དཔལ་རྩལ་གྱི་བརྩམས་སྒྲུང་གསར་བ། རང་ཁྱིམ་མགྲོན་ཁང་གི་ཞག་མ་གཅིག

  མེ་ཤིང་མང་པོ་བཞག་ཅིང་ཐབ་ཀ་ལས་ཚག་ཚག་གི་སྒྲ་མཆེད་ཡོང་ནའང་ཐབ་ཀའི་མཐའ་སྐོར་ཙམ་ལས་ཁང་བ་བྱིངས་ལ་དྲོད་དེ་འདྲ་མེད་པས། འགྲུལ་བ་མི་གསུམ་པོ་དང་གནས་ཚང་གི་ཞབས་ཞུ་མ་དང་བདག་མོ་བཅས་མི་ལྔ་བོ་ཐབ་ཀའི་མཐའ་སྐོར་དུ་བསྒོང་ནས་ཡོད། འདི་ནི་སྟེང་ལ་ཁང་མིག་ཆུང་ངུར་བཅད་པའི་མགྲོན་ཁང་དང་། ཤོད་ལ་རྒྱ་ཅུང་ཟད་ཆེ་བའི་ཟ་ཁང་གིས་གྲུབ་པའི་ཤིང་ཁང་ཞིག་ཡིན། ཤིང་ཁང་གི་གནས་ས་ནི་ཡུལ་སྐོར་ལྗོངས་རྒྱུ་དར་བའི་གྲོང་ཚོ་དེའི་རྒྱ་ལམ་གལ་ཆེ་ཤོས་སུ་ཡོད་པས། དབྱར་ཐོག་གནམ་གཤིས་བཟང་དུས་སྟེང་ཤོད་གཉིས་ཀ་རུ་མི་ཚོགས་ཀྱིས་གང་ཡོད་ལ། སྐབས་སྐབས་སུ་ཤོད་ཀྱི་ཟ་ཁང་གི་མདུན་ཅོག་སྟེང་ལ་གདན་རེ་བཏིང་ནའང་སྒོར་མོ་སྤྲད་ནས་ཉལ་མཁན་ཡོད་པའི་གནས་ཚུལ་བྱུང་མྱོང་ཡོད། ཁྱིམ་མཚེས་སུའང་ཁོང་ཚོ་དང་འདྲ་བའི་ཚོང་བ་ཁ་ཤས་ཡོད་མོད། ཕ་ཡུལ་ས་ཕྱོགས་ག་ས་གང་ནས་ཡིན་པས་སྟོན་མཇུག་ལ་གནམ་གཤིས་གྲང་དུ་ཕྱིན་པ་དང་མཉམ་དུ་རང་རང་གི་ཕ་ཡུལ་ལ་བུད་འགྲོ་ཞིང་། འགྲོ་ཁར་ཁོ་ཚང་གི་སྒོ་ཡོལ་ཕྱེ་ཞིང་སྒོ་ཡོལ་གྱི་གསེང་ནས་མགོ་ཡར་བསྲིངས་ནས། དྲིན་ཆེན་ཚང་། ངེད་ཚང་གི་ཁང་བ་ལ་མཉམ་འཇོག་རེ་བྱ་རོགས། ཐུགས་རྗེ་ཆེ་ཟེར་ཞིང་བུད་འགྲོ ཁོང་ཚང་གིས་ཀྱང་ཨོ་ཡ་ཞེས་ལན་བཏབས་པ་ལས་དངོས་སུ་དེ་དག་གི་ཁང་སྒོ་སོགས་ལ་བལྟ་རུ་ཐེངས་གཅིག་ཀྱང་འགྲོ་མ་མྱོང་། ཤིང་ཁང་འདིའི་བདག་མོ་ནི་ཡུལ་འདིའི་མི་ཡིན་པས། གྲོང་གསེབ་ཀྱི་ཕ་ཡུལ་ལ་ཉིན་ཤས་འགྲོ་བ་ལས་ས་ཕྱོགས་གཞན་ལ་འགྲོ་ས་མེད་པས། འགྲུལ་བ་མང་ཉུང་ལ་མ་ལྟོས་པར་དུས་རྒྱུན་པར་སྒོ་ཕྱེ་ཡོད།
