བྱུར་དམར་སྡེ་བའི་གཏམ་རྒྱུད།

                    1
  ཉིན་དེ་ནི་ས་སྒང་རིལ་མོ་འདིའི་སྟེང་གི་མི་བུ་རེ་རེར་ཆ་མཚོན་ན།ལོ་རེའི་ཉིན་མོ་སུམ་བརྒྱ་དྲུག་ཅུའི་ནང་གི་ཆེས་རྒྱུན་ལྡན་གྱི་ཉིན་མོ་ཞིག་ཡིན་ངེས་མོད།ཞོགས་པའི་ཉི་ཟེར་གྱི་འཛུམ་རྒྱ་བྱུར་དམར་སྡེ་བའི་རི་ར་བ་ཁང་ཁྱིམ་ཀུན་ཏུ་དྲོད་འཇམ་གྱི་ལེར་གྲོལ་དུས་སྡེ་བའི་རྒན་དར་གཞོན་གསུམ་ཚང་མ་བྲེལ་བྲེལ་ཟང་ཟིང་གིས་ཡིད་སྨོན་དང་མཚར་སྣང་འདྲེས་མའི་ངང་ལམ་ཐག་རིང་བ་དག་རླངས་འཁོར་དང་འཕྲུལ་རྟར་བརྟེན།ལམ་ཐག་ཉེ་བ་རྣམས་རྐང་ཐང་གིས་སྡེ་དཔོན་རིན་རྡོ་ཚང་གི་ཕྱོགས་སུ་འགྲོ་བཞིན་འདུག
                     2
  བྱུར་དམར་སྡེ་བ་ནི་སྨན་ལྗོངས་ལུང་བའི་ནང་དུ་ཆགས་ཡོད་ལ།སྡེ་བ་འདིའི་སྐྱེས་ཕོ་མོ་ཡོངས་བྱུ་རུ་ལ་དགའ་ཞིང་།བྱུ་རུར་གསེར་དངུལ་སྲམ་གསུམ་གང་ལས་ཀྱང་ལྷག་པའི་བརྩེ་དུང་ཞིག་བཅངས་ཡོད།དེ་ནི་ཁོ་ཚོས་མི་རབས་དུ་མའི་རིང་ལ་རྒྱུད་འཛིན་བྱས་པའི་མཛེས་དཔྱོད་ཀྱི་རིན་ཐང་འཛིན་སྟངས་ཤིག་ཡིན་ངེས་ལ།སྡེ་བའི་མིང་ལ་བྱུར་དམར་ཞེས་ཐོགས་དོན་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ།
  འདས་པའི་དཀའ་སྡུག་གི་ལོ་ཟླ་གང་མང་ཞིག་གི་རིང་ལ། བྱུར་དམར་སྡེ་བའི་ཁྱིམ་མཚེས་ཀྱི་སྡེ་བ་དག་གིས་གསེར་དངུལ་གཡུ་བྱུར་དང་སྲམ་གཟིག་གི་པགས་པ་བཅས་ལ་ཁྱད་མེད་ཀྱིས་ཤི་འཐམ་རོ་འཐམ་བྱེད་དུས།བྱུར་དམར་སྡེ་བའི་མི་རྣམས་དེ་དག་ཀུན་ལ་ཧམ་པ་མེད་པར་བྱུ་རུ་ཁོ་ན་ཉོ་བར་ཤ་ཐང་རུས་ཆད་ཀྱིས་འདུར་བཞིན་ཡོད།སྐྱེས་མ་ཚོས་རྣམ་ཀུན་སྡེ་བའི་བུད་མེད་སུ་ཞིག་ལ་བྱུ་རུའི་སྐེ་རྒྱན་རྐྱ་མ་དུ་ཡོད་པ་དང་།ཆེ་ཆུང་ཇི་འདྲ་ཡིན་པ་སོགས་གླེང་ཞོར་དེ་ལ་ཡིད་སྨོན་དང་།རང་ཉིད་ལ་དེ་འདྲ་ཞིག་མེད་པར་ངོ་ཚ་དང་འཁང་ར་འདྲེས་མའི་རྣམ་འགྱུར་ཞིག་སྟོན་པར་བྱེད་ཅིང་། སྐྱེས་པ་དག་གིས་ཀྱང་རང་ཉིད་ཀྱི་ཆུང་མ་དང་བུ་མོར་བྱུ་རུའི་སྐེ་རྒྱན་ལེགས་པོ་རེ་འདོགས་རྒྱུ་ཡོད་ཚེ།དེས་ནི་རང་ལ་ངོ་སོ་དང་དབང་ཐང་གང་ཞིག་སྩོལ་གྱིན་ཡོད་ལ།དེ་ལས་ལྡོག་ན།རང་ཉིད་དབུལ་བོ་དང་ནུས་མེད་ཅིག་ཡིན་པ་བླ་ལྷག་གིས་ར་སྤྲོད་བྱེད་ཀྱིན་པར་འདོད་ཡོད།
  ཉེ་བའི་ལོ་འདི་དག་གི་རིང་དབྱར་རྩྭ་དགུན་འབུའི་རིན་ཐང་ལ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་གདེང་འཇོག་མཐོན་པོ་བྱས་ཤིང་།་དབྱར་རྩྭའི་རིན་གོང་མཐོ་ནས་མཐོ་རུ་ཕྱིན་ལ་།ཡུལ་ལུང་འདིའི་མི་རྣམས་ཀྱི་འཛད་སྤྱོད་ཀྱི་ཆུ་ཚད་ཀྱང་མཐོ་རུ་སོང་པས་ཁྱིམ་མཚེས་ཀྱི་སྡེ་བ་དག་ཏུ་སྔར་ལས་ཀྱང་གཅིག་བཟང་གཉིས་མཆོག་སྒོས་སྲམ་གཟིག་གི་པགས་པ་ཁྲུ་ཙི་དང་ཁྲུ་ཙི་བྱས་ཏེ་ཚར་ཕྲུག་གི་འདབ་ཁ་དང་གོང་ཁར་རྒྱག་པའི་རླབས་རྒྱུན་འཁྲུག་ཆ་དོད་པོར་མཆེད་ཀྱིན་ཡོད།དེ་ལྟ་ནའང་།བྱུར་དམར་སྡེ་བས་བྱུ་རུ་ཁོ་ན་ཉོ་བ་ལས་སྲམ་གཟིག་གི་པགས་པར་སྔར་བཞིན་དོ་སྣང་བྱེད་ཀྱིན་མེད་ལ།ཁོ་ཚོས་བྱུ་རུ་རྔ་མོང་གི་འཆོལ་རིགས་ལྟ་བུ་མི་འདོགས་པར་ལུག་གི་རིལ་མ་ལྟ་བུ་འདོགས་པ་ནི་ཁྱིམ་མཚེས་ཀྱི་སྡེ་བ་དག་གི་གཟབ་འཆོར་བྱེད་སྟངས་ཡིན་ལ།དེ་ལྟ་བུའི་བྱུ་རུ་ཞིག་འདོགས་པ་ལས་མ་བཏགས་ན་བཟང་ཞེས་གད་མོའི་གནས་སུ་བྱེད། བར་མཚམས་ཤིག་ལ།ཡུལ་ལུང་འདིར་པགས་པ་གོས་སུ་གྱོན་པའི་གཟབ་འཆོར་བྱེད་སྟངས་དེ་རྩ་བ་ནས་བསྒྱུར་བཅོས་བྱེད་མགོ་ཚུགས།  སྔོན་ཚུར་ཉོ་དུས་གོང་ཆེན་བྱིན་པའི་སྲམ་གཟིག་གི་པགས་པ་དེ་དག་ཕྱིར་འཚོང་བྱེད་བསམ་དུས་རིན་གོང་མར་ཆག་སྟེ་རྣར་མི་འགྲོ་བ་ཞིག་རེད།ཁྱིམ་མཚེས་ཀྱི་སྡེ་བ་དག་ཏུ་ལ་ལས་ཨམ་གཙིགས་དམ་བསྡམས་བྱེད་བཞིན་སྲམ་གཟིག་གི་པགས་པ་རིན་གོང་སླ་མོའི་ངང་གཞན་རིགས་ཀྱི་ཚོང་བ་ཚོར་བཙོང་སྟེ་སྒོར་རྡོག་རེ་འགའ་ཐོབ་པར་བྱེད།ལ་ལས་མེར་བསྲེགས་པར་བྱེད།འོན་ཀྱང་།བྱུར་དམར་སྡེ་བར་མཚོན་ན།སྲམ་གཟིག་གི་པགས་པ་གོས་སུ་གྱོན་པ་རྩ་བ་ནས་བསྒྱུར་བཅོས་བྱེད་རྒྱུ་གླེང་ཚེ་དེ་ནི་ཧ་ཅང་སླ་མོའི་ལས་ཤིག་ཡིན།ད་དུང་ཁོ་ཚོས་ཁྱིམ་མཚེས་ཀྱི་སྡེ་བ་དག་གིས་ཀྱང་དང་ཐོག་ནས་རང་ཅག་དང་འདྲ་བར་བྱུ་རུ་ཉོས་ཡོད་ཚེ་ད་ནི་རྒྱུ་ནོར་གྱིས་རྒྱུ་ངོ་མི་ཆོད་པའི་ཚད་འདི་ལྟ་བུར་ལྷུང་མི་སྲིད་ཟེར་བཞིན་དེ་དག་ལ་སྙིང་རྗེ་རྗེ་བྱེད་ཀྱིན་ཡོད།
