ལོ་སར།
་་ ཏྲི་་་ ཏག ་་
ལྕགས་སྒོ་བརྡབ་པའི་ཙིར་སྒྲ་འདི་ཡིས་གཉིད་མ་སད་དུ་ཡོད་པའི་བེའུ་ལོར་མིག་ཕྱེ་རུ་བཅུག་སོང་། ཁོང་གི་བཟའ་རོགས་གཡང་མོ་ཉལ་ཁྲིར་བཅར་ཞོར་ངལ་དུབ་ཀྱི་ལུས་དེའི་ཤུན་ལྤགས་འདྲ་བའི་སི་ཚར་གྱི་ལྭ་བ་སྐྱ་བོ་དེ་ཕུད་ཅིང་འདར་འདར་ངང་ནས་མལ་ཐུལ་ནང་དུ་འཛུལ།
་་ཨ་ཆུ་ཆུ། དེ་རིང་གནམ་གཤིས་ངན་པ་ལ། ་་ མོས་དེ་འདྲ་ལབ་བཞིན་རང་གི་ལག་མགོ་བེའུ་ལོ་ལ་སྤྲད། བེའུ་ལོས་རྡོ་ལྟར་འཁྱག་པའི་ལག་དེ་འཇུས་པ་ན་གཉིད་ཀྱི་མོས་པ་ཡང་རྦད་ནས་བོར་སོང་། དགུན་གྱི་བཙག་ངན་འདིའི་ནང་ལ། གཡང་མོ་ལ་སི་ཚར་གྱི་ལྭ་བ་སྲབ་བོ་ཞིག་མ་གཏོགས་གྱོན་རྒྱུ་མེད་ལ་རྐང་མགོའི་དབྱར་ལྷམ་དེ་ཡང་གཞན་གྱིས་སྦྱིན་པ་ཞིག་ཡིན། བེའུ་ལོས་ལག་པ་སྲོ་བཞིན་སེམས་ལ་འགྱོད་པ་དྲག་པོ་ཞིག་ལྷན་གྱིས་སྐྱེས་བྱུང་ཏེ། ཁ་སང་སྒོར་མོ་ཡོད་དུས་དགུན་ལྷམ་ཞིག་ཉོ་ཐག་མ་ཆོད་པ་དེར་ཁོ་དངོས་ནས་འགྱོད་པ་སྐྱེས་སོང་། ཁོང་གིས་རྐང་བ་དེ་གཡང་མོའི་རྐང་བ་ལ་གཏུག་སྐབས་གྲང་གཟེར་ཞིག་ཁྲག་རྩ་ནས་འབར་ཞིང་མགོ་ལ་རྒྱུགས་པ་བྱེད་དུས། ཁོང་གི་འགྱོད་པ་དེ་དེ་བས་དྲག་པོར་འགྱུར། འོན་ཀྱང་ད་ལྟ་བརྗོད་རྒྱུ་ཅི་ཡོད། ཁོས་གཡང་མོའི་ཐོད་པ་ལ་འོ་འཇམ་པོ་ཞིག་བྱེད་རྒྱུ་དང་རང་གི་ལུས་དྲོད་དེ་གཡང་མོ་ལ་སྤྲོད་པ་ལས་བརྗོད་རྒྱུ་གང་ཡང་མ་བྱུང་ངོ་། ། གཡང་མོ་ལོ་བཅུ་དགུའི་སྟེང་ལ་བེའུ་ལོ་དང་འགྲོགས་ནས་འཁོར་བ་བཟུང་བ་རེད་ལ་ད་ལྟའི་བར་མི་ལོ་བཅུ་གསུམ་སོང་ཡོད། མོས་ཕྲུ་གུ་གཉིས་བཙས་ཡོད་པ་དང་བུ་མོ་ཆེ་བ་དེ་ལོ་བཅུ་གསུམ་དང་བུ་ཆུང་བ་དེ་ལོ་ལྔ་ལོན་ཙམ་རེད། །