  ཤིང་ཁང་འདིའི་སྒོ་ཀླད་དུ་རྒྱ་བོད་དབྱིན་གསུམ་གྱི་སྒོ་ནས་རང་ཁྱིམ་མགྲོན་ཁང་ཞེས་བྲིས་ཡོད་ཅིང་། སྒེའུ་ཁུང་ངོས་སུའང་ཤོད་ཀྱི་ཟ་ཁང་ལ་ཁ་ལག་ཅི་ཞིག་བཟའ་རྒྱུ་ཡོད་པ་དང་། སྟེང་གི་མགྲོན་ཁང་ལ་སྡོད་ས་ཡག་པོ་ག་འདྲ་ཡོད་པ་སོགས་མང་པོ་བྲིས་ཡོད་པས། དེ་དག་ནི་ཡོལ་བ་ཞིག་དང་འདྲ་བར་ཕྱི་རོལ་གྱི་མི་ཚོས་ནང་གི་སྒེའུ་ཁུང་ཁ་རུ་བསྡད་ཡོད་པའི་མི་ཚོའི་ངོ་གདོང་ཆ་ཚང་བོ་མཐོང་མི་ཐུབ། འགྲུལ་བ་གསུམ་པོ་ནི་མི་དཀར་བཟའ་ཚོ་གཉིས་དང་། ཁོང་གཉིས་ཀྱི་ཀྲུང་གོར་སྡོད་རིང་གི་ལག་རོགས་རྒྱ་མི་ཞིག་ཡིན། ཁོ་ཚོ་དེ་རིང་ཕྱི་དྲོ་གངས་འདབས་ནས་ཕྱིར་འབྱོར་བ་ཡིན་ཞིང་། དགོང་མོའི་ཁ་ལག་ཟོས་ཚར་རྗེས་ཕྱིར་མལ་ཁྲི་རུ་ལོགས་མ་འདོད་པར་ཐབ་ཀ་བསྐོར་ནས་དཀྲུག་ཇ་ཞིག་འཐུང་བཞིན་བསྡད་ཡོད། སྦྱིན་བདག་མ་ནི་སྒྱེད་པའི་གཡས་འགྲམ་གྱི་གོང་དུ་ཡོད་ཅིང་། སྒོ་དང་ཁ་ཐག་རིང་ཤོས་ཡིན་པས། མོ་ཅུང་ཟད་དྲོ་བཞིན་པ་འདྲ་སྟེ། བྱ་སྤུའི་སྟོད་ལྭ་དེའི་སྒྲོག་གུ་དཀྲོལ་ཞིང་། ལག་ཏུ་ཁ་པར་བཟུང་ནས་མིག་དེ་ལ་གཏད་པ་ལས། གམ་གྱི་མི་དེ་ཚོ་ལ་ཁ་ཡ་བྱ་བཞིན་མི་འདུག ཞབས་ཞུ་མ་ནི་གདོང་སྒོར་ཞིང་ཤ་མདངས་ཅུང་སྨུག་པ་དང་། གོན་པ་སོགས་ཀྱི་ཆ་ལུགས་ནི་སྦྱིན་བདག་མ་ལས་དར་སོ་ཆེ་ཞིང་གྲལ་དག་པ་ཞིག་གྱོན་འདུག མོས་ལག་ལ་ཐབ་ཀའི་ཁ་འབྱེད་བྱེད་ཀྱི་ལྕགས་ཐུར་ཞིག་བཟུང་ནས་སྐབས་སྐབས་སུ་མེ་ཤིང་རེ་སྣོན་ཞིང་། མེ་འབར་ཤུགས་ཆེ་རུ་གྱུར་བ་དང་བསྟུན་ནས་ཅུང་ཟད་ཚིགས་པའི་དབྱུ་གུའི་སྣེ་མོས་ས་ལ་རི་མོ་འབྲི་བའི་ཚུལ་གྱིས་འབྲད་ཅིང་བསྡད་ཡོད། མོ་རང་པེ་ཅིང་གི་ཟ་ཁང་ཞིག་ནས་ལོ་ངོ་ཁ་ཤས་རིང་ཞབས་ཞུ་བྱ་མྱོང་བས་ཀྲུང་གོའི་བྱང་ཤར་ཕྱོགས་ཀྱི་ཡུལ་སྐད་འདྲེས་པའི་རྒྱ་སྐད་ཡག་པོ་ཞིག་བཤད་ཤེས་ཀྱིན་ཡོད། མོས་སྐབས་སྐབས་སུ་ལག་རོགས་ཀྱི་རྒྱ་མི་དེར་ཡར་མར་གྱི་སྐད་ཆ་གང་རུང་རེ་གླེང་སློང་ཞིང་འདུག