  བྱུར་དམར་སྡེ་བའི་བྱིས་པ་དག་དང་ཐོག་སློབ་གྲྭར་མ་བསྐྱལ་བ་མེད་ནའང་།སློབ་སྦྱོང་གི་རྒྱུན་བསྐྱངས་ཐུབ་པར་གྱུར་ཡོད་པ་ནི་ལྷག་བསམ་གཅིག་པུ་ལས་མེད།ལྷག་བསམ་ཡང་བྱིས་པ་གཞན་དག་དང་འདྲ་བར་སློབ་གྲྭ་ནས་ཐེངས་གང་མང་ལ་ཕྱིར་འབུད་རྩིས་བྱས་ཀྱང་།གོང་རིམ་ནས་སྡེ་དཔོན་གྱིས་སྣེ་ཁྲིད་དེ་མང་ཚོགས་ཀྱི་བྱིས་པ་སློབ་གྲྭར་བསྐྱལ་བར་སྐུལ་སློང་བྱ་དགོས་པའི་བླང་བྱ་བཏོན་བྱུང་བས་སྡེ་དཔོན་ཡང་འུ་ཐུག་པར་གྱུར་ཏེ་བུ་ཆུང་ལ་ཁ་ཡག་ངོ་དགའ་གང་མང་བགྱིས་ཏེ་སློབ་གྲྭར་བསྐྱལ་ཐབས་བྱས།ཕྱིས་སུ་ལྷག་བསམ་དགེ་རྒན་བཟང་བོ་ཞིག་དང་འཕྲད་དེ་སློབ་སྦྱོང་གི་སྤྲོ་སྣང་རྙེད་ཅིང་།སྦྱང་འབྲས་ཀྱང་ཇེ་ལེགས་སུ་ཕྱིན།སློབ་ཆུང་མཐར་ཕྱིན་དུས་སྡེ་དཔོན་བཟའ་ཟླ་གཉིས་ཀྱིས་བུ་ཆུང་སློབ་གྲྭར་བསྐྱལ་འདོད་མེད་ནའང་།ཁོའི་བསླབ་འབྲས་ཧ་ཅང་གཟེངས་ཐོན་ཡིན་ཞིང་།ཁོ་རང་ཉིད་ཀྱང་ཤེས་བྱའི་སྦྲང་ཆང་ལོངས་སྤྱོད་པ་ལ་སྲེད་པས་མུ་མཐུད་དུ་སློབ་གྲྭར་འགྲོ་བར་ཨུ་ཚུགས་མཐར་སྐྱེལ་བྱས་པས་ཕ་མ་གཉིས་ཀྱིས་ཀྱང་ཁོའི་བསམ་འདུན་མི་བརྩི་ཐུ་མེད་དུ་གྱུར། ལོ་དེར།ལྷག་བསམ་དེ་ལྟར་བྱུར་དམར་སྡེ་བ་ནས་ཕྱི་ཕྱོགས་སུ་སློབ་གྲྭ་འགྲིམ་པར་ཆས་པའི་མི་ཐོག་མ་དེར་གྱུར་ཞིང་།རྒྱུ་གང་གིས་བསྐྱེད་པའང་མི་ཤེས་པའི་སྟོབས་ཤུགས་དང་སྤོབས་སེམས་ཤིག་བཏེགས་ཏེ་རྫོང་སློབ་འབྲིང་དུ་ཞུགས།
  དུས་ཚོད་ཀྱི་རླུང་བུ་ནམ་ཡང་འཇགས་པ་མེད་པར་ལོ་ཟླའི་གས་སྲུབས་སུ་འཐོར་བའི་སྐྱོ་ངལ་དང་གདུང་བ།སྤྲོ་དགའ་ཡོད་ཚད་ལ་བྱིལ་བྱིལ་གཏོང་བཞིན་མུ་ནས་མུ་རུ་གཡུག་པ་དང་བསྟུན་དེ་ལྷག་བསམ་གྱི་སློབ་རིམ་ཡང་ཇེ་མཐོར་སོང་ཞིང་།ཁོའི་རིན་ཐང་ལྟ་ཚུལ་དང་བསམ་པའི་འཁོར་ཕྱོགས་སོགས་ཀྱང་ཕ་རྒན་དང་བཅས་པའི་སྡེ་མི་ཡོངས་དང་མི་མཐུན་ས་མང་དུ་ཡོད་པར་གྱུར།ཁོ་ཚོའི་བྱ་བ་བསྒྲུབ་ཕྱོགས་ཇི་སྙེད་ཅིག་ལ་དགག་རྒྱག་བྱས་པས་སྡེ་དཔོན་གྱིས་ད་ནི་བུས་རང་གི་ཕ་ལའང་སློབ་གསོ་གཏོང་བར་བྱེད་པས་རང་གི་བུ་ཆུང་ཁོའི་ཕུགས་བསམ་ཁྲོད་ཀྱི་བུ་ཆུང་དང་རྒྱང་གྱེས་ནས་གཞན་ཞིག་ཏུ་འགྱུར་བཞིན་པའི་ཉམས་སྣང་སྐྱེས་ལ།དང་ཐོག་རང་གིས་བུ་ཆུང་སློབ་གྲྭར་བསྐྱལ་བར་འགྱོད་སྣང་སྐྱེས།
  ལྷག་བསམ་ཞིང་ཆེན་དུ་ཡི་གེ་གདོན་པར་འགྲོ་དགོས་པའི་གཏམ་དེ་བྱུར་དམར་སྡེ་བར་ཁྱབ་དུས།  རྒས་འཁོགས་འགའ་རེ་བྲེལ་སྟབས་ཀྱིས་སྡེ་དཔོན་གྱི་དྲུང་དུ་བསྙེགས་ཏེ་ཁོ་ཚོ་འཇིག་རྟེན་དཀར་ངོགས་འདི་དང་མ་བྲལ་སྔོན་ལ་ཉིད་ཀྱི་བུ་ཆུང་སློབ་གྲྭར་མི་སྐྱེལ་བར་མནའ་མ་ཞིག་བསུས་ཏེ་ཁོ་མོའི་བྱུ་རུའི་སྐེ་རྒྱན་མཐོང་འདོད་ཟེར།  སྡེ་དཔོན་གྱིས་བུ་ཆུང་གཅེས་ལང་དུ་བཏང་དྲག་པས་ཁོའི་ཅི་བསམ་འདོད་ཐོག་ལ་འཇོག་པ་ལས་ཐབས་མེད་ཚུལ་བསྙད་པར་རྒན་པ་ཚོས་ཡི་ཆད་ཀྱི་མགོ་བོ་འཕྲེད་དུ་གཡུགས་པར་བྱེད།གསར་བུ་དག་གིས་ལྷག་བསམ་ནི་གླེན་པ་ཁ་ནག་ཅིག་མིན་ན་ཆུང་མ་འབྲུག་མོ་ལྟ་བུ་ཞིག་བྱུ་རུས་བརྒྱན་ཏེ་བསུས་ན་དེའི་ཡན་གྱི་ཁོག་དཔུང་དང་ངོ་སོ་ཞིག་གང་ན་ཡོད་ཟེར།  སྨན་ཤར་ལ་ཤས་ཀྱིས་ཀྱང་སྡེ་དཔོན་ཚང་ནི་བྱུར་དམར་སྡེ་བའི་རྒྱུ་འབྱོར་ཆེ་ཤོས་དེ་ཡིན་ལ།ལྷག་པར་ཏུ་སྡེ་དཔོན་གྱི་ཆུང་མའི་བྱུ་རུ་ཞེས་གླིང་སྡེ་བ་གཉིས་ཀར་མིང་ཡོད་པས་ན།ཁོ་ཚང་གི་གཅེས་ལོར་ཆུང་མ་ཞིག་བསུ་ན་བྱུ་རུའི་སྐེ་རྒྱན་དེ་ལས་ལྷག་པ་ཞིག་ཉོ་སྲིད་ཅིང་འདོགས་ངེས་པས་ན།རང་ཉིད་ལ་དེ་འདོགས་པའི་བགོ་སྐལ་ལྡན་ན་ཅི་མ་རུང་སྙམ་པའི་སྨོན་ལམ་རྒྱག་བཞིན་ཡོད།
                      3
  ལྷག་བསམ་གྱིས་མནའ་མ་ཁྲིད་ཡོང་འདུག་པའི་གཏམ་དེ་རྩྭ་སྐྱའི་གསེབ་ཏུ་མེ་སྟག་ལྷུང་བ་བཞིན་བྱུར་དམར་སྡེ་བར་མཆེད་དུས།དུས་ཡུན་ག་ཚོད་ཅིག་ལ་ཁ་སིམ་ཁུ་འཇགས་ཀྱིས་གནས་པའི་རི་སྡེ་ཆུང་ཆུང་འདི་སྐད་ཅིག་ཉིད་ལ།འུར་འུར་ཟིང་ཟིང་ཞིག་ཏུ་གྱུར་སོང་།འགའ་རེས་སྡེ་དཔོན་ཚང་གི་མནའ་མས་བྱུ་རུའི་སྐེ་རྒྱན་བཏགས་པ་ཙམ་མིན་པར་གོན་འདུག་ཟེར།  ཡང་འགའ་རེས་མནའ་མ་དེས་བྱུ་རུ་རྡོག་གཅིག་ཀྱང་བཏགས་མེད་པར་སྨྲ། སྡེ་བ་འདིར་མཚོན་ན་སྡེ་དཔོན་ཚང་གི་མནའ་མས་བྱུ་རུའི་སྐེ་རྒྱན་བཏགས་ཡོད་མེད་དང་། སྐེ་རྒྱན་ཅི་འདྲ་ཞིག་འདོགས་སྲིད་མིན་དེ་སྐྱེས་ཕོ་མོ་ཡོངས་ཀྱིས་ངེས་པར་དུ་གསལ་ཁ་ཆོད་དགོས་པའི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་སོང་།
  སྡེ་དཔོན་ཚང་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་ཚང་ལ་སླེབས་པའི་སྡེ་མི་དག་ཁྱིམ་དུ་བསུས་ཏེ་གསོལ་ཇ་འདྲེན་པར་བརྩམས་པ་ན།བུ་མོ་ཆ་མེད་ཅིག་འོང་སྟེ་ཁོ་ཚོར་གསོལ་ཇ་དྲངས་བྱུང་།ཚང་མས་དེ་ནི་སྡེ་དཔོན་ཚང་གི་མནའ་མ་ཡིན་པར་སྙམ་སྟེ་ཞིབ་མོར་ལྟ་དུས། ཁོ་མོས་ཨ་བྲའིི་རིལ་མ་ལྟ་བུའི་བྱུ་རུའི་སྐེ་རྒྱན་རྐྱ་མ་གཅིག་མ་གཏོགས་བཏགས་མི་འདུག་པས་ཁོ་མོ་ནི་སྡེ་དཔོན་ཚང་ལ་གསར་དུ་འོང་བའི་ལག་རོགས་པ་ཞིིིག་ཡིན་པར་སྙམ།
  སྡེ་མི་དག་ལ་མཚོན་ན།སྡེ་དཔོན་ཚང་གི་མནའ་མའི་བྱུ་རུའི་སྐེ་རྒྱན་མཐོང་རྒྱུ་དེ་ནི་ལོ་ངོ་མང་པོ་ཞིག་གི་རིང་ལ་ཡིད་སེམས་སུ་མཛེས་སྡུག་གིས་ཉར་བའི་རེ་སྨོན་ཞིག་དེ་ལྟར་མངོན་པ་དོན་དུ་གྱུར་བ་ཡིན་པས་ད་ནི་ཏོག་ཙམ་ལའང་སྒུག་མི་བཟོད་པར་གྱུར་ཏེ་ཚང་མའི་མིག་གི་རྒྱལ་མོ་སྡེ་དཔོན་བཟའ་ཟླ་གཉིས་ལ་ཕྱོགས་ནས་བསྡད་པར་རྣམ་ཀུན་གཏམ་ཁ་ལྕེ་ཅན་གྱི་སྡེ་དཔོན་ད་ནི་ངག་ལྐ་མ་ལྐུགས་ཤིག་ཏུ་གྱུར་ནས་ཚང་མར་"ཇ་འཐུང་དང་།ཇ་འཐུང་དང"ཞེས་ཟེར།སྙེམས་པའི་མགོ་བོ་ལྟག་གར་དགྱེ་སྟེ་འགྲོ་བའི་ཆུང་མ་ཡང་ད་ནི་སྐྱོ་བའི་གདོང་ལ་ཐལ་མདོག་ཅིག་མངོན་ཏེ་ཉམ་ཆུང་གི་ཚུལ་གྱིས་མགོ་བོ་དང་གར་སྨད་ནས་བསྡད་འདུག
