བགྲེས་པོ་དང་སྦྲ་ནག

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-10-04

    ༼ད་ལྟ་ང་ལོ་བརྒྱད་བཅུར་སོན་འདུག  མི་འགྱངས་པར་ཤི་འགྲོ་བ་རེད། དེ་དུས་ཁྱོད་ཀྱིས་སྦྲ་ནག་འདིའང་ང་དང་ལྷན་དུ་བལྟབ་ཆོག ༽ 
     ཁོའི་ངག་གི་གདངས་ལས་ཐོན་པའི་སྐྱོ་སྣང་གི་སྐད་ཆ་འདིའི་དབང་གིས་བུ་ཚེ་རྒྱལ་གྱིས་ཨ་ལན་གྱི་ངག་སྒོ་ཅུང་ཙམ་ཡང་འབྱེད་མ་ཐུབ།
     ཁོས་འདི་ལྟར་བརྗོད་དུས་རྣོ་དབལ་ཉམས་པའི་མིག་ཟུང་སྐྱ་རིལ་མཆི་ཞགས་ཀྱིས་བཏུམས་འདུག  དེ་ནི་སྦྲ་ནང་ལ་དུ་བ་འཐིབ་དུས་སུ་མིག་ལ་འཁྱིལ་ཡོང་བའི་མཆི་ཞགས་དང་གཏན་ནས་མི་འདྲ་བར་རྒས་གཉེར་གྱིས་ཁེངས་པའི་ལག་པས་འདར་འདར་ངང་འབྱིད་དགོས་པའི་སྐྱོ་གདུང་གི་མིག་ཆུ་དེ་རེད།
     བརྒྱད་བཅུའི་རྒད་པོ་མགོ་དཀར་ཅིག་ལོ་ཡིས་ཐུབ་ནས་གོ་ཁར་ལྷུང་དུས། ཚིག་གི་མཐའ་མ་དང་དོན་གྱི་ཁུར་བོ་འདི་ལྟ་བུ་ཞིག་བཤད་དགོས་བྱུང་། 
     བགྲེས་པོ་འདིའི་མིང་ལ་འཇིགས་ལོ་ཟེར། ཁོ་སེར་ཆེན་ཐང་ཟེར་བའི་རི་སྡེ་ཞིག་ནས་སྐྱེས་ཤིང་ནར་སོན་ཏེ་གནས་དེ་ན་འཆི་བར་སྒུག་གིན་པའི་མི་ཞིག་ཡིན།
     ཞིབ་ཏུ་བསམ་ན་དངོས་གནས་ཁོའི་འཚོ་སྟངས་འདི་འཆི་བར་སྒུག་སྟངས་ཤིག་རེད།
     ཁོ་ཚང་ནི་ཕ་རིང་གི་བུ་རྒྱུད་ལ་མགོ་སྦྲ་སྨུག་པོའི་ཐུ་འོག་ནས་འཚོ་བ་རོལ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན།དེ་ནི་བུ་གཉིས་དང་བུ་མོ་དྲུག་གིས་གྲུབ་པའི་ཁོའི་ཁྱིམ་གཞིས་ཡིན།སེར་ཆེན་ཐང་ལ་མཚོན་ན་བུ་དག་ཡུལ་ནས་འདུག་པ་དང་བུ་མོ་དག་གནས་ལ་འགྲོ་བ་ནི་སྲོལ་ཞིག་ཏུ་གྲུབ་ཡོད་པས།འཇིགས་ལོའི་བུ་མོ་དག་ཀྱང་རེ་རེ་བཞིན་གནས་ལ་བུད་སོང་། ཁོས་བུ་གཉིས་ལས་ཆེ་བ་གྲྭ་བ་བྱེད་དུ་བཅུག་སོང་བ་ནི་རང་གི་བསོད་ནམས་བཟང་བོ་ཞིག་ཏུ་རྩིས་ཡོད།ད་ནི་ཁོས་སེམས་ཁེན་ས་དང་ལུས་བསྟེན་ས་བུ་ཆུང་བ་ཚེ་རྒྱལ་བྱས་ཏེ་ཚེ་མཇུག་གི་ལོ་ཟླ་ཕར་ལ་བསྐྱལ་གྱིན་ཡོད། 