ཁོང་གཉིས་སྔ་ཐོག་འབྲོག་ནང་ཏུ་འཚོ་བ་བྱས་ཡོད་དེ། དེ་ནི་དངོས་ནས་སྐྱིད་ཐག་ཆོད་པའི་འཚོ་བ་ཞིག་རེད། གཡང་མོས་ད་ལྟའང་རང་གི་འཚོ་བ་དེ་བདེ་སྐྱིད་ལྡན་པ་ཞིག་ཏུ་བསམ་གྱིན་ཡོད་མོད། འོན་ཀྱང་སྔ་མོ་དང་བསྡུར་ན་གྲོང་ཐོག་གི་འཚོ་བ་དེས་འབྲོག་ཐོག་དོ་ཡ་མི་འདུག དེ་དུས། བེའུ་ལོ་རྫི་བོར་འགྲོ་བ་དང་གཡང་མོས་བུ་མོ་ཁྲིད་ཞོར་ཁྱིམ་ལས་དང་ཤེ་གསོགས་པ་རེད། ནམ་རྒྱུན་ནུབ་ཇའི་སྐབས་སུ་བཟའ་ཚང་གང་པོ་འཛོམས་པ་ན། བེའུ་ལོས་སྒྲུང་བཤད་པ་དང་གཡང་མོས་བུ་མོ་དཀར་ལི་ལ་འབྲུག་མོའི་ཡག་རབས་དགའ་རབས་བཤད་པ་ཡིན། འོན་ཀྱང་འཁོར་བ་མི་རྟག་གི་ཆོས་ཉིད་ཅན་ཟེར་བ་དེས་ནམ་ཡང་རང་བཞིན་མངོན་རྒྱུ་བརྗེད་མེད་དེ། གངས་ཞོད་ཆེན་པོ་ཞིག་གིས་བེའུ་ལོ་ཚང་གི་སྒོ་ཟོག་ཐམས་ཅད་མུ་གེ་དང་གྲང་ངར་གྱིས་བསད་པ་དང་། ཕྱིར་ལོ་ཁོང་གཉིས་ཀྱི་ལྷག་མོར་ལུས་པའི་འབྲི་བདུན་ཡོད་པ་དེ་བཙོང་ནས་རྫོང་ཐོག་ཏུ་སྤར་དགོས་ཐུག་པ་རེད། རྫོང་མཁར་གྱི་མཐའ་སྐོར་ཞིག་ཏུ་ཁོང་གཉིས་ཀྱིས་ས་ཁང་ཞིག་ཉོས། དེ་ནི་མཐའ་སྐོར་འདི་ཡི་ས་ཁང་མང་པོ་ཡོད་པ་ལས་ཆེས་ཆུང་བ་དེར་རྩི་ཆོག ཕར་ཚུར་རང་མོས་སུ་ཁྲིད་པའི་གློག་སྐུད་དང་ཁྱིམ་ཚང་སོ་སོའི་གོས་ཉི་མར་འཕེན་སའི་ལྕགས་སྐུད་དག་གིས་ས་ཁང་ཐམས་ཅད་སྦྲེལ་ཏེ་ཡོད་པ་དང་། གྱང་གིས་བཅད་པའི་ཁྱིམ་ཚང་རེ་རེ་ཐུན་མང་གི་རུ་སྐོར་གཅིག་ཏུ་མཐུད་ཡོད་པ་རེད། དེ་ནས་བེའུ་ལོ་མོ་ཊ་འཁྲུད་མཁན་ཞིག་ཏུ་འགྱུར་བ་དང་གཡང་མོས་ཁྲོམ་གཞུང་གཙང་སྦྲ་བྱེད་པའི་ལས་ཀ་བྱས། ཁོང་གཉིས་ཀྱི་གླ་ཆ་བསྡོམས་བཞག་ན་ཟླ་རེར་སྒོར་མོ་བདུན་བརྒྱ་བརྒྱད་བརྒྱ་ཙམ་ཡོད་པས། དེ་ཡིས་བཟའ་ཚང་གང་བོའི་བཟའ་འཐུང་འགྲོ་འདུག་ཐབས་ཆག་ཞིག་སྐྱེལ་ཐུབ། བུ་མོ་དཀར་ལི་སློབ་གྲྭ་ལ་སྐྱེལ་ནས་འཚོ་བ་གསར་བ་ཡང་བརྟན་པོ་བྱུང་རྗེས། ཁོང་གཉིས་ཀྱིས་སྔགས་པ་ཞིག་གི་རིལ་བུ་བཏུང་ནས་བུ་ཕྱུག་ཕྲུག་སྐྱེས་པ་རེད།