    སྡེ་མི་ཚོས་ཇི་ལྟར་སྒུག་ཀྱང་ཁོ་ཚོའི་དྲན་སྣང་ཁྲོད་ཀྱི་བྱུ་རུའི་སྐེ་རྒྱན་ཤམ་ཤམ་བྱེད་པའི་མནའ་མ་དེ་མཇལ་རྒྱུ་མ་བྱུང་།  མཚམས་ཤིག་ལ་རྒན་པོ་ཞིག་གིས་“ཁྱེད་ཚང་གི་མནའ་མ་དང་བྱུ་རུའི་སྐེ་རྒྱན་”ཞེས་སྡེ་དཔོན་བཟའ་ཟླ་གཉིས་ལ་དྲིས་པ་ན།ཁྱོ་ཤུག་གཉིས་ཀྱི་གདོང་བ་དམར་པོར་འགྱུར་བཞིན་སྡེ་དཔོན་གྱིས“ད་ཅིའི་བུ་མོ་དེ་ཡིན”ཟེར། དེའི་མུར་སྡེ་མི་ཀུན་ཧ་ལས་ཧང་སངས་བར་གྱུར་ཞིང་དོགས་པ་དང་མཚར་སྣང་འདྲེས་མའི་མིག་མདངས་ཀྱིས་གཅིག་ངོར་གཅིག་གིས་ལྟ་བཞིན་“འོ་ན། བྱུ་རུའི་སྐེ་རྒྱན་དེ་་་་་་་་”ཞེས་ཤབ་ཤུབ་དང་རྡབ་རྡིེིབ་ཀྱི་སྐད་ཆ་སྣ་ཚོགས་བཤད་པར་གྱུར།སྡེ་དཔོན་གྱིས་མགོ་བོ་སྨད་དེ་ས་ལ་ལྟ་བཞིན་སྐྱོ་ཉམས་ཀྱིས་“མནའ་མ་འདོགས་རྒྱུར་དགའ་བོ་མི་འདུག”ཟེར།  དེའི་འཕྲལ་སྡེ་དཔོན་གྱི་ཆུང་མས་རང་གི་བྱུ་རུ་ལས་ཀྱང་ལྷག་པའི་བྱུ་རུའི་སྐེ་རྒྱན་ཞིག་ཁང་བའི་སྦུབས་ཤིག་ནས་ཁྱེར་འོང་ཏེ་སྡེ་མི་ཚོར་སྟོན་བཞིན་འདྲེན་བྱེད་ཟུང་ལས་ཁང་བའི་ནང་གི་་དཀར་གསལ་གྱི་འོག་ཏུ་འོད་ཀྲིག་ཀྲིག་བྱེད་པའི་གཤེར་ཁུ་གང་རུང་ཞིག་མཁུར་ཚོས་བརྒལ་ཏེ་ཁུ་སིམ་གྱིས་ཐང་ལ་ཟགས་མགོ་བརྩམས་བྱུང་།མོས་ལྭ་བའི་ཕུ་ཐུང་གི་སྣེ་མོས་གཤེར་ཁུ་དེ་འབྱིད་བཞིན་གཅོམ་ཆུང་གིས་ངུ་སྔངས་བྱས་བྱུང་བར།བུད་མེད་འགའ་རེས་ཀྱང་ཁོ་མོའི་མིག་ཟུང་ལས་ཟགས་པའི་གཤེར་ཁུ་དེས་ཅི་ཞིག་གི་སྐོམ་གདུང་མ་སོད་པ་ཇི་བཞིན་རང་རང་གི་མིག་ལས་ཀྱང་གཤེར་ཁུ་དེ་འཛག་པར་བྱས་སོང་། གློ་བུར་དུ་གསར་བུ་ཞིག་གིས་“ཨ་ཁུ་སྡེ་དཔོན། མནའ་མ་རྒྱ་མོ་ཞིག་ཡིན་ནམ།” ཟེར། “མ་རེད།  བོད་མོ་ཞིག་རེད།” ཅེེས་ལན་ལྡོན།  “འོ་ན། ལྷག་བསམ་གྱིས་ཅི་ཟེར། ད་དུང་ནད་རྙིང་དེ་འཕར་གྱིན་ཡོད་པ་ཨེ་རེད།” ཅེས་དྲིས།སྡེ་དཔོན་གྱིས་“ཁོས་སྔར་ལྟར་བྱུ་རུའི་སྐེ་རྒྱན་ལ་དགག་པ་གཏོང་བཞིན་འདུག   མནའ་མས་བྱུ་རུ་མི་འདོགས་པ་ཡང་གཙོ་བོ་ཁོ་ལན་པ་ཡིན།” ཟེར། “ལྷག་བསམ་གང་ལ་བུད་ཐལ། ”རྒན་པོ་ཞིག་གིས་ངར་ཤུགས་དང་བཅས་དེ་ལྟར་བཤད་བྱུང་། “སྡེ་བའི་སློབ་ཆུང་དུ་བུད་ཐལ། ”ཟེར།
  སྡེ་དཔོན་གྱི་སྐད་མགོ་ཡལ་མ་ཐག་ལྷག་བསམ་ཡང་ཁྱིམ་དུ་སླེབས་ཤིང་།ཡུལ་མི་ཚོར་ཁམས་འདྲི་རེ་བྱས་རྗེས་བཤད་རྒྱུར"ངས་སྔོན་ཆད་ཅིག་ནས་བཤད་མྱོང་།རང་ཅག་གིས་རྡོ་བ་རིན་པོ་ཆེར་རློམ་སྟེ་རྒྱུ་ནོར་ཡོད་ཚད་དེར་བསྟིམས་པའི་བླུན་སྤྱོད་འདི་བསྒྱུར་དགོས།ལྷག་པར་ཏུ་རྡོ་བ་མང་དུ་བཏགས་ནས་ངོམ་སོ་བྱེད་ཚུལ་འདི་བསྒྱུར་ནས་ཚད་དང་རན་པ་རེ་བཏགས་ན།དེ་ནི་ད་གཟོད་མཛེས་དཔྱོད་ཀྱི་ལྟ་བ་ཡག་པོ་ཞིག་ཡིན།དེང་ཕྱིན་སྒོར་མོས་རྡོ་བ་མི་ཉོ་བར་བྱིས་པ་ཚོས་ཡི་གེ་སློབ་སའི་སློབ་གྲྭ་འདི་འཛུགས་བསྐྲུན་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་སྟེ་ཤེས་རིག་ཡོན་ཏན་ཉོ་དགོས"ཞེས་བཤད་པར་གཞོན་པ་ཚོས་ཁ་གཉེར་སྣ་བརྫེས་བྱེད།རྒན་པ་རྣམས་ཀྱིས་"ཞི་ལུ་ལོ་ལོ།བྱུ་རུའི་སྐེ་རྒྱན་འདོགས་པ་འདི་བོད་ཁ་བ་ཅན་གྱི་སྲོལ་ཡིན།སྒོས་སུ་རང་ཅག་བྱུར་དམར་སྡེ་བ་འདིས་ཕ་མེས་ཀྱི་རིང་ནས་བྱུ་རུ་བཏགས་ཏེ་འོང་བ་ཡིན།ད་ལྟ་གདགས་རྒྱུ་ཡོད་ཀྱང་འདོགས་འདོད་མེད་པ་འདི་ཨ་མཚར།བྱུ་རུ་འདོགས་མཁན་ཇེ་མང་དུ་སོང་ན།དེ་ནི་ཕ་མེས་ནས་བརྒྱུད་པའི་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ཡིན"ཟེར།"ཕ་མེས་ནས་བརྒྱུད་པའི་རིག་གནས་རྒྱུད་འཛིན་བྱེད་ཀྱིན་ཡོད་ན།རང་སྡེར་གནའ་དུས་དར་ཆེ་བར་གྲགས་པའི་<<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>ད་ལྟ་སུས་ཆ་ཚང་བཤད་ཤེས།ང་རང་བྱིས་དུས་སུ་ད་དུང་འཁྲབ་ཀྱིན་པའི་<<བཙུན་མོ་བྱུ་རུ>>འི་ཟློས་གར་དེ་ད་ལྟ་ཅི་ལ་མི་འཁྲབ།ད་ལྟའི་ན་གཞོན་ཚོའི་གྲལ་ན་དམངས་གླུ་ལེན་ཤེས་མཁན་དུ་ཡོད།གང་ཞིག་རྒྱུད་འཛིན་དང་གང་ཞིག་དར་སྤེལ་གཏང་དགོས་པ་ཤེས་པར་གྱིས”ཞེས་བཤད་པར་རྒན་པ་ཚོའི་ཁྲོད་དུ་རང་གི་ཕ་མེས་ཀྱི་ངག་ནས་བཤད་པ་དེ་ཨེན་ཙམ་རེ་ཐོས་མྱོང་མཁན་ཡོད་ཀྱང་།ད་ལྟ་ནི་བརྗེད་ངེས་ཀྱི་རྐུན་པོར་སྐྱེས་སུ་ཕུལ་ཚར་འདུག་ལ།ཟློས་གར<<བཙུན་མོ་བྱུ་རུ>>ཞེས་པ་དེ་ཡང་ད་ལྟ་དངོས་གནས་འཁྲབ་མཁན་གཅིག་ཀྱང་མེད།རྒན་པ་འགའ་རེས་ན་གཞོན་ཚོར་འཁྲབ་དགོས་པའི་རེ་སྐུལ་བྱས་མྱོང་ནའང་།དེ་དག་གིས་ད་ལྟར་བརྙན་འཕྲིན་སོགས་ལ་མི་ལྟ་བར་ཟློས་གར་དེར་བལྟ་མཁན་སུ་ཡོད་ཅེས་ཁོ་ཚོའི་ཁ་ཏ་རླུང་ལ་བསྐུར་བར་བྱེད།ཐ་ན་ད་ལྟའི་གཞོན་སྐྱེས་ཚོའི་ཁྲོད་ན་དམངས་གླུ་ལེན་ཤེས་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན་སྟབས་ཚང་མས་ཕྱིར་ལྷག་བསམ་གྱི་སྟེང་ལ་གནས་ལུགས