     ༼ད་ནི་ང་ལོ་ལོན་འདུག ཁྱོད་ལ་ཁྱིམ་ཐབ་ཀྱང་བསྒྲུབས་ཚར་སོང་། ད་ནི་ང་ལ་ཚེ་འདིར་ཞེ་ཐོགས་སའི་དོན་བྱ་ཅི་ཡང་མེད། ཁ་རོག་གེར་མ་ཎི་རེ་བཏོན་དེེ་ཕྱི་མར་རིམ་བྲོ་ཙམ་བསྒྲུབ་ཐུབ་ན་ཡིད་ཚིམས་སོང་བ་ཡིན། ད་ཁྱོད་ཀྱང་ཨ་ཕར་གྱུར་འདུག  འུ་ཚང་གི་ཁྱིམ་རྒྱུད་ཁྱོད་ཀྱི་ལག་ལ་ལྷུང་སོང་བ་རེད། ༽
     རྒད་པོ་འཇིགས་ལོས་གོ་ཁ་གྲུ་བཞི་དྲོད་ཀྱིས་བཀང་སྟེ་འོ་ཇ་མངར་མོ་ཧུབ་ཀྱིས་འཐུང་གིན་འདི་ལྟར་ཡང་ཡང་བཤད་མྱོང་། དེ་ནི་བུ་ཚེ་རྒྱལ་གཉེན་སྒྲིག་བྱས་ནས་ལོ་གཉིས་འགོར་རྗེས་ཤིག་ཡིན། དེ་དུས་ད་དུང་ཚེ་རྒྱལ་ལ་བུ་ཞིག་སྐྱེས་པར་རྒད་པོ་འཇིགས་ལོས་མིང་ལ་ཀུན་ཐུབ་ཅེས་བཏགས།
    ཕ་སེམས་བུ་ལ་ཐོགས་པའི་བགྲེས་པོ་འདིས། རང་གི་བུ་ཨ་ཕར་གྱུར་ཡོད་པ་བསམ་ཐེངས་རེར་ཡ་ཆུང་སེམས་པ་སྤྲོ་བས་བརྟས་ཏེ།མི་ཡུལ་གྱི་གྲོག་རོང་འདི་ནས་མཛའ་བཤེས་ཀྱི་ཆུང་མས་བསྐྱུར་བའི་ཁེར་རྐྱང་གི་སྣང་བ་དེའང་ཁད་ཀྱིས་འཇགས་སོང་།
    ཁོའི་ཆུང་མའི་མིང་ལ་སྒྲོལ་མ་ཟེར། ཕོ་ལོ་ཉི་ཤུའི་དུས་སུ་ཁོས་མེ་ཏོག་གིས་བསླེས་པའི་སྐེ་རྒྱན་ཁོ་མོའི་མགུལ་ལ་བསྐོན་མྱོང་། དེ་དུས།ཁོ་ལུག་རྫི་ཡིན། ཁོ་མོའང་ལུག་རྫི་ཡིན། ལུག་གཡང་དཀར་གྱི་བལ་ཁ་འཇམ་པའི་དུས་སུ།ཁོ་གཉིས་གྱ་གྱུའི་འགྲོས་ལྡན་གྱི་གཞུང་ཆུའི་འགྲམ་ནས་འཕྲད་པ་ཡིན།
    ཁོ་ད་ལྟ་རྒས་འདུག་ཀྱང་།དབྱར་གཞུང་དེ་ད་དུང་བརྗེད་མེད། ཁོས་གཙང་བོ་བཞིན་མུ་ནས་མུ་རུ་བཞུར་གྱིན་པའི་ལོ་ཟླའི་བཞུད་སྟངས་ལ་གཟབ་གཟབ་བྱེད་ཐེངས་རེར།གཞི་ནས་རང་ཉིད་ཁེར་རྐྱང་དུ་ལུས་ཀྱིན་པ་ཚོར་བྱུང་། ཁོའི་ན་ཟླ་དག་གིས་ད་ནི་རེ་རེ་བཞིན་ཕྱི་མའི་འཕྲང་རིང་འགྲིམས་ཀྱིན་འདུག  
     ཡིན་ཡང་། ཁོ་ལ་ཞེ་འགྱོད་དང་སྐྲག་སྣང་ཡེ་ནས་མེད། ཁོས་ཚེ་རྒྱལ་ལའང་༼ཁྱོད་ཀྱི་ཨ་མ་སྒྲོལ་མ་ཆུང་ཐོག་ན་ཡོད་དུས།ངས་རྟ་ཐོག་ནས་མེ་ཏོག་འཐུས་མྱོང་།༽ཞེས་བཤད་ཐེངས་རེར། ཚེ་རྒྱལ་གྱི་མིག་ཟུང་ལ་མཆི་མ་འཁོར་ཡང་ཁོ་ལ་འཛེམ་དོགས་ཅི་ཡང་མ་བྱུང་།
