་བ་དེ་ཡང་མཐར་གཏུག་ན་ལེགས་བཤད་རེད། འོན་ཀྱང་སྒྲ་དོག་པའི་ལེགས་བཤད་ནི་བོད་ཀྱི་རྩོམ་ལུས་བྱེ་བྲག་པ་ཞིག་ཡིན་ལ།  དེར་རང་གི་ཐུན་མིན་གྱི་རྩ་བའི་ཁྱད་ཆོས་བཞི་ཡོད་པ༼བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག༽ཏུ་གསལ་བོར་བཀོད་འདུག༽ཟེར།
༼ཁྱོད་ཀྱིས་བཤད་འདོད་པ་ནི་ས་སྐྱ་ལེགས་བཤད་དེ་བོད་ཀྱི་སྒྲ་དོག་པའི་ལེགས་བཤད་ཀྱི་ཐོག་མ་རེད་ཅེས་པ་དེ་ཨེ་ཡིན༽
ལྷ་མགོན་གྱིས་དེ་སྐད་དྲིས་པ་ན་མངའ་རིས་པཎ་ཆེན་གྱིས༼ཡིན།  བོད་ལ་མཚོན་ན་ས་སྐྱ་པའི་ཡར་སྔོན་གྱི་པུར་རྒྱལ་བཙན་པོའི་དུས་སྐབས་སམ།  ཡང་ན་དེའི་ཡར་སྔོན་ཞིག་ནས་སྒྲ་ཡངས་པའི་ལེགས་བཤད་ཡོད་སྲིད་ན་ཡང་། དེ་དག་ལ་སྒྲ་དོག་པའི་ལེགས་བཤད་ཀྱི་ཁྱད་ཆོས་མི་ཚང་བས།  ང་ཚོས་བོད་ཀྱི་སྒྲ་དོག་པའི་ལེགས་བཤད་ཀྱི་ཐོག་མ་ནི་ས་སྐྱ་ལེགས་བཤད་ཡིན་ཞེས་བཤད་ན་ད་གཟོད་དོན་ལ་འབྱོར་སྙམ༽ཟེར།
༼འོ་ན་བོད་ལ་མ་གཏོགས་སྒྲ་དོག་པའི་ལེགས་བཤད་མེད་པ་ཨེ་ཡིན༽རྒྱ་མཚོས་མངའ་རིས་པཎ་ཆེན་གྱི་ཚོད་བགམ་ཕྱིར་བསམ་གཟས་ནས་དེ་སྐད་དྲིས།
༼དེ་ཡང་མ་རེད།  གླིང་གཞན་པ་ངས་མི་ཤེས།  ཡ་གླིང་ལ་མཚོན་ནས་བཤད་ན་རྒྱ་གར་དང་བོད།  རྒྱ་ནག་གསུམ་ལ་སྒྲ་དོག་པའི་ལེགས་བཤད་ཡོད་དེ། རྒྱ་གར་ལ་མཚོན་ན་ལུགས་ཀྱི་བསྟན་བཅོས་བོད་འགྱུར་མ་བདུན་པོ་དང་།  བོད་ལ་མཚོན་ན་ས་སྐྱ་ལེགས་བཤད་ཀྱིས་གཙོས་པའི་ལེགས་བཤད་མཐའ་དག  རྒྱ་ནག་ལ་མཚོན་ན་ད་ལྟ་སྒྲ་དོག་པའི་ལེགས་བཤད་ཕལ་ཆེར་མི་འདུག་མོད།  སུང་རྒྱལ་རབས་ཀྱི་སྐབས་སུ་དམངས་ཁྲོད་དུ་ལེགས་བཤད་དེ།  རྒྱའི་སྐད་དུ༼善书༽དུ་འབོད་པའི་རྩོམ་ལུས་ཤིག་དར་མྱོང་ལ།  དེ་ནི་བོད་ཀྱིས་ལེགས་བཤད་ལ༼善说༽ཞེས་འབོད་པ་དང་དོན་གཅིག་རེད།  དེ་ལས་གྲགས་ཆེ་བ་ནི༼太上感应篇༽བྱ་བ་དེ་ཡིན་ཞིང་།  དེའི་དབུར།  ༼བདེ་བ་དང་ནི་སྡུག་བསྔལ་དག  །ཐམས་ཅད་མི་ལ་རག་ལས་ཏེ།  །གཟུགས་ལ་འགྲོག་པའི་གྲིབ་མ་བཞིན།  །དགེ་སྡུག་རྣམ་སྨིན་ལས་དང་འབྲེལ།  །ཞེས་འབྱུང་བས།  དེ་ནི་སྒྲ་དོག་པའི་ལེགས་བཤད་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས༽ཟེར།
༼ཨ་ཙི།   རང་པཎ་ཆེན་པོ་རེད་དཱ༽
རྒྱ་མཚོས་ལག་གི་ཇ་ཕོར་སྒྲོག་ཙེའི་ཟུར་དུ་བཞག་ཅིང་། ཁ་ནང་གི་ཇ་དེ་སྒོག་སེ་མིད་རྗེས་དེ་ལྟར་བཤད་པ་ན།  ལྷ་མགོན་གྱིས༼ལ་ལས་ས་སྐྱ་ལེགས་བཤད་ནི་ལད་ཟློས་རྩོམ་རིག་ཅིག་རེད་ཟེར།  ཁྱོད་ལ་ལྟ་ཚུལ་ཅི་ཡོད༽ཅེས་དྲིས།