་རི་ལྟ་བུ་ཞིག་བཙལ་ཏེ་ཁོ་རང་དེའི་འོག་ཏུ་གནོན་པར་འདོད་ཀྱང་།ཁོས་བཤད་པ་ཚང་མ་རང་རང་གི་གནོང་ཐོག་ཏུ་ཁེལ་སོང་བས་ད་ནི་ཅི་ཞིག་བཤད་ན་བཟང་བའང་མི་ཤེས་པར་གྱུར།ཁོའི་ཕ་རྒན་དང་རྒན་པ་ཚོས་ལྟ་ལོག་གན་དང་བསྟན་བཤིག་ཁྱོད་ཅེས་སྡིག་སྨོད་གཏོང་བར་བྱེད།གཞོན་ནུ་འགའ་རེས་སྡང་མིག་གིས་ལྷག་བསམ་ལ་ཕུར་ཚུགས་སུ་ལྟ་བཞིན་ཁྱོད་ཀྱིས་མཁས་མདོག་མ་སྟོན།བཤད་ནས་ང་ཅག་ཁྱོད་ཀྱི་མི་དོ་ཡ་མིན་ཡང་།ཁུ་ཚུར་གཡུག་ན་ལྡབ་འགྱུར་གྱིས་ལྷག་བསམ་ནའང།དེ་རིང་ཡུལ་མི་འདི་འདྲ་མང་པོ་ཞིག་གི་མདུན་ནས་ཁོར་ཀ་ར་བྱིན་ན་།རང་ཉིད་ལའང་ཁ་རྡུང་དང་བཀའ་བཀྱོན་བརྟས་མི་ཐེག་པ་རེ་ཕོག་སྲིད་སྙམ་སྟེ་།ཞེ་སྡང་གི་མེ་ལྕེ་བཙན་གྱིས་བཅིལ་ནས་བསྡད།
                  4
  <<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>ཞེས་པ་དེ་ནི་རྩོམ་པ་པོ་མི་གསལ་བའི་དམངས་ཁྲོད་ཀྱི་བཤད་པའི་རིགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་སྟེ།།བཤད་པ་དེ་རུ་བྱུ་རུའི་ཁ་དོག་དང་རྣམ་པ་།ངོ་བོ་སོགས་རབ་བཏགས་དང་དཔེ་འགོད།གཟུགས་འགོད་བཅས་ཀྱི་རྣམ་པར་བརྟེན་དེ་བྱུ་རུའི་བྱུང་བ་བྲིས་པ་ཞིག་ཡིན་ཞིང་།ལོ་ཟླ་ག་ཚོད་ཅིག་གི་སྔོན་ལ་བྱུར་དམར་སྡེ་བར་དར་ཁྱབ་ཤིན་ཏུ་ཆེ།ཡིན་ནའང་།ད་ནི་དུས་ཚོད་ཀྱི་རླུང་བུས་ཁུར་ཏེ་རྒྱང་རིང་རྒྱང་རིང་ཞིག་ཏུ་ཡལ་སོང་བར་འདུགརྒྱང་རིང་རྒྱང་རིང་དེ་དོན་དམ་གང་ཞིག་ཡིན་ནམ།དེ་རུ་<<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>ས་ད་ལྟ་དགའ་དགོད་ཀྱི་གླུ་གཞས་གྱེར་གྱིན་ཡོད་དམ།ཡང་ན་སྡུག་ཡུས་ཀྱི་དངན་པ་འཐེན་གྱིན་ཡོད།ང་ཚོས་ཞེན་ཆགས་ཅི་ཡང་མེད་པར་ཁོ་མོ་དང་གྱེས་ཕྱག་ཕུལ་བར་ལེ་བདའ་བྱེད་ཀྱིན་ཡོད་དམ།བཀའ་དྲིན་ཞུ་གིན་ཡོད།<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>བརྩམས་ཤིང་དར་བར་མཛད་རྗེས།རྒྱང་རིང་རྒྱང་རིང་ཞིག་ལ་ཕེབས་སོང་བའི་མེས་པོ་དེ་དག་གིས་རྒྱང་རིང་རྒྱང་རིང་གི་ཡུལ་གྲུ་དེ་ནས་ང་ཚོའི་རྣམ་པ་འདིར་གཟིགས་རྗེས་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་སྲིད་དམ།མཐོང་ཆུང་གི་མཛུབ་ཆུང་ཀེར་སྲིད། གང་ལྟར་<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>དེ་ང་ཚོ་དང་རིང་དུ་གྱེས་སོང་བར་འདུག <<བཙུན་མོ་བྱུ་རུ>>ཞེས་པའི་ཟློས་གར་དེ་ནི་དུས་རབས་དུ་མ་ཞིག་གི་སྔོན་དུ་བྱུར་དམར་སྡེ་བར་དགེ་བཤེས་རིག་འབྱུང་ཞུ་བ་ཞིག་འཁྲུངས་མྱོང་ཞིང་།ཁོང་གིས་དབུས་སུ་སློབ་གཉེར་བྱེད་སྐབས་ཕ་ཡུལ་ཉེ་དུ་དང་བཅས་པ་དྲན་དུས་<<ལྷ་མོའི་ཟློས་གར་>>ལ་གཟིགས་ཏེ་ཟློས་གར་ནང་གི་སྣང་ས་འོད་འབུམ་དང་དྲི་མེད་ཀུན་ལྡན་སོགས་དམ་པ་དེ་དག་གིས་ཆོས་ཀྱི་ཕྱིར་དུ་དཀའ་བ་བརྒྱ་ཕྲག་བཟོད་པར་བགྱིས་པའི་མཛད་རྗེས་ཀྱིས་རང་ལ་སྙིང་ཕུར་བརྡབ་ཅིང་།དེ་ལས་རང་གིས་མུ་མཐུད་དུ་འབད་པ་བྱ་དགོས་པའི་སྤོབས་པ་དང་སྟོབས་ཤུགས་རྙེད་པར་བྱས། ཕྱིས་སུ་ཁོང་གིས་དགེ་བཤེས་ཀྱི་གོ་ཐོབ་བླངས་ཏེ་ཕྱིར་རང་ཡུལ་བྱུར་དམར་སྡེ་བའི་སྨན་ལྗོངས་ཨོ་རྒྱན་བསམ་གཏན་འགྲོ་ཕན་གླིང་དུ་ཕྱག་ཕེབས་ནས་ཡུལ་འདིའི་དད་ལྡན་མང་ཚོགས་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་ཅིང་།ཁོང་ལ་དད་ལྡན་རྣམས་ཀྱི་དགའ་གུས་དང་དད་སྨོན་བླ་ལྷག་གིས་ཐོབ་པར་གྱུར།དེ་ལ་ྟ་ནའང་།ཁོང་ནི་གཟིམ་ཤག་ལྷ་ཁང་ལྟ་བུར་མི་སྡོད་ཅིང་།  ཞབས་འབྲིང་དང་སྐུ་གཡོག་གི་བསྙེན་བཀུར་དང་མཆོད་པ་བྱེད་པར་ཐུགས་མི་གཡོ་བར་གཅིག་པུ་སྨན་ལྗོངས་ཨོ་རྒྱན་བསམ་གཏན་འགྲོ་ཕན་གླིང་གི་རྒྱབ་རིའི་ངོས་སུ་ཡོད་པའི་བྲག་ཕུག་ཅིག་ཏུ་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་ཆག་མེད་དུ་མཛད།
  ལོ་ཞིག་ལ་ཡུལ་ལུང་འདིར་ཐན་པ་བྱུང་སྟ།ེམི་ཕྱུགས་ཀུན་གྱི་འཚོ་བ་དཀའ་སྡུག་གིས་བསྐྱེལ་དགོས་བྱུང་ལ།མང་ཚོགས་ཀྱི་སེམས་པ་སྡུག་གི་ན་བུན་གྱིས་གཏིབས་པར་གྱུར།ཁོང་གིིས་མང་ཚོགས་རྣམས་ལ་དཀའ་སྡུག་གི་མདུན་དུ་དཔའ་མི་ཞུམ་པར་འབད་པ་བྱེད་ནུས་ན།བདེ་སྐྱིད་ཀྱི་ཉི་མ་འཆར་སྲིད་པའི་ཡིད་ཆེས་དང་སྤོབས་སེམས་སྦྱིན་སླད་<<ལྷ་མོའི་ཟློས་གར>>དག་ལ་དཔེར་བལྟས་ཀྱིས་ཟློས་གར་ཞིག་རྩོམ་པར་འདོད་ནའང་།ས་འདིའི་མང་ཚོགས་ཀྱིས་དགའ་མོས་བྱེད་མིན་ལ་ཐུགས་གཞིག་ཟབ་མོ་བཏང་མཐར།ཡུལ་འདིའི་མི་རྣམས་བྱུ་རུ་ལ་དགའ་ཞིང་དུངས་པའི་རིག་གནས་སེམས་ཁམས་དེ་རྨང་དུ་བཟུང་ནས་བྱུ་རུ་དང་འབྲེལ་བའི་ཟློས་གར་ཞིག་སྟེ་<<བཙུན་མོ་བྱུ་ར>>ཞེས་པ་འདི་བརྩམས་སྟེ།ན་གཞོན་སྐོར་ཞིག་རྩ་འཛུགས་ཀྱིས་རང་ཡུལ་དུ་འཁྲབ་སྟོན་བྱས་ནས་མང་ཚོགས་རྣམས་ཀྱིས་དཀའ་སྡུག་ཨེན་ཙམ་ལ་གདོང་གཏོད་མི་ཕོད་པར་འཚོ་བར་བཅངས་པའི་དགའ་ཞེན་ཡལ་མི་རུང་བའི་སྙིང་རུས་དང་བློ་སྟོབས་བསྐྱེད ་པར་བྱས།