      ཕྱིར་དྲན་གྱི་གདན་སྟེང་ལ་ཐགས་སུ་བཏགས་པའི་སྐྱིད་ལ་ངུ་སྐྱེན་པའི་མི་ཚེའི་འདས་དོན་དག ཁོའི་རྨི་ལམ་དུ་རྨིས་མྱོང་།གཉིད་ལས་སད་ཐེངས་རེར།ཁོས་སྟོང་ལྷང་ལྷང་གི་མགོ་སྦྲ་རོག་རོག་གི་ནང་ན་རང་ཉིད་གཅིག་པུ་ལས་མེད་པ་ཚོར་ཏེ། སྐར་ཚོགས་ཀྱི་འོད་མདངས་ཁྲ་ཆིལ་ལེར་བརྡལ་བའི་དགུ་ཚུགས་ཀྱི་ངོ་གདོང་ལ་མིག་ཞགས་འཕེན་དགོས་བྱུང་།
     ཁོས་རྒས་པའི་ཁུར་གྱིས་དུབ་པའི་མཚན་མོ་ཇི་སྙེད་ཅིག་འདི་ལྟར་བསྐྱལ་མྱོང་།དེ་ནི་ཁོ་ལོ་བརྒྱད་བཅུར་བུད་དེ་གྱ་སྟོན་བྱས་ཚུན་རེད།ཁོས་འཁོར་བ་མི་རྟག་པའི་གདམས་པ་ཡིད་ལ་བཅངས་ཏེ་ལོ་བརྒྱད་བཅུའི་ཚེ་ལོ་སྟོན་མོས་བསུས་རྗེས།ཁེར་རྐྱང་གི་སྣང་བ་ཞིག་གིས་ཁོའི་ཡ་ཁོག་འདང་རྒྱགས་ཀྱིས་བཅུམ་གྱིན་འདུག དེ་ནི་གཏན་བྲལ་དུ་གྱུར་བའི་ཆུང་དུས་ཀྱི་རྩེད་ཡ་དགོད་གྲོགས་དང་ཁ་མཐུན་ཞེ་མཐུན་གྱི་ཆུང་མ་དྲན་གྱིན་པས་ཡིན་སྲིད་མོད།ཁོས་ཁེར་རྐྱང་གི་སྣང་བའི་འོག་ནས་རླུང་གིས་སྒུལ་བའི་ཁ་ཚུབ་ཀྱི་ཕྱི་རོལ་ལ་ཅེར་ཏེ།མགོ་བོ་རུམ་ལ་བཅུག་ཏེ་ཤབ་ཤུབ་ཀྱི་སྐད་ཆ་བརྗོད་མྱོང་བའི་གཞོན་དུས་ཀྱི་སྒྲོལ་མ་དྲན་ནའང་།དེ་ནི་ཡིད་ཀྱི་གདུང་བ་དབུགས་ཀྱི་ཁུར་དུ་ལྕི་བའི་ཕྱིར་དྲན་ཞིག་ག་ལ་ཡིན། འཁོར་བའི་ལས་ལ་ཐོགས་པའི་དོན་བྱ་འདི་ཙམ་གྱིས་ཁོ་ལ་སྐྱོ་གདུང་གི་ཆ་ཞིག་སྦྱིན་མ་ཐུབ་ལ།ཁོའི་ཡ་ཁོག་ལ་འཚང་བའི་སྐྱོ་སྡུག་གི་སྣང་བ་དེ་ནི་མགོ་ན་དུས་ཀྱི་རླུང་དམར་གྱི་ཁྲོད་ན་ལྷབ་ལྷུབ་དུ་གཡོ་བཞིན་པའི་སྦྲ་ནག་གི་དབང་གིས་མ་ཡིན་ནམ། 
    བགྲེས་པོ་འདི་སྐྱོ་གདུང་གི་ལྗིད་ཀྱིས་གནོན་གྱིན་འདུག ཁོའི་འཁྱར་འཁྱོར་གྱི་གོམ་ཁ་ནི་རླུང་ངོགས་ན་འདར་བའི་སྦྲ་ནག་དང་འདྲ་བྱུང་།
    ༼ཨ་ཕ། ད་ནི་འུ་ཚང་གིས་ཀྱང་ཁང་བ་ཞིག་ཕུབ་རྩིས་བྱས་ན་ག་འདྲ་འདུག ༽
    ༼དེ་ལྟར་བྱས་ཆོག འུ་ཚོ་བཟའ་མི་བཞི་བོ་སྦྲ་གཅིག་པུ་འདིའི་ནང་ལ་འཚང་ནས་ཡུན་རིང་ཕྱིན་སོང་།ད་ནི་ཀུན་ཐུབ་ཀྱང་ལག་ཆགས་འདུག  ནམ་རྒྱུན་མཚན་ཉུལ་བྱས་ཏེ་ནམ་གུང་དུ་ཕྱིར་ལོག་ཐེངས་རེར་དོགས་བདེ་བོའང་མི་འདུག