༼ང་ཡང་དེར་འཐད་པ་ཡིན།  རྒྱུ་མཚན་ནི་ང་ཚོས་ས་སྐྱ་ལེགས་བཤད་དང་རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བོད་འགྱུར་མ་བདུན་པོ་ཕན་ཚུན་གཤིབ་སྟེ་བསྡུར་ན།  ས་པཎ་གྱིས་ཐོག་མར་བསྟན་བཅོས་འདི་དག་བྱང་བར་མཛད་རྗེས་ད་གཟོད་ས་སྐྱ་ལེགས་བཤད་མཛད་པ་ཚེགས་མེད་དུ་རྟོགས་ནུས་ཏེ། སྡེ་དགེའི་པར་གྱི་ས་སྐྱ་བཀའ་འབུམ་ན་དུམ་པར་བཞུགས་པའི་ས་སྐྱ་པཎ་ཆེན་གྱི་རྣམ་ཐར་དུ་ཡང་། ༼འཇིག་རྟེན་གྱི་བྱ་བ་དང་།  ལུགས་ཀྱི་བསྟན་བཅོས་ལ་མཁས་པར་གྱུར་ཏེ་ཙ་ན་ཀ་དང་།  བ་སུ་རཀྴ་དང་།  ལུགས་ཆེན་པོའི་གཏམ་རྒྱུད་ལྔ་པ་ལ་སོགས་པ་དང་།  སྐྱེ་བོ་གསོ་བ་ལ་སོགས་པ་མང་དུ་རྗེ་བཙུན་རིན་པོ་ཆེ་ལས་བྱང་བར་མཛད་དོ། །དུས་ཕྱིས་ལེགས་པར་བཤད་པའི་གཏེར་ཞེས་འཇིག་རྟེན་གྱི་བྱ་བ་དང་ཆོས་ལུགས་བསྒྲུབ་པའང་མཛད་དོ༽ཅེས་གསུངས་འདུག་པས།   ས་སྐྱ་ལེགས་བཤད་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་ན་ཡང་།  དེ་ནི་ས་པཎ་གྱིས་རྒྱ་གར་གྱི་རྩོམ་ལུས་གསར་བ་ཞིག་བོད་ལ་ནང་འདྲེན་བྱས་པ་ནི་བསྙོན་དུ་མེད༽ཟེར།
༼ཅི་ཞིག་ལ་སྒྲ་དོག་པའི་ལེགས་བཤད་ཟེར༽
རྒྱ་མཚོས་དེ་སྐད་དྲིས་པ་ན་མངའ་རིས་པཎ་ཆེན་གྱིས༼སྒྲ་དོག་པའི་ལེགས་བཤད་ནི་མཐར་གཏུག་ན་རྩོམ་ལུས་ཤིག་རེད། ༼བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག༽ཏུའང་།  སྒྲ་དོག་པའི་ལེགས་བཤད་བོད་ཀྱི་རྩོམ་ལུས་ཆེན་པོ་བདུན་གྱི་གྲས་སུ་བཞག་འདུག་པ་མ་ཟད།  ད་དུང་རྩོམ་ལུས་གཞན་དང་མི་མཚུངས་པའི་ཁྱད་ཆོས་བཞི་དྲངས་འདུག  ངས་བསམ་ན་སྒྲ་དོག་པའི་ལེགས་བཤད་ཡིན་ན་ཚིགས་བཅད་ཡིན་དགོས་པ་དང་།  བརྗོད་བྱ་ཡང་ལུགས་གཉིས་ལས་སྲིད་ལུགས་དང་།  ཆོས་གཉིས་ལས་མི་ཆོས་སྟོན་པ་ཞིག་ཡིན་དགོས་པས་ནང་དོན་དང་རྣམ་པ་གཉིས་ཀ་སྒྲ་ཡངས་པའི་ལེགས་བཤད་དང་ཁྱད་ཆེན་པོ་འདུག  དེ་བས་ས་སྐྱ་ལེགས་བཤད་ནི་བོད་ཀྱི་སྒྲ་དོག་པའི་ལེགས་བཤད་ཀྱི་ཐོག་མ་ལས་ལེགས་བཤད་ཀྱི་ཐོག་མ་མ་རེད༽
མངའ་རིས་པཎ་ཆེན་གྱིས་དེ་སྐད་བཤད་པ་ན།  ལྷ་མགོན་གྱིས༼རེད།  དངོས་ནས་དུངས་ཞེན་གྱིས་སྐད་ཆ་དོར་ཏེ།  གནས་ལུགས་ངོ་མ་ཞིག་བསྙད་སོང་།  ང་ཡང་ཁྱོད་ཀྱི་ལྟ་ཚུལ་དེར་འཐད་པ་ཡིན༽ཞེས་བཤད་རྗེས་རང་གི་མལ་ཁྲིའི་སྟེང་དུ་ཙོག་ཅིང་། ལག་ཟུང་ཐལ་མོར་སྦྱར་ཏེ་དམིགས་བརྩེ་མ་འདོན་འགོ་བརྩམས་པ་ན།  སློབ་གྲོགས་གཞན་པ་ཚོས་ཀྱང༼ དེ་དེ་བཞིན་ནོ ༽ཞེས་མངའ་རིས་པཎ་ཆེན་ལ་བདེན་ཁ་བྱིན་ཏེ་རང་རང་གི་མལ་ཁྲིའི་སྟེང་དུ་འགོས་ཏེ་ཉལ་བས།  དེ་མ་ཐག་མལ་ཁང་ཨང15བ་ནི་བརྙན་འཕྲིན་གྱི་གློག་སྒོ་གཏན་པ་ལྟར་ཁུ་སིམ་མེར་གྱུར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མལ་ཁང་ནང་གི་ལབ་གླེང་།

2011-09-14 པད་མ་དབང་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།