  “ཁ་ཉིན་སྔོན་ལ་ཁྱོད་ཀྱིས་ཁྲིད་ཡོང་བའི་མི་དེ་ཚོ་ངོ་མ་གཏོང་ཕོད་དང་ལྡན་པ་ཏག་ཏག་རེད། ཕྱི་ཉིན་འགྲོ་ཁར་མདུན་ཅོག་སྟེང་ལ་ཁོ་རེ་ཡའི་ཤོག་སྒོར་སྟོང་གཉིས་བཞག་འདུག”
  “དེ་འུ་ཅག་གི་སྒོར་མོ་ཉི་ཤུ་མ་གཏོག་མ་རེད། འདི་འདྲ་སྟེར་རྒྱུ་ཁོ་ཚོའི་སྲོལ་ཞིག་རེད”
  “སྲོལ་ཡིན་རུང་ལ་ལས་སྟེར་རྒྱུ་ཕར་ཞོག བརྗེ་བོ་རྒྱག་མཁན་ཡང་མི་འདུག ད་ལོ་དབྱར་ཁ་ཐེ་ལན་ཌི་བ་ཁ་ཤས་བསླེབས་བྱུང་བར། སྒོར་མོ་འགའ་བརྗེ་རོགས་ཞུས་རུང་བརྗེས་མ་སོང”
  “ཁྱོད་ལ་དེ་དག་གི་སྒོར་མོས་ཅི་བྱེད། འདི་ནས་བཀོལ་ཡང་མི་བདེ”
  “མ་རེད། ངས་རྒྱལ་ཁབ་མང་པོའི་སྒོར་མོ་ཉར་ཡོད། ཕྱིར་ཁྱིམ་ལ་སོང་ན་ཚང་མ་ཧ་ལས་བཞིན་འདུག”
  རྒྱ་མི་དེའི་མཆུ་ཏོས་སྦྱིན་བདག་མ་སྟོན་ཙམ་བྱས་ནས“ཁྱོད་ལ་མཚོན་ན་མོས་ག་ཚོད་སྤྲད་པ་དེ་གལ་ཆེན་པོ་རེད”ཅེས་བཤད་པ་ན་སྦྱིན་བདག་མ་དེས་མིག་ཁ་པར་ལས་མི་འབྲལ་བར་ཡུལ་སྐད་འདྲེས་པའི་རྒྱ་སྐད་ཀྱིས་“ངས་དངོས་གནས་མོ་ལ་གྱོང་རེག་ཏུ་བཅུག་མེད”ཟེར།
  ཞབས་ཞུ་མས་ལྕེ་བསྣར་ཙམ་བྱས་ནས་མིག་གིས་ས་ངོས་ལ་བལྟས་ཏེ“ཨ་ཅེས་ངོ་མ་ང་ལ་ཡག་པོ་བྱས་སོང”ཟེར། སྐད་ཆ་འདི་སུ་ལ་བཤད་པ་ཧ་མ་གོ་བས་ཡིན་ནམ། མི་ཚང་མས་ལན་ཅི་ཡང་བསློག་མ་སོང་ལ། ཡུལ་སྐོར་གྱི་དེབ་ཅིག་གི་ཁ་ཕྱེ་ཡོད་པའི་མགོ་སེར་སྐྱེས་པ་དེས་མགོ་བཏེགས་ནས་སྦྱིན་བདག་མ་ལ་བལྟས་དེ་འཛུམ་ཙམ་བྱས་བྱུང་།
  ཞབས་ཞུ་མ་བུ་མོ་དེས་རང་ཉིད་ཀྱི་རྒྱ་སྐད་སྤྱི་སྐད་ཡིན་པ་དེ་ངོམ་སོ་བྱ་འདོད་པ་འདྲ་སྟེ། གདངས་ཧ་ཅང་རིང་བོ་དང་སྣ་སྐད་ཧ་ཅང་གསལ་བོའི་སྒོ་ནས་སྐད་ཆ་རེ་རེ་འཆད་པས། འདི་འདྲ་དག་པར་སྨྲས་ན་འདི་ལའང་རྒྱ་སྐད་ཟེར་དགོས་མིན་མི་ཤེས་པའི་འཁྲུལ་སྣང་ཞིག་སྟེར། རྒྱ་མི་དེ་ནི་ལྷོ་ཕྱོགས་ཀྱི་མི་ཞིག་ཡིན་ཚོད་རེད། ཁོསzhདང་chསོགས་ཀྱི་སྒྲ་འབྱིན་སྐབས་ཅི་དང་ཆི་ལ་ནོར་ཉེ་བ་ཞིག་འབྱིན་པས། ཞབས་ཞུ་མས་ཡང་དང་ཡང་དུ་ཁོ་ལ་ཁྲུ་ཙུ་ཁྲེ(出租车)སོགསchསྒྲ་ཡོད་པའི་མིང་ཚིག་རྣམས་སྐད་ཆའི་ནང་ལ་བཞག་ནས་བཤད་ཅིང་། chཡི་སྒྲ་ཡི་ནང་གི་ཁྲ་སྒྲ་དེ་ཧ་ཅང་དག་པའི་སྒོ་ནས་བཤད། ཁོ་མོས་ཁྲ་སྒྲ་དེའི་སྐྱེ་གནས་ལྕེ་རྩེ་ལ་ག་འདྲ་བཅར་ན་དེ་འདྲ་ཁྱོད་ཀྱི་སྒྲ་དེ་མ་དག་པའོ་ཟེར་བ་དང་འདྲ། རྒྱ་མི་དེས་ནི་ཁོ་མོ་ལ་སྒྲ་གདངས་ཐད་ནས་དེ་འདྲ་ཡ་ལན་མི་སྟེར་བ་མ་ཟད། ཁྲོ་ཧྥན་ཞེས་པའི་འབྲས་བརྔོས་མའི་མིང་དེའང་ཆའོ་ཧྥན་ཟེར་བ་ལས། ཞབས་ཞུ་མ་དང་བསྟུན་ནས་ཁྲ་སྒྲ་དང་ལྡན་པར་མི་ཀློག ཁོས་ནམ་ཡང་མོའི་ཟ་ས་དེར་མི་འཕྲུག་པས། ཁོ་མོའི་སྒྲ་གདངས་བཅོ་འདོད་ཀྱི་ཟ་འཕྲུག་དེ་འཇགས་པའི་སྐབས་མེད་པར་གྱུར།
  “ད་ལྟ་གངས་འདབས་ན་མི་མང་པོ་ཡོད་རྒྱུ་མ་རེད”
  འདི་སུས་བཤད་པ་རེད?མ་གཞི་སྦྱིན་བདག་མ་དེ་རེད། མོས་མིག་མདངས་ཁ་པར་ལས་མ་བླངས་པས། ཚང་མས་དལ་ཅིག་ལ་སྐད་ཆ་འདི་སུས་བཤད་པ་ཧ་གོ་མ་སོང་། འདི་ལ་ལན་འདེབ་མཁན་ནི་རྒྱ་མི་དེ་ཡིན་འོས། མགོ་སེར་གཉིས་ཀྱིས་སྐད་ཆ་དེའི་དོན་ཅི་ཡིན་ནམ་སྙམ་བཞིན་ཡོད་པ་འདྲ་སྟེ། ཀུན་གྱི་གདོང་ལ་བལྟས་ཤིང་དེ་ནས་ཁོང་གཉིས་ཕན་ཚུན་གྱི་གདོང་ལ་རེ་བལྟས་བྱུང་། རྒྱ་མི་དེས“རེད། ད་ལྟ་གངས་འདབས་ན་དབྱར་ཁའི་ཚོང་ཁང་གི་ཤུལ་གྱི་ཁང་སྟོང་དེ་ཚོ་ལས་ཅི་ཡང་མི་འདུག འོན་ཀྱང་ཁོ་གཉིས་ངེས་པར་དུ་འགྲོ་དགོས་ཟེར། ང་ནི་གྲང་ནས་འཕྱིད་གྲབས་བྱས་བྱུང”ཟེར།
  ཞབས་ཞུ་མ་དེས“རེད་རེད། གངས་འདབས་ན་དབྱར་ཁའང་ཅི་ཡང་མེད།”