ཧི་ཧི། ཡིན་ཡང་། སྦྲ་ནམ་ཡང་ལྟེབས་མི་རུང། འདི་ནི་འུ་ཚང་གི་མི་རབས་མང་བོ་ཞིག་གི་མགོ་སྦྲ་ཡིན་པས།བུ་རབས་ཚ་རྒྱུད་ཀྱི་རིང་དུའང་སྦྲ་འདི་ལྟེབས་མི་རུང་།ལྟེབས་ན་བསོད་ནམས་ཟད་འགྲོ  ཁང་བའི་ཐད་ནས་ཇི་ལྟར་ལས་རྒྱུ་ཁྱོད་ཀྱིས་ལྟོས། ཨ་ཕ་ལོ་ལོན་ཡིན་པས།དེང་སང་གི་འདི་དག་ལ་ཅང་ཤེས་པ་མ་རེད།༽
      སྐབས་འདིར་ཁོའི་སྨིན་མཚམས་ལ་བསྡུས་པའི་གཉེར་རིས་ཀྱི་མདུད་པ་ཧ་ཅང་གསལ།དེ་ནི་གཟབ་ནན་རིགས་ཤིག་གི་མཚོན་ཚུལ་ཡིན་མོད།ཁོས་སྦྲ་ནག་མ་ལྟེབས་ཀྱང་ཁོ་གཅིག་པུ་སྦྲ་ནང་ནས་ལུས་འགྲོ་བ་ཡིད་ལའང་མ་ཤར།
      ཁོ་ཚང་གིས་སྦྲ་ནག་འདིའི་ནང་ནས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ཏེ།ཐབ་ཁུང་མེ་ལྕེ་དང་ཐབ་མགོ་རླངས་པ་བྱས་ནས།དབྱར་དུས་འོ་ཞོ་དང་དགུན་དུས་ཤ་ཚིལ་ལ་རོལ་མྱོང་།ད་དུང་སྦྲ་ནག་འདིའི་ནང་ནས་མི་མང་པོ་ཞིག་གིས་རྨི་ལམ་རྨིས་མྱོང་།བགྲེས་པོ་འཇིགས་ལོས་ཚེ་སྟོད་ཀྱི་རྨི་ལམ་མང་པའི་མཚན་ལམ་རིང་མོ་དག་སྦྲ་ནག་འདིའི་ནང་ནས་ཕར་ལ་བསྐྱལ་སོང་ལ།ཚེ་སྨད་ཀྱི་གཉིད་མི་ཁུགས་པའི་མཚན་མོ་མང་པོའང་སྦྲ་ནག་འདིའི་ནང་ནས་བསྐྱལ་དགོས་བྱུང་།
      རི་སྡེ་འདིའི་གསར་བུ་དག་ཁོ་ཚང་ལ་འཛོམས་ཏེ་ཧབ་ཆ་དང་དགོད་སྒྲ་དིར་དིར་སྒྲོག་གིན་པའི་དུས་ཡུན་ཐུང་ངུ་དེའི་ནང་ལ།ཁོ་ཚོས་ས་ལག་པས་བརྐོ་ཞོར་དང་རྐང་བས་བརྡུངས་ཞོར་དུ་ས་ཁང་གྲུ་བཞི་སྙིང་རྗེ་ཞིག་ཕུབ་སོང་།
    ཉིན་དེ་ནས་བཟུང་རྒད་པོ་འཇིགས་ལོས་སེམས་ལྷོད་ལ་བབས་ཏེ།མཚན་མོར་ལྷིང་འཇགས་ཀྱི་སྦྲ་ནག་ནང་ནས་ཁ་ཚུབ་ཀྱི་ཕྱི་རོལ་ན་དཀར་ཆིལ་ལེར་བརྡལ་བའི་དགུ་ཚིགས་ཀྱི་དཀྱིལ་ལ་ཅེར་མགོ་བརྩམས། 
       རྩྭ་རྩིས་ཟིལ་བ་ཁུར་བའི་བག་ཕེབས་ཀྱི་མཚན་མོ་དག་ལ།ཁོས་སོས་དལ་ངང་ནམ་མཁའི་དབྱིངས་ལ་ཅེར་ཏེ།བྱིས་དུས་སུ་ཨ་ཕས་མཛུབ་མོ་གནམ་ལ་ཀེར་ནས་རང་ལ་ནམ་མཁའི་སྐར་མ་དག་གི་མིང་བཤད་པ་དྲན་ཞིང་།རིམ་གྱིས་འདས་དོན་མང་པོ་ཞིག་དང་ལྷན་དུ་འདས་པོ་མང་པོ་ཞིག་ཀྱང་དྲན་པའི་ཁུད་ལ་བབས།