                   5
  སྡེ་མི་ཚོ་སྡེ་དཔོན་ཚང་དང་བྲལ་ཏེ་ཕྱིར་ཆས་པའི་ལམ་བར་དུ་ལ་ལས་བྱུ་རུའི་སྐེ་རྒྱན་འདི་ལྟ་བུའང་འདོགས་འདོད་མེད་ན།དེ་ནི་བསོད་ནམས་དམན་དྲག་པ་མིན་ན་བླུན་ཞད་ཆེ་དྲག་པས་ཡིན་ངེས་ལ།རིན་པོ་ཆེ་བྱུ་རུ་རྡོ་རེད་ཟེར་མཁན་དེས་ནི་མི་ཤེས་ཤེས་མདོག་དང་ཕ་མེས་ཀྱི་གདོང་ལ་མཆིལ་ཞགས་འཕངས་པ་རེད་ཟེར་བཞིན་སྡེ་དཔོན་བཟའ་ཟླ་གཉིས་ལ་བྱུ་རུའི་སྐེ་རྒྱན་གཞན་ལ་གནོང་མི་དགོས་པ་ཞིག་ཡོད་ཀྱང་།འདོགས་མཁན་མེད་པ་དེར་གདུང་སེམས་ཚད་མེད་སྐྱེས་བཞིན་ཡོད།ལ་ལས་སྡེ་དཔོན་གྱི་ཆུང་མས་དུས་རྒྱུན་ཁོང་གི་མནའ་མའི་བྱུ་རུའི་སྐེ་རྒྱན་བཟང་རབས་ཀྱི་ལབ་ལུང་བ་གང་རེ་རྒྱག་པར་བྱེད་པ་ལས།སུ་ལ་ཡང་སྟོན་པར་མི་བྱེད།ད་སྐབས་མནའ་མ་འདོགས་རྒྱུར་འཐད་པ་མ་བྱུང་བས་ཁོ་མོར་དེ་ཁྲིགས་སེར་འདུག་སྙམ།
  དུས་དེ་ནས་བཟུང་།སྡེ་མི་རྣམས་ཀྱིས་དུས་ཡུན་ག་ཚོད་ཅིག་གི་རིང་ལ།ཤར་ཤར་བྱས་ན་མགོ་ནས་འདུག་མཁན་དང་།གོར་གོར་བྱས་ན་དཀྱིལ་ནས་སྡོད་མཁན་གྱི་སྡེ་དཔོན་རིན་རྡོའི་ཁོག་དཔུང་དངགཟི་ཉམས་ཡོད་ཚད་ཀྱང་ཡོངས་སུ་ཤོར་སོང་བར་འདོད་ལ།སྡེ་དཔོན་གྱིས་ཀྱང་རང་ཉིད་ལ་ད་ནི་སྡེ་མི་ཚོའི་མདུན་དུ་གཏམ་འཆད་བྱེད་ཀྱི་ལྕེ་མེད་པར་འདོད་དེ་སྡེ་དཔོན་གྱི་ལས་གནས་ལས་བུད།
                  6
  <<བཙུན་མོ་བྱུ་རུ>>ཞེས་པའི་ཟློས་གར་དེ་ནི་བྱུ་རུ་རྡོག་པོ་གཅིག་ཁུངས་སྣེ་བྱས་ཏེ་རྒྱལ་བོའི་བཙུན་མོ་ཞིག་གིས་འབངས་མི་སེར་རྣམས་རང་བྱུང་གི་གོད་ཆག་ཅིག་ལས་ཐར་ཆེད་རང་སྲོག་བློས་བཏང་བའི་གཏམ་རྒྱུད་ཅིག་ཡིན་ལ།དེ་རུ་མི་རྣམས་ཀྱིས་འཚོ་བ་དཀའ་སྡུག་དང་རང་ཉིད་རྒུད་པར་གྱུར་བའི་གནས་སྐབས་གང་ལའང་།འཚོ་བར་དགའ་ཞེན་དང་བདེན་ལུགས་བརྩི་སྲུང་གིས་མདུན་སྐྱོད་བྱ་དགོས་པར་གདམས་ཡོད་ལ།རང་བྱུང་གི་གོད་ཆག་དེའི་མདུན་དུ་བྱུར་དམར་སེ་ྡ་བའི་མི་རྣམས་དཀའ་སྡུག་ལས་རྒྱལ་བར་སྙིང་རུས་དང་བློ་སྟོབས་མི་དམན་པ་ཞིག་སྦྱིན་ཡོད།
དེ་ལྟར་དགེ་བཤེས་ཁོང་གིས་ལྷག་བསམ་གྱིས་ཕྱུག་པའི་བྱ་གཞག་འབའ་ཞིག་སྒྲུབ་མུས་སུ་བཞུགས་སྐབས།དབུས་ནས་འཕྲིན་པ་འབྱོར་སྟེ་ཁོང་གི་དགེ་རྒན་རིན་པོ་ཆེས་སྐུ་བསྙུང་ལྕི་མོ་ཞིག་བཞེས་སྟེ་དུས་ཚོད་རིང་ཙམ་ཕྱིན་སོང་ལ། དགེ་རྒན་ཚང་གིས་ཁོང་མ་གཤེགས་སྔོན་ལ་ཅིས་ཀྱང་དགེ་བཤེས་རིག་འབྱུང་དང་ཞལ་མཇལ་གནང་དགོས་པའི་སྐད་བསྐུར་བྱུང་བས།དགེ་བཤེས་ཁོང་ཕྱིར་དབུས་ལ་ལན་གཅིག་ཕེབས་མགོ་བརྩམས།དགོན་པའི་གཞུང་དང་ཡོན་བདག་ཚོས་མི་འགའ་དགེ་བཤེས་ཁོང་ལ་སྲུང་སྐྱོབ་དང་ཞབས་ཞུའི་ཚུལ་གྱིས་དབུས་སུ་འགྲོ་དགོས་པར་བསྙད་ཀྱང་།ཁོང་གིས་རང་ཉིད་སྔོན་ཆད་ཀྱང་དབུས་ལ་སོང་མྱོང་བས་ལམ་ལ་རྒྱུས་མངའ་ཆེ་ཞིང་།  ད་ཐེངས་སྒེར་དོན་ཁོ་ནའི་སླད་དུ་དབུས་སུ་འགྲོ་བ་ཡིན་པས་ལྷན་རྒྱས་ལ་དཀའ་ཚེགས་བཟོ་རྒྱུ་མིན་ཞེས་གཏན་ནས་ཞལ་བཞེས་མ་གནང་།དགེ་བཤེས་ཁོང་ཕེབས་རྗེས་ཕྱིར་ལོག་རྒྱུ་མ་བྱུང་ལ།ཡུལ་མི་ཚོས་ཇི་ལྟར་བཙལ་ཡང་།དོན་གང་བྱུང་གི་ཕུ་ཐག་ཆོད་མ་སོང་།
  ཁོང་དེ་ལྟར་བྱུར་དམར་སྡེ་བ་དང་རིང་དུ་གྱེས་པས་འཁོར་བུ་སློབ་དག་ལ་སྡུག་བསླལ་ཟབ་མོ་བསྐྱེད་ཅིང་།ཁོ་ཚོས་དགེ་བཤེས་ཚང་གི་གསུང་རྩོམ་རེར་མཇལ་ཨེ་ཐུབ་ཀྱི་རེ་བ་བྱས་ཀྱང་།རེ་འབྲས་དོན་མེད་དུ་གྱུར།
                 7
  ཕྱིས་སུ་ལྷག་བསམ་སྡེ་བའི་སློབ་ཆུང་གི་དགེ་རྒན་བྱས་ཤིང་།སྔོན་ཆད་སློབ་མ་རྣམས་རྩེད་མོ་ཁོ་ནར་རོལ་ཞིང་།དགེ་རྒན་དག་ཨ་རག་དང་རྒྱན་འཇོག་ཤོ་ལྐུགས་ལ་རོལ་ཏེ་དུས་འདའ་བར་བྱེད་པའི་སློབ་ར་དེར་སློབ་སྦྱོང་གི་མཁའ་དབུགས་གསར་བ་ཞིག་ཁྱབ་མགོ་བརྩམ།སློབ་ཆུང་དེ་གའི་སློབ་མ་རྣམས་ཀྱི་རྒྱ་ཡིག་གི་ཆུ་ཚད་ཅུང་ཡོངས་ཁྱབ་ཀྱིས་བཟང་བར་འདུག་མོད།བོད་ཡིག་གི་ཆུ་ཚད་ནི་ཤིན་ཏུ་ཞན་པར་འདུག་སྟེ།  སློབ་རིམ་མཐོན་པོའི་སློབ་མ་བོད་ཡིག་ལ་བཟང་ཟེར་བ་ཞིག་ལ་ཚིག་གྲུབ་རེ་བཟོ་རུ་བཅུག་ཀྱང་།ཚིག་སྔ་ཕྱི་འབྲེལ་མི་ཆགས་ཤིང་།ཡིག་ནོར་གྱིས་ཁེངས་པར་བྱེད།ཚུལ་དེ་ནི་བོད་པ་ཞིག་གིས་བོད་ཡིག་སློབ་བཞིན་པ་དང་མི་འདྲ་བར་རྒྱ་མི་ཞིག་གིས་བོད་ཡིག་སློབགྱིན་པ་དང་མཚུངས།
  སློབ་ཆུང་དེའི་བོད་རིགས་སློབ་མ་ཆུང་ཆུང་དེ་ཚོ།འོ་ཐུ་མན་དང་སྤྱང་སྐྱ་ལྡང་སོགས་ཀྱི་གཏམ་རྒྱུད་བཤད་པར་གཅིག་ལས་གཅིག་མཁས་ཀྱང་།གླིང་གེ་སར་གྱི་སྒྲུང་དང་རི་བོང་བློ་ལྡན་གྱི་སྐོར་རྣ་ཐོས་ཙམ་དུའང་ཕལ་ཆེར་མེད།ཁོ་ཚོ་སྲང་བྲོ་འཁྲབ་པར་དགའ་ཞིང་།ཅེ་ཁུ་ཞོན་དང་བང་ལེ་ཧོང་སོགས་ནི་རང་གི་ནང་མི་ཞིག་ཡིན་པའི་ཚད་དུ་བྱེད།འོན་ཀྱང་།བོད་པའི་སྐོར་བྲོ་དང་གླུ་བ་ནམ་མཁའ།གུ་རུ་སོགས་ནི་ཁོ་ཚོ་དང་ཤིན་ཏུ་ནས་ཆ་རྒྱུས་མེད་པ་ཞིག་ཡིན།ཁོས་གོང་གི་གནས་ཚུལ་འདི་མཐོང་མུར་སྔོན་ཆད་ཅིག་ནས་རང་གིས་སློབ་མ་འདི་ཚོར་རྒྱུས་ལོན་རེ་བྱས་མྱོང་ཡང་།ཚད་འདི་ལྟ་བུ་ཞིག་ཏུ་ལྷུང་ཡོད་པ་མ་ཤེས།དེ་ལས་རང་གིས་འཚོ་བར་ཟབ་ཞུགས་དང་སྤྱི་ཚོགས་ལ་མྱོང་རོལ་བྱས་པ་མི་འདང་བ་རྟོགས་ཤིང་།ཡིད་སེམས་ཀྱི་ཟབ་སའམ་རྣོ་ས་གང་རུང་ཞིག་ནས་རང་ཉིད་ཀྱིས་རྣམ་པ་འདི་བསྒྱུར་བར་འབད་པ་བརྒྱ་ཕྲག་བྱ་དགོས་སྙམ་པའི་ཆོད་སེམས་ཀྱི་ཁྲག་རྒྱུན་ཡང་མོ་ཞིག་རྩ་ལམ་རེ་རེ་བརྒྱུད་དེ་ལུས་ཡོངས་སུ་འཁྱོམ་པ་ཚོར།