  མགོ་སེར་བུད་མེད་དེས་ཡང་དང་ཡང་དུ་ཁོ་ཚོའི་གདོང་ལ་བལྟས་པས། རྒྱ་མི་དེས་གོང་གི་ཁ་བརྡ་ཚན་པ་དེ་མོ་ལ་མི་སྒྱུར་ཐབས་མེད་བྱུང་། འོན་ཀྱང་མོ་ཅུང་ཟད་འཛུམ་པའི་ཚུལ་ལ་བལྟས་ན་རྒྱ་མི་དེས་རང་གི་སྐད་ཆའི་ནང་གི་འོན་ཀྱང་ཁོ་གཉིས་ངེས་པར་དུ་འགྲོ་དགོས་ཟེར། ང་ནི་གྲང་ནས་འཕྱིད་གྲབས་བྱས་བྱུང་ཞེས་པ་དེ་ཅུང་ཟད་བཅོས་ཡོད་པ་འདྲ། མོས་རྒྱ་མི་དེ་ལ་སྐད་ཆ་འགའ་བཤད་བྱུང་ལ། ཐེངས་འདིར་སྦྱིན་བདག་མ་དང་ཞབས་ཞུ་མ་གཉིས་ཀྱིས་རྒྱ་མི་དེར་ཅེར་དགོས་བྱུང་། སྦྱིན་བདག་མས་མིག་ཁ་པར་ལས་བྲལ་ནས་རྒྱ་མི་དེར་བལྟས་ཤིང་། མགོ་སེར་དེས་ཡ་མཚན་པ་ཅི་ཞིག་བཤད་པ་ཁོ་མོ་དག་ལ་བཤད་པའི་རེ་བ་བཅིངས།
  “མོས་ངའང་ཤིན་ཏུ་གྲང་བྱུང་ཟེར”རྒྱ་མི་དེས་སྦྱིན་བདག་མའི་གདོང་ལ་བལྟས་ནས་དེ་ལྟར་བཤད། ཞབས་ཞུ་མ་དེས་བདེན་པ་རེད་ཟེར་བ་ཡིན་ནམ། བློ་ཅུང་ཟད་ཕམ་པ་ཆ་མ་འཚལ་མོད། མོས་ཀྱང་རྐུབ་སྟེགས་སྟེང་ནས་གྲང་འདར་ཞིག་བརྒྱབས།
  ཕྱི་དྲོ་ཁོ་ཚོ་རང་ཁྱིམ་མགྲོན་ཁང་ནང་ལ་བསླེབས་དུས་ཕན་ཚུན་གྱི་སྟེང་ལ་ཁོང་ཁྲོ་ལངས་ཡོད་པ་འདྲ། ཁོ་ཚོས་རང་རང་གི་ས་ནས་ཅ་ལག་རྣམ་རྒྱབ་ནས་ཕོགས་ཤིང་། མགོ་སེར་མ་དེ་རྐུབ་སྟེགས་ཅིག་གི་སྟེང་དུ་བསྡད་ནས་སྐད་ཆ་ཅི་ཡང་མི་བཤད། མགོ་སེར་དེས་ཀྱང་ལག་ཤུབས་ཕུད་ནས་ལག་པ་འཁོབ་པོ་དེ་ཐབ་ཀའི་ཐད་ལ་བསྲོ་བ་དང་། འགྲོ་རོགས་གཉིས་ལ་མིག་ཟུར་གྱིས་ཀྱང་མི་ལྟ་བར་བྱེད། ཁོ་ཚོའི་གྲས་ནས་རྒྱ་མི་དེ་ལས་ཀའི་དབང་གིས་སྡོད་མི་ཆོག་པར་མགྲོན་ཁང་གི་འགྲོ་ལུགས་སོགས་བསྒྲུབ་དགོས་པས། ངོ་གནག་ནས་ཡར་མར་ལ་འགྲོ་བཞིན་ཡོད་ཅིང་། སྐབས་སྐབས་སུ་རྒྱ་སྐད་ཀྱི་ཚིག་རྩུབ་རེ་གཉིས་ཀྱང་སྐད་མགོ་དམའ་མོས་ཤོར་འགྲོ དེ་ལྟར་ཁོ་ཚོས་རང་རང་གི་ཁུག་མ་དག་དྲུད་ནས་ཉིས་ཐོག་ལ་སོང་ཞིང་། ས་རུབ་ལ་ཉེ་དུས་ཕྱིར་ཤོད་ལ་བབས་དུས་ཚང་མའི་གདོང་ལ་དམར་མདངས་བབས་ཤིང་། མགོ་སེར་དེས་ཀྱང་མགོ་སེར་མ་ལག་མགོར་ཁྲིད་ནས་ཡོད་ལ། ཁ་ནས་ཡང་དང་ཡང་དུhoney! honey!