གློག་སྒྲོན་བཙུམ་རྗེས། གཡང་མོས་བེའུ་ལོའི་ཁ་ངོ་མཐོང་གིན་མེད་རུང་། ཁོང་གི་དབུགས་ཁ་མཐུག་པོའི་དབྱིན་རྔུབ་དེ་ཐོས་ཙ་ན། བེའུ་ལོ་གཉིད་ཐུབ་ཀྱིན་མེད་པ་ཚོར་ཐུབ། གཡང་མོས་སེམས་ལ་བེའུ་ལོ་སྒོར་མོའི་དོན་དུ་གཉིད་ཐུབ་ཀྱིན་མེད་པ་གསལ་བོ་ཤེས་ཡོད། མོའི་ལག་པ་གཉིས་ཀྱི་དྲོད་སོས་ཙམ་བྱུང་རྗེས། དལ་བུར་བསྙབས་ཏེ་བེའུ་ལོའི་ཕོ་མཚན་ལ་བྱིལ་བྱིལ་བྱས། བེའུ་ལོའི་སེམས་ཕྱོགས་དེ་མ་ཉིད་ནས་སྐྱོ་སྡུག་ལས་སངས་བ་ལྟར་བྱུང་སྟེ། ཁོས་ཀྱང་ལག་གཡས་པས་གཡང་མོའི་སྐེ་ལ་འཁྱུད་ནས་ལག་གཡོན་མས་ཁོ་མོའི་འོ་འཛིན་ལ་འཇམ་པོས་རེག་པར་བྱས། གཡང་མོའི་ལག་པ་ལྷམ་ངོ་ལྟར་རྩུབ་པོ་ཡོད་རུང་། ཁོ་མོའི་འོ་འཛིན་དང་ལུས་པོ་ནི་ཚ་རུ་ལྟར་འཇམ་མཉེན་ལྡན། འདི་ཡིས་ཁོ་རང་གི་དྲན་པ་དེ་སྔ་མོའི་འབྲོག་ཐོག་གི་འཚོ་བའི་ཁྲོད་དུ་ཁྲིད་པ་རེད། གཡང་མོས་དོར་མ་དང་རང་གི་གསང་དོར་ཕུད་ཙ་ན། ཁོང་གི་དྲོད་ལམ་གྱི་ཕོ་མཚན་དེ་ཁོ་མོའི་ལག་ནས་རྭ་ཅོ་ལྟར་ཀེར་བར་གྱུར་ཡོད། ད་ཚེ་ཁོ་ནི་སྟོབས་ཤུགས་ཀྱིས་རྔམ་པའི་འབྲོང་ཞིག་དང་མཚུངས་ལ། ཁོས་ནི་རྩི་ཤིང་དང་མེ་ཏོག་གིས་རྒྱན་པའི་རི་ལུང་དེ་ལ་སྤྲོ་བའི་གར་སྟབས་དེ་འཁྲབ་པར་འདོད་ཀྱིན་ཡོད། གཡང་མོའི་མིག་གཉིས་ལྷོད་ཀྱང་བཙུམ་པ་ན། མོ་རང་གི་ལུས་པོ་དེ་དབྱིངས་ནས་ལྷུང་བ་ལྟ་བུའི་ཚོར་བ་ཞིག་ངང་གིས་སྐྱེས། བེའུ་ལོས་མོ་རང་གི་སྐེ་ནས་འཁྱུད་དེ་དམ་པོར་འཇུས་ནས་ཡོད་པ་ན། མོས་ནི་ལྷུང་