  ཁོས་སློབ་མ་ཚོར་བོད་ཡིག་གཙོར་བཞག་གིས་རྒྱའི་སྐད་ཡིག་དང་གྲངས་རིག་ཁྲིད་པ་མ་ཟད།ད་དུང་བོད་ཀྱི་དམངས་གླུ་དང་རྡུང་ལེན།སྐོར་བྲོ་སོགས་སྲོལ་རྒྱུན་གྱི་རིག་རྩལ་བྱེད་སྒོ་དེ་དག་ཀྱང་ཁྲིད་པ་ཙམ་དུ་མ་ཟད་ལས་བྱ་བཀོད་སྒྲིག་དང་རྒྱུགས་ལེན་པར་བྱས།ད་དུང་སློབ་ཕྲུག་དེ་དག་གིས་རང་མོས་སྒོས་སྲང་བྲོ་འཁྲབ་པར་ཡང་རྒྱབ་སྐྱོར་བྱས།དེ་ལྟར་སློབ་ཕྲུག་ཚོས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་རྩལ་དེ་དག་ལ་སྦྱང་བ་ལྷུར་ལེན་བགྱིད་པར་འདོད་པའི་སྤྲོ་སྣང་རྙེད་མགོ་བརྩམས། སྐབས་དེར།ཁྱིམ་བདག་འགའ་རེས་དགེ་རྒན་ལྷག་བསམ་གྱིས་ཁྲིད་རྒྱུའི་རྒྱ་ཡིག་དང་རྩིས་རིག་སོགས་མི་ཁྲིད་པར་དམངས་གླུ་དང་རྡུང་ལེན་ཁྲིད་དེ་དུས་ཚོད་ཆུད་ཟོས་སུ་བཏང་ནས་ཅི་བྱེད། ད་ནི་རང་གི་བུ་ཕྲུག་རིན་ཆེན་བྱུ་རུའང་རྡོ་རེད་ཟེར་མཁན་འདིའི་སློབ་མ་བྱེད་དུ་བཅུག་ན།མཐའ་འབྲས་ལེགས་པོ་ཞིག་མི་འདུག་སྙམ་སྟེ།སློབ་མ་རེ་འགའ་ཕྱིར་ཁྲིད་པར་བརྩམས།
  སྡེ་དཔོན་རིན་རྡོས་ལས་འཁྱུར་ངལ་གསོ་བྱས་རྗེས།སྡེ་དཔོན་དུ་གསར་བུ་ཞིག་བསྐོས།ཁོ་ནི་འཇོན་མདོག་ཁ་པོ་བྱེད་རྒྱུར་དགའ་ཞིང་།ཕོ་གསར་གྱི་སྣང་བ་ཨ་གསར་གྱིས་རྩོམ་པར་བྱེད་པ་ཞིག་ཡིན།ཁོས་ཐེངས་ཤིག་རླུང་འཕྲིན་ལས་རྒྱལ་རོང་ས་ཆའི་ལུང་བ་ཞིག་ཏུ་ཡོད་པའི་བུ་མོ་རྣམས་ཁ་སྒོ་སྐྱེས་འབྲས་ལེགས་པས་ལུང་བ་དེའི་མིང་ལ་མཛེས་མའི་ལུང་བ་ཟེར་ཞིང་།ཁོ་ཚོས་མཛེས་མའི་ལུང་བ་ཞེས་པའི་མིང་བྱང་ལ་བརྟེན་ཏེ་ཡུལ་བསྐོར་ལྗོངས་རྒྱུའི་ལས་ཀ་གཉེར་བར་དཔལ་འབྱོར་གྱི་ཡོང་འབབ་མཐོ་ཞིང་།སྙན་གྲགས་ཀྱི་བ་དན་ཕྱོགས་སུ་ཁྱབ་པ་ཐོས་པས་རང་སྡེས་ཀྱང་བྱུར་དམར་ལུང་བ་ཞེས་པའི་མཚན་སྙན་ལ་བརྟེན་དེ་ཡུལ་བསྐོར་ལྗོངས་རྒྱུའི་ལས་དོན་ཞིག་སྤེལ་ཚེ།གཅིག་ནས་རང་སྡེའི་བྱུ་རུའི་རིག་གནས་འདི་དར་སྤེལ་དྲིལ་སྒྲོག་དང་།གཉིས་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་རེག་ཐུབ་པར་སེམས་ནས་ཧམ་པ་སྐྱེས།
 ཡུལ་བསྐོར་ལྗོངས་རྒྱུ་ཞེས་པ་ནི་བྱུར་དམར་སྡེ་བའི་མི་རྣམས་ལ་མཚོན་ན་རྒྱུས་ཡོད་ཅིག་དང་སྤྲོ་སྣང་གིས་ཕྱུག་པ་ཞིག་མིན་ཡང་།མཐར་གཏུག་ན་བྱུ་རུའི་ལས་དབང་དང་དམ་དུ་འབྲེལ་ཡོད་པ་ཞིག་ཡིན་འདུག་པས་མིན་ཟེར་ག་ལ་ཐུབ།
  སྡེ་དཔོན་གྱི་སྐུལ་སློང་འོག་སྡེ་མི་རྣམས་འཛོམས་ནས་ཡུལ་བསྐོར་ལྗོངས་རྒྱུ་དེ་ཇི་ལྟར་སྤེལ་བར་གྲོས་བྱས།ལ་ཤས་ཀྱིས་རང་སྡེ་འདི་ཕ་མེས་ཀྱི་རིང་ནས་བཟུང་བྱུ་རུ་ལ་དགའ་ཞིང་།བྱུ་རུའི་མཛེས་སྡུག་ཁྲོད་ནར་སོན།ད་ཆའི་བྱུ་རུའི་རིག་གནས་དྲིལ་སྒྲོག་གི་ཡུལ་བསྐོར་ལྗོངས་རྒྱུ་དེ་སྤེལ་བར་ཐོག་མར་ཁྱིམ་རེ་རེར་ཁྲལ་བཞག་གིས་སྔར་གྱི་བྱུ་རུའི་སྟེང་ལ་ད་དུང་བྱུ་རུ་མང་པོ་ཉོ་དགོས།འཛམ་གླིང་སྒང་གི་བྱུ་རུ་ལེགས་ཤོས་དང་།མང་ཤོས་དེ་རང་སྡེ་བར་ཡོད་དགོས།དེ་ལྟར་བྱས་ན་ད་གཟོད་བྱུར་དམར་སྡེ་བའི་ཁྱད་ཆོས་བླ་ལྷག་གིས་མཚོན་ཐུབ་ཟེར།ཡར་བཤད་སྟོང་དང་མར་བཤད་བརྒྱ་ཕྲག་བྱས་མཐར་ཚང་མས་བྱུ་རུ་ཉོ་རྒྱུ་དེ་ཐོག་མའི་འཆར་གཞིར་གཏན་འཁེལ་བྱས།
ལྷག་བསམ་གྱིས་བྱུར་དམར་སྡེ་བས་ཡུལ་བསྐོར་ལྗོངས་རྒྱུ་སྤེལ་ཆེད་ཁྱིམ་རེ་རེར་ཁྲལ་བཞག་གིས་བྱུ་རུ་ཉོ་རྒྱུ་རེད་ཅེས་པ་ཐོས་འཕྲལ་སྙིང་རླུང་སྟོད་ལ་འཚང་བཞིན་སྡེ་དཔོན་དང་རྒན་པ་དག་བཙལ་ནས་རང་སྡེས་སྔོན་ཆད་བྱུ་རུ་ཉོས་ནས་གྱོང་ཆེན་པོ་རེག་ཡོད་ལུགས་དང་།ད་ནི་གཏན་ནས་དེ་ལྟར་བྱ་མི་རུང་བའི་ཁ་ཏ་མང་དུ་བྱས་ཀྱང་ཁོ་ཚོས་ཁྱོད་རང་ཉིད་ཀྱིས་ཕ་མེས་ནས་བརྒྱུད་པའི་རིན་པོ་ཆེ་འདི་རྡོ་རེད་།རིན་ཐང་མེད་ཅེས་ཇི་འདྲ་སྨྲས་ཀྱང་།དེ་ནི་མཁྲིས་ནད་ཅན་གྱི་སྣང་ངོར་དུང་གི་ཁ་དོག་སེར་པོར་སྣང་བ་ཙམ་ཡིན་ཞིང་།དེ་ནི་རང་རྐང་རང་གིས་བྲུས་པ་ལས་མ་འདས་མོད།འོན་ཀྱང། ད་ལྟ་ངེད་ཅག་གིས་བསམ་པ་ཡར་སེམས་བཅངས་ཏེ་རང་གི་སྲོལ་རྒྱུན་འདི་གོང་སྤེལ་དང་དྲིལ་བསྒྲགས་བྱེད་གྱིན་པར་སྐལ་མེད་སར་སྐེ་མ་བསྲིངས།བར་མེད་སར་ཁྱི་མ་ལྡང་ཟེར་བཞིན་ཁོའི་བསམ་པ་བཟང་བོ་མེ་ལྟར་མཆེད་ཀྱིན་པའི་ཐོག་ཏུ་ཁྱད་གསོད་ཀྱི་ཆུ་འཁྱག་ཟོ་བ་གང་བྱོ་བྱུང་།