ཞེས་མོ་ལ་འབོད། མོས་ཀྱང་མགོ་བོ་སྐབས་རེར་ཁོའི་བྲང་ཐད་ལ་བསྙེ་བའམ། ལམ་པ་ཡ་གཅིག་གིས་ཁོའི་དཔུང་བ་འཆིང་བ་སོགས། མི་གཅིག་ཏུ་སྤྲུལ་ལ་ཁད་བྱེད། རྒྱ་མི་དེས་ཡུལ་དེར་མིང་གྲགས་ཆེ་བའི་རྫ་ཁོག་ལ་བཙོས་བའི་ཟོག་ཤ་དང་སྔོ་ཚོད་ཁ་ཤས་བོས་ཤིང་། ཐབ་ཀ་དང་ཉེ་བའི་མདུན་ཅོག་གཅིག་གི་སྟེང་ནས་དགོང་ཟས་རྒྱས་པ་ཞིག་ལ་རོལ་སོང་།
  སྦྱིན་བདག་མ་ཕྱི་དྲོ་ནས་བཟུང་སྐད་འཕྲིན་གྱི་ཚོགས་པ་ཞིག་གི་ནང་དུ་གཡེང་ཡོད་ཅིང་། སྐབས་ཤིག་རིང་ལ་ཐབ་མེའང་ཞི་ལ་ཉེ་བར་གྱུར་ནའང་ཁོ་མོར་རྡོག་སྣེ་རུ་ཡོད་པའི་མེ་ཤིང་སྣོན་པའི་ངོ་མི་གསལ་བར་གྱུར་ཡོད། ཐ་ན་ཞབས་ཞུ་མས་མེ་ཤིང་སྣོན་པའི་སྐབས། ཤིང་སྐམ་ཅུང་རིང་བོ་ཞིག་གི་སྣེ་མོ་ཁོ་མོའི་རྐང་བའི་ཉྭ་གདོང་ལ་ལྗིད་ཙམ་ཕོག་ནའང་ཁ་ཡ་མི་བྱེད་པར། ཚོགས་པ་དེའི་ནང་གི་མི་དག་གིས་གཞས་གཏོང་རེས་བྱ་བཞིན་པར་ཉན་ཡོད། སྐབས་ཤིག་ལ་ཁོ་མོས “ཞའོ་མེ། འདིར་ཤོག་ལ་གཞས་ཤིག་ཐོངས་དང”ཞེས་ཞབས་ཕྱི་མར་བོས་པས། ཐབ་ཚང་ན་འཁྱག་ལ་འབྱར་བའི་སྐམ་ཤ་སྟ་རེས་གསེ་བཞིན་པའི་ཞབས་ཞུ་མ་མེ་ཏོག་བརྒྱུགས་ཡོང་ཞིང་། ཁ་པར་ལག་ལ་བཟུང་ནས “长长的头发,黑黑的眼睛.....”ཞེས་གདངས་བོད་ཡིན་ལ་སྐད་རྒྱ་ཡིན་པའི་གཞས་ཤིག་ཤར་མར་བཏང་ཞིང་། ཁ་པར་ཕྱིར་སྦྱིན་བདག་མའི་ལག་ལ་གཏད་ནས་ཐབ་ཚང་ལ་བརྒྱུགས་སོང་། སྦྱིན་བདག་མའི་ཁ་པར་ངོས་སུ་མཐེ་བོང་དང་མེ་ཏོག་སོགས་ཀྱི་རི་མོ་བསྐུར་བས་གང་སོང་།
འགྲུལ་བ་ཚོས་དགོང་ཟས་ལ་རོལ་ནས་དུས་ཡུན་གང་འཚམ་འགོར་སོང་ལ་སའང་རུབ་ནས་ཅུང་འགོར་ནའང་། བདག་མོའི་སྐད་འཕྲིན་གྱི་གཏམ་གླེང་ད་དུང་འཁྲུག་ཆ་དོད་པས། གཞན་སུ་ལའང་མིག་ཟུར་ཙམ་ཡང་མི་འཕེན་པར་ཁ་པར་ཁོ་ནའི་ངོས་ལ་གཡེང་ནས་བསྡད། དགོང་ཇ་འཐུང་ཚར་རྗེས། འགྲུལ་བ་ཚོ་ཐབ་ཀའི་འགྲམ་ལ་ཡོང་ནས་མེ་ལ་བསྲོ་མགོ་བརྩམས་ཤིང་། ཞབས་ཞུ་མས་ཀྱང་ཅོག་ཙེ་གཙང་སྦྲ་བྱས་ཚར་རྗེས་ཁོ་ཚོའི་གྲལ་དུ་བསྡད་པས། ཐབ་མེ་སྔར་ལས་འབར་བར་གྱུར།
  དེ་ལྟར་ཁོ་ཚོ་ཡུན་རིང་བོར་བསྡད་ཅིང་། ཕྱི་རོལ་གྱི་སྲང་ལམ་དུ་སྐབས་རེར་རླངས་འཁོར་རེ་གཉིས་ཧ་ཅང་མགྱོགས་པའི་ངང་བརྒྱུགས་སོང་བའི་ཤག་སྒྲ་རེའམ། འཕོང་ལ་སྒྲ་སྒམ་བཏགས་པའི་སྦག་སྦག་རེ་གཉིས་ཀྱི་རོལ་དབྱངས་ཀྱི་སྒྲ་རིང་དུ་ཕྱིན་པ་རེ་གཉིས་ལས་གྲགས་འགུལ་ཙམ་ཡང་མེད། དགུན་དུས་ཀྱི་མཐོ་སྒང་གི་གྲོང་ཚོ་འདི་རུ། ད་ལྟ་ཆུང་ངུའི་དུས་ནས་ཡུལ་འདིར་ལག་ཆགས་པའི་གཞིས་ཆགས་དག་ལས། ཕྱི་ཡོང་གི་མི་ཧ་ཅང་ཉུང་ཞིང་། རེ་གཉིས་ཡོད་པའང་ཐག་ཉེའི་གངས་འདབས་དང་མཚོ་ངོགས་སོགས་སུ་སྐོར་བ་རེ་བརྒྱབས་རྗེས་ཕྱིར་གང་མྱུར་གྱིས་བུད་འགྲོ མིང་ལ་གངས་ལྗོངས་དང་། མཐོ་སྒང་། གཡུ་མཚོ་སོགས་སུ་འབོད་པའི་མགྲོན་ཁང་དང་ཟ་ཁང་ཚོའི་སྒེའུ་ཁུང་ནག་པོ་གྲུ་བཞི་མ་དེ་ཚོས། དབྱར་གྱི་འདུ་འཛི་དང་དྲོད་སྣང་དག་རང་གི་མུན་ནག་གི་ཁྲོད་དུ་ཉར་ཞིང་། སྲང་གི་གློག་འོད་ཉམས་ཞན་པ་དེ་ལ་ཁ་གཏད་གཅོག་པའི་ཚུལ་དུ་བར་མི་ཆད་པར་མུན་པ་འགྱེད་བཞིན་ཡོད།
  རེ་ཞིག་དལ་ཅག་གེར་གྱུར་བའི་ཐབ་འགྲམ་གྱི་མི་དག་ནི་འཇིམ་སྐུ་ཞིག་དང་འདྲ། མགོ་སེར་གཉིས་ཀྱིས་སང་ཉིན་ཕྱི་དྲོ་གྲོང་ཁྱེར་ནས་ཕྱི་རྒྱལ་ལ་འགྲོ་བའི་སྤ་སེ་ཉོས་ཡོད་པས། ཞོགས་པ་སྔ་མོ་ནས་གྲོང་ཁྱེར་ལ་འགྲོ་དགོས་པ་དང་། རྒྱ་མི་དེས་མགོ་སེར་གཉིས་གནམ་ཐང་ལ་བསྐྱལ་རྗེས་ད་ལོ་འགྲུལ་བ་གཞན་པ་སྣེ་ལེན་མི་བྱེད་པར་ལྷོ་ཕྱོགས་ཀྱི་ཕ་ཡུལ་ལ་འགྲོ་རྒྱུ་རེད། ཞབས་ཞུ་མ་མེ་ཏོག་ཅེས་པ་དེ་གལ་སྲིད་ལོ་སར་ལ་ཨ་ཅེས་ཆོག་མཆན་ཐོབ་ན་ཕྱིར་ཕ་ཡུལ་ལ་འགྲོ་འདོད་ཡོད་ཅིང་། ད་དུང་ནང་མི་ཚོར་རང་ཉིད་ལོག་མིན་གྱི་ལན་གང་ཡང་སྤྲད་མེད། ཤིང་ཁང་གི་བདག་མོ་ཁོ་ནས་འདི་ནས་ལོ་སར་རྒྱུ་རེད། ཁོ་མོ་ལ་གྲོང་གསེབ་དུ་གཉེན་ཉེ་ཡོད་ཅིང་། སྐད་འཕྲིན་ཡང་ཡོད་པས་ཁེར་རྐྱང་གི་སྣང་བ་ཡོད་སྲིད་རྒྱུ་མ་རེད།
  ཆུ་ཚོད་གང་འཚམ་ཕྱིན་ཞིང་། ཐབ་ཀའི་ནང་གི་ཚག་སྒྲ་ཡང་ཆུང་དུ་གྱུར་ལ། སྲང་ལམ་ནས་མཆེད་པའི་སྒྲའང་སྔར་ལས་ཉུང་དུ་གྱུར་སོང་། གྱང་ངོས་ལ་སྦྱར་བའི་ས་ཁྲ་དེའི་ངོས་སུ་གངས་རི་དང་མཚོ་མོ་དེའི་འདྲ་པར་རེ་སྦྱར་ཡོད་པ་ནི་གློག་འོད་ཀྱི་ངོགས་སུ་ག་ལེར་ཉེ་བར་བཅར་བཞིན་པ་འདྲ། རྒྱ་མི་དེས་མགོ་བཏེགས་ཤིང་གླལ་མོ་ཞིག་བརྐྱངས་ནས“འཕྱི་བ་ལ། ད་ནི་ཉལ་ཚད་རེད”ཅེས་བཤད་པ་ན། མི་ཚོ་ལ་ད་ནི་ཁྱོད་ཚོ་འགུལ་ཆོག་ཅེས་བཤད་པ་ལྟར་རང་རང་ས་ནས་གསོན་ཡོང་། མགྲོན་པོ་ཚོ་སྔ་གཞུག་བྱས་ནས་ཐོག་ལ་བུད་སོང་། བདག་མོས་མིག་ཁ་པར་ལས་མི་འབྲལ་བར་གློ་ཟུར་གྱི་ཁང་མིག་ཅིག་ཏུ་འཛུལ་སོང་། ཞབས་ཞུ་མས་ཆ་སྒམ་འོག་མའི་འཐེན་སྒམ་ཁ་ཕྱེ་བ་ན་དེ་རུ་ཉལ་གོས་དག་བལྟབས་ནས་བཞག་ཡོད་པས། དེ་དག་ཤིང་གི་རྐུབ་སྟེགས་རིང་བོ་ཞིག་གི་སྟེང་ལ་བཏིངས་རྗེས། དེའི་ཁྲོད་དུ་འཛུལ་སོང་།
  གློག་གཟིམ་མཁན་མི་འདུག ཀྭ་ཡེ་གྲོགས་པོ། ཁང་མིག་དེར་གློག་གཟིམ་མཁན་མི་འདུག དེའི་ཕྱིར་ངས་མཇུག་གི་ཡིག་འབྲུ་འདི་དག་གི་ལག་པ་དེ་ཕྱོགས་ལ་བསྲིངས་ནས། ལྟད་མོ་འདི་རྫོགས་པ་ཡིན་ཞེས་པའི་ཚུལ་དུ་གློག་སྒོ་མནན་པ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་རྩལ་གྱི་བརྩམས་སྒྲུང་གསར་བ། རང་ཁྱིམ་མགྲོན་ཁང་གི་ཞག་མ་གཅིག

2015-09-14 དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།