ཉམས་ཀྱིས་སྦྱིན་པའི་རང་དབང་གི་ཚོར་བ་དེ་ཡོངས་སུ་རོལ་ཆོག་པ་ཡིན་ལ། ནམ་ཡང་ལྷུང་ཉམས་ཀྱི་རྫོགས་མཚམས་དེ་ལ་རྡུང་ཁ་དང་བརྡབ་གསིག་ཡོང་བའི་འཇིགས་སྣང་སྐྱེ་དགོས་པ་མ་ཡིན། ཁོ་མོས་དེ་ལྟར་མ་ངེས་པའི་འགྱུར་བ་དང་རྒོལ་མེད་ཀྱི་ལྷུང་ཉམས་དེ་ལ་དགའ་བར་བྱས་པ་དང་། བེའུ་ལོའི་ལག་གཉིས་ཀྱིས་གནང་བའི་སེམས་གསོ་དང་བརྟན་བརླིང་དེ་ལ་ཚིམས་པར་བྱས། བེའུ་ལོའི་གནམ་ལྕགས་དང་འདྲ་བའི་ཕོ་མཚན་དེ་ཡིས་ཁོ་མོའི་ཡིད་སྤྲིན་ཀྱི་བང་རིམ་གཏོར་ཀྱང་དཀྲུགས་ཚེ་ན། མོ་ཡི་ལུས་སེམས་ཀྱི་གཟབ་ས་དེ་ལ་བརྗོད་འདས་ཀྱི་སྤྲོ་བ་རབ་ཏུ་འཕེལ་བར་བྱུང་། ཤིན་ཏུ་དྲག་པའི་ཐོག་རྒོད་དེ་ཡིས་ནམ་རྒྱུད་ཀྱི་ཁུར་པོ་དང་ལས་ཀའི་ངལ་དུབ་དག་ནི་བསྐྲད་པ་དང་། ཆར་གྱི་བདུད་རྩི་ནི་སྤྲིན་པ་དེ་དག་ལས་དལ་བར་ཐོར། བེའུ་ལོ་ནི་གང་གིས་ཀྱང་མ་སྐུལ་བར་སྟོབས་དང་ཤུགས་ཀྱིས་ཁོ་ནས་དེད་པའི་གཏུམ་སྤྱོད་ཀྱི་འབྲོང་དེ་ཡིན་ལ། ཁོང་གི་རྭ་ཐུར་གྱིས་རྩེད་འཇོར་འགྱུར་བའི་མེ་ཏོག་ལ་ནི་གེ་སེར་གྱི་དྲི་བསང་འཐུལ། འདབ་མ་ལ་ཟིལ་བས་བརླན། རྐང་པ་ནི་དྲི་བཞོན་གྱིས་གཡོ་བར་བྱེད་དོ། ། ཕན་ཚུན་གྱི་སེམས་ལ་བཅངས་པའི་བརྩེ་བ་དང་ལུས་ལ་ཆགས་པའི་དུངས་བ་དེ་དག ད་ལྟ་དབང་བོ་ལས་ཐོལ་བའི་ཁ་རླངས་དྲོན་མོ་དེ་རུ་གྱུར་ཡོད་དེ། ཁ་རླངས་དེ་མུན་ནག་གྱི་ཉལ་ཤག་འདི་ཡི་ཁ་དབུགས་གྲང་མོ་དག་ལ་འཕྲད་པ་ན། རླངས་སྤྲིན་གྱི་མཛེས་ཉམས་རེ་རེའང་མཐོང་ཆོས་སུ་འགྱུར་ཐུབ་པ་ཡིན་ནོ། ། གཡང་མོས་ལག་གཡས་པས་མལ་ཁྲི་ལ་དམ་པར་འཇུས་ནས་ཡོད་ཅིང་། བ་འདྲའི་ལག་དུབ་དེ་ཡར་མར་སྟབས་བསྟུན་ཏུ་གཡོ་བཞིན་མཆིས། བེའུ་ལོའི་གནག་སྣུམ་གྱི་སྐྲ་རྩེ་ཡང་རྔུལ་ཆུས་བརླན་པ་ན། གནམ་ལྕགས་ཀྱི་རྔ་ཆེན་སྒྲོགས་པ་དེ་ལས་གློག་འོད་ཀྱི་ཞགས་པ་གསལ་ལེམ་མེར་འཁྱུག་པ་དང་། སྤྲིན་ལས་ཐོར་བའི་ཆུ་ཐིགས་དག་གིས་མེ་ཏོག་དང་སྤང་ལ་ཚེ་སྲོག་གི་བདུད་རྩི་ཕབ་པ་རེད། ད་ཚེ་འབྲོང་ཕོ་དེ་ཡང་དགའ་བདེ་དེ་ཡིས་གཡང་སུ་ཕབ་པར་བྱས་སོ། །
གཡང་མོའི་སླར་ཡང་ཁ་མདོག་ཅུང་ཙམ་ཡལ་བའི་སྟོད་གོས་སྔོ་ནག་དེ་གྱོན་ནས་ན། བེའུ་ལོའི་ལག་པ་གཅིག་རང་གི་སྐེ་འོག་ཏུ་དྲངས་པ་དང་མུན་ནག་གི་ཁམས་སུ་ཅེར་ནས་ལྟ་བཞིན་དྲིས་པར།
་་ སྒོར་མོ་ག་ཚོད་ལྷག་ཡོད་དམ། ་་ ཁོ་མོས་འདི་ལྟར་འདྲི་དོན་ནི། དེ་རང་དོམ་བདག་ཡོང་ནས་དབྱར་ཀར་བུ་མོ་སྨན་ལ་སྟོན་བྱེད་དུ་གཡར་བའི་བུན་དངུལ་མ་བུ་ཡོད་ཚད་འཁྱེར་སོང་བས་རེད།
་་ ད་དུང་སྒོར་མོ་སུམ་བརྒྱ་ཙམ་ལྷག་ཡོད། ་་ བེའུ་ལོས་དེ་ལྟར་ལན་བཏབ་ཀྱང་བརྗོད་སྟངས་ལ་སྐྱོ་ཤས་ཞིག་སླར་ཡང་འཐིམ། ནམ་རྒྱུན་ཡིན་ན། སྒོར་མོ་སུམ་བརྒྱས་ཡུན་རིང་ཞིག་གི་འཚོ་བ་འཁྱོངས་ཀི་རེད། འོན་ཀྱང་ད་ལྟ་ལོ་སར་ཚེས་ལ་ཉེ་བས། ཤ་མར་གང་ཡང་གྲ་སྒྲིག་བྱས་མེད། ལོ་སར་གྱི་ཅ་ལག་གཞན་དག་ཡང་ཉོ་རྒྱུ་ལུས་ཡོད། ཕྲུ་གུ་གཉིས་ལ་གོས་གསར་རེའང་གྱོན་རྒྱུ་མེད། བེའུ་ལོས་དེ་ལྟར་འདང་བརྒྱབ་པ་ན་སྐྱོ་ཤས་དེ་སླར་ཡང་བྱུང་སྟེ་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར།
་་ སུམ་བརྒྱ་ལྷག་གིས་ལོ་སར་ལ་འདང་རྒྱུ་མ་རེད་པཱ། ་་ ཉིན་འདི་དག་གི་རིང་ལ་གྲོགས་པོ་དང་རུ་རོགས་ཚོས་ལོ་སར་སྐོར་རྐྱང་རྐྱང་ལབ་ནས་འདུག ཁོ་ཚོའི་ཁ་པར་གྱི་སྐད་འཕྲིན་ནང་ནའང་ཁ་མངར་དང་ཤ་ཐུད། སྡེར་ཁ་དང་ཆང་རག་གི་རི་མོ་ཕར་སྐུར་ཚུར་སྐུར་བྱེད་བཞིན་འདུག