  ལྷག་བསམ་གྱིས་ཡུལ་མི་ཚོར་རང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱ་བར་འདི་འདྲའི་སྙིང་རུས་ཤིག་ཡོད་པར་དགའ་སྤྲོ་སྐྱེས་ཤིང་།  ཡང་ཁོ་ཚོས་གང་ཞིག་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པ་ཤེས་གྱིན་མེད་པར་ཡིད་མུག་བཞིན་ཕྱིར་རང་གི་ཁང་མིག་ཏུ་ལོག་ཅིིང་།ཕ་ཡུལ་གྱི་སྐྱ་ཟད་སྔོ་སྡུག་གི་རྣམ་ོཔ་འདི་བསྒྱུར་བར་རང་གིས་ཤེས་བྱ་ཡོན་ཏན་འབད་བརྩོན་གྱིས་སྦྱངས་ཤིང་།གྲོང་ཁྱེར་དུ་སྡོད་པའི་སྐྱིད་ཚོར་རྒྱང་དུ་སྤྱུགས་ནས་ཕྱིར་ཕ་ཡུལ་ཞེས་པའི་འབྲོག་སྡེ་འདིར་ལོག་སྟེ་བསམ་དོན་གང་དེ་མངོན་འགྱུར་བྱེད་པར་ཧུར་བརྩོན་ཇི་འདྲ་བྱས་ནའང་དངོས་ཡོད་ནི་འདི་ལྟར་བསམ་སར་མི་འགྲོ་གསེག་སར་འགྲོ་བར་བྱེད་པས་རང་ཉིད་ནི་ཇི་འདྲའི་ཉམ་ཆུང་ལ།འཁོས་ཞན་པ་རྟོགས།ཡང་ཞིབ་མོར་བསམ་བློ་རེ་བཏང་ན་ད་ལྟ་རང་ཉིད་གཞི་ནས་རང་གིས་སྔོན་ཆད་ནས་གཏན་འཁེལ་བྱས་ཟིན་པའི་ལམ་བུ་དེའི་སྟེང་དུ་བློ་ཐག་རྦད་ཆོད་ཀྱིས་འགྲོ་བཞིན་འདུག་པར་སྙམ་ནས་བློ་བདེའི་དགའ་ཚོར་བག་ཙམ་རྙེད་པར་གྱུར་ལ།རང་ཉིད་དང་ཡུལ་ལུང་གཅིག་ཏུ་ལྟེ་ཁྲག་འཐོར་བའི་དགེ་བཤེས་རིག་འབྱུང་གིས་རང་ཡུལ་གསེར་གྱ་ིགཞོང་བ་འདི་ཆོས་དང་རིག་གནས་ཀྱི་མར་ཁུས་དགང་ཆེད་རང་གི་ཚེ་སྲོག་ཀྱང་བློས་གཏོང་ཕོད་པའི་སྙིང་ཁམས་ཀྱིས་དབུས་གཙང་དུ་སློབ་གཉེར་ལ་ཆས་ཤིང་།རིག་པའི་གནས་ལ་མངའ་བརྙེས་རྗེས་ཕྱིར་རང་ཡུལ་དུ་ཕེབས་ནས་ཤེས་རིག་གི་སྒྲོན་མེ་བཏེགས་པར་མཛད་པའི་འཕྲིན་ལས་དང་བསྡུར་ན།རང་གིས་སྡུག་ཨེན་ཙམ་མྱོང་བཞིན་པ་ནི་ཤིན་ཏུ་ནས་གླེང་རིན་མེད་པ་ཞིག་ཏུ་འདོད་བཞིན་ཡིད་ཆེས་དང་སྤོབས་སེམས་གཞན་ཞིག་རྙེད་པར་གྱུར།
  རང་ཉིད་འཕྲད་པའི་སྐྱོ་ངལ་དང་སྡུག་ཡུས་ལ་བསམ་བློ་གཏང་དང་གཏོང་བཞིན་ཁོས་མེས་པོ་གང་དེར་ཡིད་སེམས་ཀྱི་གཏིང་ནས་མོས་གུས་དང་རྗེས་སུ་ཡི་རང་བྱེད་དགོས་བྱུང་ཞིང་།སྨན་ལྗོངས་ཨོ་རྒྱན་བསམ་གཏན་འགྲོ་ཕན་གླིང་གི་རྒྱབ་རིའི་ངོས་སུ་ཡོད་པའི་དམ་པ་གང་གིས་སྒོམ་སྒྲུབ་བྱེད་སའི་བྲག་ཁུང་དེར་ཐེངས་གཅིག་མཇལ་འདོད་ཀྱི་འདུན་པ་བླ་ལྷག་གིས་འཕེལ་བར་གྱུར།
  བྲག་ཕུག་དེ་ནི་སྨན་ལྗོངས་ཨོ་རྒྱན་བསམ་གཏན་འགྲོཕན་གླིང་གི་རྒྱབ་རིའི་ངོས་སུ་ཁ་ཤར་ཕྱོགས་སུ་འཁོར་ནས་ཡོད་ཅིང་།ཁོ་རང་ཕུག་པར་འཛུལ་མ་ཐག་འབག་སྐུ་ཞིག་དང་འདྲ་བར་ཇ་ཡུན་ཙམ་ལ་ཁུ་སིམ་མེར་འགྲེང་ནས་བསྡད། ཡུན་གྱིས་བྲག་ཕུག་གི་ནང་ཡོངས་ལ་མིག་མྱུལ་བྱས་པར་བྲག་ཕུག་གི་ཀླད་དུ་དཀར་ཁུང་ལྟ་བུའི་ཁུང་བུ་ཆུང་ཆུང་ཞིག་ཡོད་ལ།དེ་ལས་དཀར་གསལ་གྱི་འོད་མདངས་བྲག་ཕུག་གི་ནང་དུ་འཕྲོ་བར་བྱེད།བྲག་ཕུག་གི་ཕུག་ཅིག་ན་ས་རྡོ་ལས་བཟོས་པའི་སྟེགས་བུ་ཆུང་ཆུང་ཞིག་ཡོད་པའི་སྟེང་དུ་ཁ་བཏགས་སྣ་ཚོགས་ཕྱུར་བུར་སྤུངས་འདུག།ཕུག་ངོས་སུ་བྲག་རྩི་དཀར་དམར་སེར་གསུམ་བསྣོལ་མར་ཆགས་ཡོད་པའི་ཐོག་ཏུ་།ས་རྡུལ་དང་སྡོམ་རྒྱའི་དྲ་བ་དྲ་ཕྱེད་ཀྱིས་ཁེབས་འདུགཁ་ོརང་དལ་བུར་ཕུག་པའི་ཕུག་གི་སྟེགས་བུ་དེའི་ཉེ་སར་བཅར་ཞིང་།ལག་ཟུང་གིས་ས་སྟེགས་དེའི་སྟེང་ལ་བྱིལ་བྱིལ་བྱེད་བཞིན་རྒྱབ་ཀྱི་བྲག་ངོར་ཞིབ་མོར་བལྟས་པ་ན།བྲག་རྩི་བསྣོལ་མར་ཆགས་པའི་ངོས་སུ་མི་ཞིག་ས་སྟེགས་སྟེང་དཀྱིལ་ཀྲུང་དུ་ལྟག་གར་ཁེན་ནས་བསྡད་པའི་ཤུལ་ལྟ་བུ་ཞིག་ཚིལ་དྲེག་གིས་ནག་པོར་བརྫིས་འདུགསྣང་བརྙན་དེ་མཐོང་མུར་རང་གིས་ད་ལྟ་དངོས་སུ་དམ་པ་གང་དང་ཕྱག་འཇུ་གློད་བཞིན་པའི་ཉམས་སྣང་བྱུང་ལ།ལྟ་ཕྱོགས་ཤིག་གིས་བྲག་རྩིའི་སྟེང་དུ་ཚིལ་དྲེག་ཆགས་ཡོད་ཅིང་།ི དེའི་སྟེང་དུ་ས་རྡུལ་དང་སྡོམ་རྒྱ་འཐེན་ཡོད་པའི་བྲག་ངོས་སུ་བྲག་ཤུན་གོར་མོ་ཞིག་ལ་སླད་ཞུགས་སུ་མ་བཅུག་པར་ཚུར་བླངས་རྗེས།སླར་ཡང་སླད་ཞུགས་སུ་མ་བཅུག་པར་ཕྱིར་བཞག་པའི་ཤུལ་ལྟ་བུ་ཞིག་འདུག་པ་མཐོང་། དེའི་མུར་ཁོས་མཛུབ་མགོའི་མཛུབ་དཀྲིས་ཀྱིས་སྟེང་དུ་ཡང་མོས་ལན་འགའ་བརྡུངས་བར་ཁོག་སྟོང་བ་ཡིན་པར་སྟོན་པའི་སྒྲ་དེ་"སྐོག་སྐོག"གིས་གྲག་བྱུང་།
  ཁོ་རང་ཅུང་འཚབ་འཚུབ་དུ་གྱུར་ཞིང་།བློ་ངོར་ཅི་ཞིག་རབ་རིབ་དུ་འཐིབས་ནས་ཅི་བྱེད་དགོས་པའང་མི་ཤེས་པར་གྱུར།ཅུང་ཙམ་ནས་རྡོ་ཆུང་ཆུངཞིག་བླངས་ཏེ་བྲག་ཤུན་གོར་མོ་དེའི་མཐའ་ཀུན་ལ་ཤུགས་བཀོལ་ཚད་ཆ་མཉམ་གྱིས་ཡང་དང་བསྐྱར་དུ་རྡུང་ཙམ་རྡུང་ཙམ་བྱས་པས་བྲག་ཤུན་གོར་མོ་དེ་འགུལ་བྱུང་།དེ་ནས་ཁོས་ལག་པ་གཅིག་གིས་བྲག་ཤུན་གོར་མོ་དེའི་གོང་ནས་སྐྱོར།ལག་པ་ཡ་གཅིག་གིས་ཞོལ་ནས་བཟུང་སྟེ་ཚུར་དལ་མོར་འཐེན་ནས་བཀོག་པ་ན།ཁུང་བུ་ཞིག་ནག་འཐོམ་མེར་མངོན་བྱུང་ལ།ནང་ནས་ཤུག་པ་དང་རེའུ་ལྕག་གི་དྲི་མ་སྣུམ་པོ་ཞིག་བསྣོམ་བྱེད་ལ་གཟས་ནས་འཐུལ་བྱུང་།ཁོས་མེ་ཆ་སྦར་ཏེ་ནང་དུ་བལྟས་པ་ན་།བྲག་ཁུང་དེའི་སྲིད་ལ་དཔེ་ཆ་སྣ་རིང་མ་ཞིག་ཤོང་ཙམ་དང་།ཞེང་ལ་ལི་སྨི་དྲུག་ཙམ་འདུག་ཅིང་།ནང་དུ་དཔེ་ཆ་སྣ་རིང་མ་གསུམ་ཙམ་བཞག་འདུག  ཁོས་དཔེ་ཆ་སྟེང་མ་དེ་ཚུར་བླངས་ནས་བལྟས་པ་ན།དབུ་མེད་ཀྱིས་བྲིས་པའི་<<ཡུལ་མདོ་སྨད་ཀྱི་ལྷ་སྡེ་ཆེན་མོ་བྱུར་དམར་སྡེ་བའི་བྱུང་བ་བརྗོད་པ>>ཞེས་པའི་ཞོལ་དུ་རིག་འབྱུང་གིས་བྲིས་ཞེས་འཁོད་འདུགལྷག་བསམ་གྱིས་ཤོག་ལྷེ་འགའ་རེ་ཕར་བསློགས་ནས་བལྟས་པ་ན།ཤོག་ངོས་ཤིག་ཏུ<<བྱུ་རུའི་བྱུང་བ་ཨ་མཚར་བཅོ་བརྒྱད་མ>>ཞེས་པ་ཞིག་རྩོམ་ལུས་ཚིགས་བཅད་ཀྱིས་བྲིས་འདུག   དེ་མཐོང་མ་ཐག་ལྷག་བསམ་གྱིས་དམ་པ་གང་གི་གསུང་རྩོམ་དང་རང་སྡེ་ནས་ཉམས་ཏེ་ལོ་ངོ་མང་ཙམ་ཕྱིན་པའི་བཤད་པ་ངོ་མཚར་ཅན་དེ་ཡིག་ཐོག་ཏུ་བཀོད་ཡོད་པ་ལག་སོན་བྱུང་བར་དགའ་སྤྲོ་ཚད་མེད་སྐྱེས་ཤིང་།སྤྲོ་དགའི་སྣང་བས་བཟི་སྟེ་ཡོད་པའི་བར་གླགས་དེར་ཕྱི་རོལ་ནས་རང་ཉིད་ལ་སྡིག་སྨོད་གཏོང་བའི་སྐད་སྒྲ་ཞིག་འཛེར་འཛེར་དུ་ཁོའི་རྣ་ལམ་ལ་བབས་བྱུང་།ཁོ་རང་མྱུར་བར་བྲག་ཕུག་ལས་ཕྱིར་བུད་དེ་བལྟས་པ་ན།ཁོ་ཚོ་ནི་རང་སྡེའི་སྡེ་དཔོན་དང་གསར་བུ་འགའ་ཡིན་འདུག་ལ།གསར་བུ་དེ་དག་ལས་འགའ་རེས་བརྙན་འཕྲིན་དུ་ནག་ཚོགས་གིས་སྤྱོད་གྱིན་པའི་གྲི་རིང་དེ་འདྲ་རེའང་བཟུང་འདུག
  མ་གཞིར་ཁོ་ཚོ་ནི་སྡེ་དཔོན་གྱིས་ལྷག་བསམ་ཁོའི་སར་འོང་སྟེ་།བྱུ་རུའི་རིག་གནས་དར་སྤེལ་གཏོང་བའི་ལས་དེེར་གཏོར་བཤིག་དང་ངན་སྨོད་བཏང་སོང་ཞེས་བསྒྲགས་མཐར།ཁོ་ཚོ་ལྷག་བསམ་གྱི་སྟེང་ལ་འཚིག་པ་གཏིང་ནས་ཟ་བཞིན་ཁོའི་རྗེས་བསྙེགས་ནས་འོང་བ་ཡིན་པར་འདུག་ལ།དེ་དག་གི་ཁྲོད་ནས་སྐྲ་ལོའི་ཁ་དོག་སེར་པོར་བསྒྱུར་ཡོད་པའི་གསར་བུ་ཞིག་གིས་"ལྟ་ལོག་པ།ཁྱེད་ཀྱིས་ཕ་མེས་ནས་བརྒྱུད་པའི་རིག་གནས་འདིར་རྡོག་བརྫིས་བཏང་བ་མང་དྲག་སོང་།རང་ཁ་གསེར་གྱི་སྒོ་མོ།རང་སྲོག་གཅོད་པའི་སྟ་རེ།ད་ཚོད་བཟུང་དང་དགའ།དེ་མིན་ན"ལག་གི་གྲི་དེ་ཡར་ཕྱར་ཙམ་བྱེད་བཞིན་"ངའི་སྤུན་ཆུང་གིས་ཁྱེེད་ལ་བཟོད་སྒོམ་བྱ་ཐུབ་རྒྱུ་མ་རེད།"ཟེར།  ཚུལ་འདི་མཐོང་བས་ལྷག་བསམ་གྱི་སེམས་པར་སྔར་མེད་པའི་སྡུག་གི་ན་བུན་ཞིག་འཐིབས་བྱུང་ལ། མིག་ཟུང་དུའང་སྐྱོ་བའི་མཆི་མ་ཞིག་གོར་གོར་དུ་འཁྱིལ་བྱུང་།ཁོའི་མགྲིན་པ་ཅུང་བརྣངས་པའི་ངང་བཤད་རྒྱུར་"སྤུན་ཟླ་རྣམ་པ།ང་ནི་ཁྱེད་ཚོས་གིྲ་རིང་ཕྱར་བཞིན་སྡང་དགོས་པའི་དགྲ་བོ་དེར་ཇི་ལྟར་གྱུར་སོང་ངམ།ཅི་ཞིག་གི་མིང་ལ་ལྟ་ལོག་པ་ཟེར་བ་ཧ་གོ་བར་གྱིས།རང་ཅག་སྡེ་བ་འདི་སྤྱིར་ན་འབྱོར་འཁོས་ཞན་པ་མིན་ནའང་།སྡེ་མི་དག་གིས་ལོ་རེའི་ཡོང་འབབ་ལོ་རེར་བྱུ་རུ་ལ་བརྗེ་བར་བྱེད།གནས་རི་ཁྱུང་རྫའི་ཁོག་པ་གཞན་ལ་འབྲུ་རུ་བཅུག  སྤང་ཐང་གཡེར་མོའི་སྤང་བཀོག་ནས་བཙོང་།ལྷོ་རི་ནགས་མའི་ནགས་བཅས་བཙོང་བའི་སྒོར་མོ་ཕལ་ཆེར་གྱིས་བྱུ་རུ་ཉོས།ད་དུང་ལོ་རེ་ནས་ལོ་རེར་སྨན་རྩྭ་བཏུས་པས་ས་ཆུ་ཟུང་ཤོར་གྱི་གནས་ཚུལ་ལོ་རེ་ནས་ལོ་རེར་ཚབས་ཆེན་རེད།སྒོར་མོ་དེ་དག་གིས་བྱིས་པ་ཚོར་སློབ་གྲྭ་བཟང་བོ་ཞིག་བཙུགས་ཡོད་ན་ཅི་མ་རུང་།དེའང་མེད།སྒོར་མོ་དེ་དག་མ་རྩ་བྱས་ནས་ཚོང་ལེགས་པོ་རེ་གཉེར་གྱིན་ཡོད་ན་ཅི་མ་རུང་།དེའང་མེད།ཚང་མས་བྱུ་རུ་ཉོས་པ་རེད།"མཚམས་དེར།  སྡེ་དཔོན་གྱིས་ཁོའི་བཤད་མཚམས་བཅད་དེ་"རེད་ཡ།རང་སྡེར་བྱུ་རུ་དེ་འདྲའི་གཞན་ལ་ངོམ་སོར་རི་བ་ཞིག་ཡོད་པས་ད་གཟོད་ཡུལ་བསྐོར་ལྗོངས་རྒྱུ་སྤེལ་ཡང་།གཞན་དག་ངོ་མཚར་བསྐྱེད་ཐུབ་པར་ཐེ་ཚོམ་ཅི།ཨ།ད་ཁྱོད་ལ་བཤད་རྒྱུ་ཅི་ཡོད།"ཟེར་བཞིན་ཧབ་ཆ་བྱས།ཁོ་ཚོས་དེ་ལྟར་འུར་རྒྱག་གིན་པ་ཐོས་པས།དགོན་པའི་ནང་གི་གྲྭ་བཙུན་དང་མཇལ་བ་མང་པོ་ཞིག་ཀྱང་དེར་རུབ་བྱུང་།ལྷག་བསམ་གྱིས་"རང་ཡུལ་ལུང་བར་ད་ལྟ་ནགས་མེད།སྤང་མེད།ཐ་ན་ཆུ་གཙང་མ་ཞིག་ཀྱང་དཀོན་ཚོད་དུ་གདའ།ད་ལྟ་རི་མགོ་ན་དར་ལྕོག་དང་ལྷན་དུ་རླུང་གིས་བསྐྱོད་བཞིན་པ་གད་སྙིགས་རེད།གྲམ་གཞུང་ན་ཆུ་མོ་དང་ལྷན་དུ་བཞུར་གྱིིན་པའང་གད་སྙིགས་རེད།ང་ཚོས་རྡོ་བ་སྐམ་པོ་རི་ལྟར་བརྩིགས་ཏེ་ཀླད་པ་སྟོང་བ་གཡུག་གཡུག་བྱས་པ་ཙམ་གྱིས་ཡུལ་བསྐོར་ལྗོངས་རྒྱུ་ཇི་ལྟར་སྤེལ།རེད་ཡ།དར་མ་ཚོའི་བློ་ན་གཏམ་མེད།ན་གཞོན་ཚོའི་ངག་ན་གླུ་མེད།ཡུལ་བསྐོར་ལྗོངས་རྒྱུ་སྤེལ་བར་ཞོགས་ལངས་ཏེ་མུ་མཐུད་དུ་བྱུ་རུ་ཉོས་དང་།ནམ་ཞིག་དེ་དག་ཀྱང་སྲམ་གཟིག་གི་པགས་པ་ལྟར་དོར་དགོས་ངེས་རེད།ད་ནི་བྱུ་རུ་ཉོས་ཀྱང་ཕན་པ་ཅི་ཡོད།སྐད་ཆ་འདི་ཐོས་འཕྲལ་ཚང་མའི་རྣམ་རིག་ཀྲོང་ཀྲོང་བོར་གྱུར་སོང་ལ།གདོང་མདོག་ཀྱང་འགྱུར་སོང་།"དེ་བས་རྒྱུ་ནོར་གྱིས་རྒྱུ་ངོ་ཆོད་འདོད་ན།བྱུ་རུ་མི་ཉོ་རོགས་"ཞེས་བཤད་པར་ཁོ་ཚོས་ཀྱང་ཁྱིམ་མཚེས་ཀྱི་སྡེ་བ་དག་གིས་སྲམ་གཟིག་གི་པགས་པ་ཉོས་ཉོས་མཐར་།རྒྱུ་ཡིས་རྒྱུ་ངོ་མ་ཆོད་པར་གྱུར་བའི་བསླབ་བྱ་དེ་དྲན་པས་འགའ་རེས་ལྷག་བསམ་གྱིས་བཤད་པའང་བདེན་ཤས་འདུག་སྙམ།འགའ་རེས་ད་དུང་སྡང་སྡིག་གང་མང་སྟོན་པར་བྱེད། དེ་ནས་ཚང་མས་གཅིག་མཐུན་གྱིས་ཨ་ལགས་འཆིང་གྲོལ་རིན་པོ་ཆེར་ལུང་བསྟན་ཞིག་ཞུ་དགོས་ཟེར་བཞིན་དགོན་པའི་ནང་ལ་ཆས་སོང་།

                (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱུར་དམར་སྡེ་བའི་གཏམ་རྒྱུད།

2014-11-14 སྨུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།