         སྔོན་ཆད་སྦྲ་རྒན་འདིའི་ནང་ནས་ཁོ་ཚང་གི་བཟའ་མི་ལྔ་བོ་ཐབ་ཀའི་གཡས་གཡོན་བྱས་ཏེ་ཉལ་དུས།སྦྲ་འདི་ཆུང་དྲགས་པའི་སྣང་བ་སྐྱེ་ལ།དེ་དུས། གཉིད་མ་ཁུགས་པའི་མཚན་མོ་རེ་རེ་ལ།མནའ་མའི་འཁུན་སྒྲ་ཐར་ཐོར་ཡང་ཁ་རོག་གེར་ཁོའི་རྣ་ཤེས་ཀྱི་པང་ལ་ལྷུང་ཡོང་། ད་ནི་ཁོ་ཁེར་རྐྱང་ངང་སྦྲ་ནང་ནས་ཉལ་ཏེ་གཡས་གཡོན་དུ་མིག་ཉུལ་བྱེད་ཐེངས་རེར།སྦྲ་ནག་འདི་ཆེ་དྲགས་པའི་སྣང་བ་སྐྱེས།
      ༼ཀུན་ཐུབ། ཁྱོད་ཐོན་ཡོད་ལ། ཨེ་གྲང་ཐལ༽
      ༼ཨ་མྱེས། ཁྱོད་ད་དུང་གཉིད་མེད་དམ། ང་གསར་བུ་ཞིག་རོགས་ཐུགས་རྒྱག་ཏུ་སོང་ན་གྲང་ག་ལ་སྲིད།  ཧི་ཧི ༽
      ༼ཨ་མྱེས་གཉིད་མ་ཡོང་ཐལ།  ད་ཁྱོད་ཀྱང་ལག་ཆགས་འདུག ཨ་མྱེས་ཀྱིས་ཁྱོད་འདི་ལྟར་གསར་རྒོད་ཅིག་ཏུ་གྱུར་འགྲོ་བ་མཐོང་ཐུབ་པ་བསོད་ནམས་རེད་ཡ།  ༽
      ༼ཨ་མྱེས། ད་འདང་སྐོར་ལོག་མ་རྒྱགས་ཨ། ང་ནམ་ཡང་ཁྱོད་ཀྱི་སེམས་ན་ཡོད། ༽
      ༼ཨ་མྱེས་ཀྱི་གཅེས་ཕྲུག་འདིའི་ད་ཨ་མྱེས་ལ་སེམས་གསོའང་བྱེད་ཤེས་འདུག    ཧི་ཧི།  ད་ཉོལ་ཨ། ༽
      ༼ཨ་མྱེས། ང་སྦྲ་ནང་ནས་གྲང་གི     ཁང་བའི་ནང་ལ་ཉལ་དུ་བུད་འགྲོ་ཨ། ངས་པགས་རྩག་འདི་ཁྱོད་ཀྱིས་གོན་ཏེ་ཉོལ་དང་གྲང་ངར་འགོག་ཐུབ།      ང་བུད་འགྲོ   ཨ་མྱེས།  དེ་ན་ཁྱོད་གཉིད་ཨ།༽   
      རྒད་པོ་འཇིགས་ལོས་ཅི་ཡང་མི་གོ་ལ།ཅི་ལའང་འཛེམ་མི་དགོས་པའི་ལྷིང་འཇགས་ཀྱི་མཚན་མོ་རེ་རེར་སྒོ་ཁྱིའི་ཟུག་སྐད་ཐོར་བུ་གྲག་འོང་།དེ་དུས་ཚ་བོ་ཀུན་ཐུབ་ཀྱིས་ཀྱང་ལ་གཞས་ཀྱི་འགྱུར་ཁུགས་རྩྭ་ཐང་གི་ཟླ་འོད་ཁྲོད་ལ་བསྲེས་ཏེ་བརྩེ་ཞེན་གྱི་གོམ་ཁ་འདུར་ནས་ཕྱིར་ཡུལ་ལ་ལོག་བྱུང་། ཁོས་ནམ་གུང་ཕྱིར་ལོག་ཐེངས་རེར་ཨ་མྱེས་ཀྱི་གཉིད་ཀྱི་སྒོ་མོ་དལ་བུར་སྒུལ་གྱིན་འདུག སྦྲ་རྒན་གྱི་ནང་ན་ཁེར་རྐྱང་དུ་ལུས་པའི་བགྲེས་པོ་ཁོང་གིས་ཀྱང་ཁོ་ལ་འདི་ལྟར་སེམས་པ་གླན་མྱོང་།
       ཡིན་ཡང་།ཁོའི་ཁེར་རྐྱང་གི་གདུང་བ་སུས་ཀྱང་མ་རྟོགས།ཁོ་ཨུ་ཚུགས་མཐར་སྐྱེད་ངང་ཁེར་རྐྱང་དུ་སྦྲ་ནང་དུ་ལུས་པས་ཀྱང་དངོས་དོན་འདི་ར་སྤྲོད་བྱས་ཡོད།ཀུན་ཐུབ་ཀྱང་རིམ་བཞིན་སྦྲ་ནང་དུ་ཉལ་རྒྱུ་ཇེ་ཉུང་དུ་ཕྱིན་ལ་ཡུན་རིང་འགོར་རྗེས་སྦྲ་ནག་ནི་རྒད་པོ་འཇིགས་ལོ་གཅིག་པུའི་ཉལ་ས་རུ་གྱུར་སོང་།
       བགྲེས་པོ་འཇིགས་ལོ་རི་ཁར་བུད་དེ་མ་ཎི་འདོན་ཞོར་རྒྱང་ལྟ་བྱེད་རྒྱུར་ཧ་ཅང་དགའ།ཁོས་ལོ་བརྒྱད་བཅུའི་འཁར་བ་ལག་ལ་བཟུང་སྟེ།ཁོ་ཚང་གི་རྒྱབ་རོལ་གྱི་སྒང་མགོ་དེ་ནས་ཐོ་ཡོར་བཞིན་འགྲེང་སྟེ་བསྡད།སྤང་ཐང་ཡངས་མོའི་མངའ་ཁོངས་ལས་ས་ཁང་སྐྱ་བོ་ཐར་ཐོར་མཐོང་ཡོང་ཞིང་།ས་ཁང་སྐྱ་བོ་ཞིག་གི་འདབས་ནས་ནག་རོག་རོག་གི་སྦྲ་ནག་ཅིག་མཐོང་འོང་།དེ་ནི་ཁོའི་ཨུ་ཚུགས་ཀྱིས་ཕུབ་ནས་ཡོད་པའི་ཁོ་རང་གི་ཉལ་ས་ཡིན་ལ།སེར་ཆེན་ཐང་གི་ཐང་དཀྱིལ་གྱི་ཆེས་མཐའ་མཇུག་གི་མཐིང་སྨུག་སྦྲ་ཆུང་དེའང་ཡིན།ཁོས་སྣང་ཚུལ་འདི་མཐོང་ཐེངས་རེར་མ་ཎིའི་ཚིག་འབྲུ་རེ་རེ་ངག་གི་མདུད་པ་ལས་གསལ་བོར་གྲོལ་ཏེ།སྨིན་མཚམས་ཀྱི་གཉེར་མདུད་ཁུགས་ལ་སྐྱོ་སྣང་གི་ཚོར་བ་བསྡུ་བཞིན།༼དཀོན་མཆོག་གསུམ་གྱིས་མཁྱེན། ༽ ཞེས་མིག་ཟུང་འཚུམ་གྱིན་འདུག སྨོན་ལམ་རྒྱག་གིན་འདུག 
      གྲང་རླུང་འུར་འུར་དུ་ལྡང་བའི་དགུན་གཞུང་གི་མཚན་མོའི་དུས་སུ་བུ་ཚེ་རྒྱལ་གྱིས་ངོ་མདངས་སྡུག་གིས་བཟུང་སྟེ་ ༼ཨ་ཕ། ད་དགུན་ཁ་སླེབས་འདུག  ཁྱོད་སྦྲ་ནང་ནས་ཉལ་ན་གྲང་སྲིད། ཁང་བའི་ནང་ནས་ཉོལ། ད་ཁྱེད་ཀྱིས་ཨུ་ཚུགས་མ་བྱེད། ཁྱོད་ལོ་ལོན་ཞིག་འདི་ལྟར་སྦྲ་ནང་ནས་ཁེར་ཉལ་བྱས་ཏེ་བསྡད་ན།གཞན་གྱིས་ང་ལ་ཅི་ཟེར་སྲིད། ཨ་ཕ་ལོ་ལོ། ད་དེ་ལྟར་མ་བྱེད།༽ཅེས་ཡང་དང་བསྐྱར་དུ་བཤད་མྱོང་།
      ཡིན་ཡང་། བགྲེས་པོ་འཇིགས་ལོས་ཨ་ལན་ཅི་ཡང་མ་བྱིན་པར་སྦྲ་ནང་དུ་འཛུལ་སོང་བས།ཚེེ་རྒྱལ་གྱི་སེམས་པ་ནི་ཁོ་ཚང་གི་ལྷས་འདབས་ན་སྟོང་འཇགས་སེར་ལུས་པའི་སྦྲ་ནག་དེའི་ནང་རོལ་ལ་འདྲ་བྱུང་།
      ཁོའི་ཨུ་ཚུགས་ནི་རང་ཚུགས་ཤིག་ཡིན་ཡང་སྲིད། མི་དག་གིས་དུས་ཚིགས་རེ་རེའི་བར་གསེབ་དག་ནས་རང་སྡེའི་ཕྱི་རོལ་གྱི་བྱ་དངོས་དག་ལ་མཚར་འཛིན་བྱེད་ཀྱིན་ཡོད་ཀྱང་། ཁོས་རྩམ་པ་དང་འབྲུ་ཞོ་ལ་ཀ་ར་མི་བསྲེ་ལ། ཁོ་འཕྲུལ་རྟའི་འཕོངས་ལ་མི་ཞོན་པར་རྟ་ཕོའི་རྒྱབ་ལ་ཞོན་དགོས། ཁོའི་འདི་ལྟ་བུའི་སྲ་འཐུས་ཀྱི་ཨུ་ཚུགས་ལ་ཀུན་ཐུབ་ཀྱིས་ཅི་ཡང་མ་ནུས།
      ཁོས་དབྱར་གྱི་ཆར་ཆུས་བརྟོལ་ཡོང་དུས་སྦྲ་ནང་ནས་འབྲུག་སྒྲར་ཉན་ཏེ་མ་ཎི་བཏོན་ཞིང་།དགུན་གྱི་ཁ་བ་བས་གཡོགས་འོང་དུས་ཀྱང་སྦྲ་ནས་ནས་པགས་རྩག་གྱོན་ཏེ་མ་ཎི་བཏོན་ནས་ཡུན་རིང་འགོར།དབུགས་རྒྱུན་གྱི་འབྱིན་རྔུབ་ལས་བྱུང་བའི་སྒྲ་ཡི་ཆ་ཤས་དག་རང་གི་རྣ་ལམ་དུ་ལྷང་ངེར་ལྷུང་ཐེངས་རེར།ཁོ་ལ་ཁེར་རྐྱང་ཡིན་པའི་སྣང་བའང་སྐྱེས། འོན་ཀྱང་།ཁོས་མུ་མཐུད་དུ་ཨམ་གཙིགས་བསྡམས་ཏེ་ཚེ་མཇུག་གི་ལོ་ཟླ་སྦྲ་ནག་ལས་བསྐྱལ་ཐབས་བྱས།
        ༼ང་སྦྲ་ནང་ནས་སྐྱེས་པ་ཡིན་པས།མཐར་སྦྲ་ནང་ནས་ཤི་ཐུབ་སོང་ན་ཡིད་ཚིམས་སོང་བ་ཡིན། ངས་མཐའ་མཇུག་གི་མགོ་སྦྲ་འདི་ཅི་ནུས་བར་དུ་ཕུབ་ཅིང་འདི་ལས་ཉལ་ཐུབ་སོང་ན་ང་ལ་ཞེ་འགྱོད་ཅི་ཡང་མེད། ༽
        བགྲེས་པོ་འཇིགས་ལོས་ས་ཁང་གྲུ་བཞིའི་ནང་ན་ཉལ་གྱིན་པའི་ན་ཟླ་དག་ལ་འདི་ལྟར་གླེང་ལ།ཁོ་ཚོས་དངན་པ་འཐེན་ཞོར་༼འཇིགས་ལོ། དུས་འགྱུར་མེད་རུང་། མི་འགྱུར་ཚར་འདུག  ད་ངོ་མ་སེམས་རང་ལ་དབང་ཡང་ལུས་རང་ལ་དབང་དཀའ་གི ༽ཞེས་སྐད་མགོ་དམའ་བའི་ཨ་ལན་འདི་སྟེར་རྒྱུ་ལས་ཅི་ཡང་མ་ནུས།
        སྦྲ་མཐིང་སྨུག་ལྟེབས་ནས་བཤམས་རྒྱུའི་ཚད་དུ་སླེབས་མེད་ཀྱང་ཉར་རྒྱུའི་ཚད་དུ་ཐོན་ཡོད། དབྱར་དུས་སུ་འཇིགས་ལོའི་སྦྲ་ནག་ལས་གཞན་པ་རེ་འགའ་ཡང་ཕུབ་ཡོད།དེ་དུས་ནི་བགྲེས་པོ་འཇིགས་ལོའི་སེམས་པ་སྤྲོ་བས་རྒྱས་ཡོད་དུས་ཀྱང་ཡིན། ཁོས་སྦྲ་ནག་གི་འདབ་ཀ་ཆོན་ཐག་ལ་བཏེགས་ཏེ།དེའི་གྲིབ་བསིལ་གྱི་འོག་ནས་དབྱར་གྱི་མཛེས་པ་དང་བདེ་བ་མྱོང་གིན་ཡོད།སེར་ཆེན་ཐང་གི་ཁྱིམ་ཚང་དག་གིས་སྦྲ་ལྟེབས་ནས་སྒྱོ་དང་མཉམ་དུ་ཉར་གྱིན་འདུག ཁོ་ཚོས་རྫོང་ལ་འགྲོ་ཐེངས་རེར་གཏམ་རྒྱུད་མང་བོ་ཞིག་ཁྱེར་ཡོང་ལ།མིག་ཞགས་ཉག་ག་ལ་ཐོགས་པའི་བྱིས་པ་དག་གིས་ཀྱང་རྫོང་ནས་ཡོང་བའི་མི་དག་ལ་སྒུག་ནས་ཀ་ར་ཞིག་གི་བྲོ་བ་ལ་རེ་བ་འཆང་གིན་ཡོད། ཡིན་ཡང་། རྒད་པོ་འཇིགས་ལོ་རྫོང་ཐོག་ལ་སོང་མྱོངས་མེད་ལ།ཁོ་འགྲོ་འདོད་ཀྱང་མི་འདུག དེ་བས། ཁོ་ལ་རེ་སྒུག་བྱེད་མཁན་གྱི་བྱིས་པ་ཧ་ཅང་ཉུང་།ཁོའི་གནའ་གཏམ་ལ་ཉན་མཁན་གྱི་བྱིས་པ་དག་ཀྱང་ཇེ་ཉུང་དུ་སོང་སྟེ་རིམ་གྱིས་མེད་པར་གྱུར་སོང་།
       ཁོས་སྨྲ་བ་བསྡམས་ནས་རང་གི་སྐྱོ་སྣང་ཡོད་ཚད་སྦྲ་ནག་གི་ནང་ལ་བཅུག་པ་ལས་ཐབས་གཞན་མ་བྱུང་། ནག་རོག་རོག་གི་སྦྲ་ནག་དེ་ཧ་ཅང་ལྷིང་འཇགས་རེད།མཚན་མོའི་དུས་སུ་ཁོའི་སྔུར་སྒྲའང་ཐོས་རྒྱུ་མི་འདུག  ཞིབ་ཏུ་གསན་ཚེ། ཁོའི་དབུགས་རྒྱུན་གྱི་འབྱིན་རྔུབ་ལས་ཐོན་པའི་ལྷོད་ལྷོད་སྒྲ་ཞིག་ཐོས་ཡོང་།
         སྦྲ་ནག་འདིའི་ལྷིང་འཇགས་དང་ལྷན་དུ་ཁོའི་ཚེ་མཇུག་གི་ལོ་ཟླའང་ཁ་རོག་གེར་བཞུད་སོང་། 
          ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་མཚན་མོ་ཞིག་ལ།་་སྦྲ་ནག་ཁ་བས་གཡོགས་ཏེ་ས་གཞི་དཀར་བོང་བོང་དུ་གྱུར་འདུག བགྲེས་པོ་འཇིགས་ལོའི་པགས་རྩག་གི་གོང་ཁ་ཡང་བད་ཀྱིས་ཟིན་འདུག
         མཚན་མོ་དེར།ཁ་བ་ལྷིང་འཇགས་ངང་བབས་ལ།ས་གཞི་ཁུ་སེམ་མེར་གྲང་ངར་གྱིས་བསྡམས་པས། རླུང་གིས་སྒུལ་ཞིང་སྦྲ་ནང་དུ་ཉལ་བའི་པགས་རྩག་སྣུམ་ཟིན་མ་གྱོན་པའི་ཁེར་རྐྱང་གི་བགྲེས་པོ་དེའང་ཁ་རོག་གེར་གཤེགས་སོང་།
         བགྲེས་པོ་ཁོང་འདི་ལྟར་ཁ་བས་གཡོགས་པའི་རྩྭ་ཐང་དང་བྲལ་སོང་།  ཁོས་སྦྲ་ནག་ཅིག་ཁ་རོག་གེར་ལྟེབས་པ་ལྟར་རང་གི་ཚེ་ཡི་འདུ་བྱེད་རྫོགས་པར་བྱས་སོང་། ཁོའི་ཞེན་ཆགས་ལ་ཐོགས་པའི་སེར་ཆེན་ཐང་གི་ཁེར་རྐྱང་གི་སྦྲ་ནག་དེའང་ཁ་བའི་མདངས་དང་འདྲེས་ཤིང་ཡུན་གྱིས་མི་སྣང་བར་གྱུར་སོང་།
                          ༢༠༡༤ ༠༡ ༢༠

                       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བགྲེས་པོ་དང་སྦྲ་ནག

2014-10-04 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།