འོན་ཀྱང་གཡང་མོའི་ཁ་པར་ལ་སྐད་འཕྲིན་བླུགས་མི་ཐུབ་པས། དེ་ལ་ཁོ་མོས་སེམས་གཡེང་དེ་ཙམ་དགོས་པ་མ་རེད། འོན་ཀྱང་ལོ་སར་ཚེས་སྐབས་མགྲོན་པོ་འབོད་པ་དེ་གཡོལ་ཐུབ་རྒྱུ་ཡོད་མ་རེད། ཤ་དང་སྡེར་ཁ་ཏོག་ཙམ་སྒྲིག་རྒྱུ་མེད་ན་རྟེན་འབྲེལ་འགྲིག་གི་མ་རེད་ལ་ཚང་མས་མདུན་ནས་ཀྱང་ངོ་ཐུབ་ཀི་མ་རེད།
་་ དེ་ལ་སེམས་ཁུར་མི་དགོས། གཞན་གྱི་ས་ནས་ཡང་བསྐྱར་བུན་རྒྱུ་ཞིག་རེག་ན་ཆོག་གིས་རེད། ཕྲུ་གུ་གཉིས་ཀྱི་ཟླ་བ་སྔོན་མ་ནས་ཉི་མ་རྩིས་ཏེ་ལོ་སར་སྒུག་ཡོད། ཁོང་གཉིས་ལ་དགའ་དགའ་སྐྱིད་སྐྱིད་ཀྱི་སྟོན་མོ་ཞིག་རོལ་ཏུ་མ་བཅུག་ན་ཕ་མའི་དགོས་པ་མེད་སོང་བ་མ་ཡིན་ནམ། ངས་ཐབས་ཤེས་ཞིག་བཀོད་ཆོག ་་ གཡང་མོས་དེ་ལྟར་ཐོས་པ་ན་སེམས་ཁུར་ཡལ་བ་རེད། མོས་ནམ་ཡང་བེའུ་ལོ་ལ་ཡིད་ཆེས་བྱེད་ཀྱིན་ཡོད་དེ། ལོ་འདི་དག་གི་རིང་ལ་བེའུ་ལོའི་གམ་ནས་ལྟོགས་གྲང་གི་སྡུག་བསྔལ་གང་ཡང་མྱོང་དགོས་མ་བྱུང་། གཞན་ལས་མཐོ་བ་ཞིག་ཏུ་འགྱུར་མ་སོང་རུང་གཞན་ལས་དམའ་བ་ཞིག་ནི་ནམ་ཡང་འགྱུར་མེད། མོས་དེ་ལྟར་བསམ་ཙ་ན་གཉིད་ཀྱང་དལ་གྱིས་ཁུག་སོང་། འོན་ཀྱང་བེའུ་ལོའི་སེམས་ཁུར་ནི་ཕྱི་རོལ་ཏུ་འཚུབ་བཞིན་པའི་བུ་ཡུག་དེ་བཞིན་འཇགས་ཐབས་མེད།
ཉིན་གཉིས་པར། བེའུ་ལོ་ཕྱི་རུ་འགྲོ་གྲབས་བྱེད་སྐབས། རུ་རོགས་རྒན་པོ་ཞིག་ཀྱང་ཁྲོམ་ལ་འགྲོ་རྩིས་བྱས་ནས་བུད་འདུག ཁོས་བེའུ་ལོ་ལོ་སར་ཅ་ལག་ཉོ་སར་འགྲོ་མིན་དྲིས། དུད་ཚང་གཉིས་ཀྱིས་མཉམ་ཉོ་བྱས་ན་རིན་གོང་ཅུང་ཙམ་ཕབ་ཐུབ་ཀི་རེད་དེ། སིལ་ཁུ་ལྕགས་ཊིན་རེ་ལ་སྒོར་མོ་གཉིས་དང་ཟུར་གསུམ་གྱིས་ཉོ་ཐུབ་ཀི་རེད། འོན་ཀྱང་བེའུ་ལོས་དེ་རིང་དོན་དག་གཞན་ཞིག་ཡོད་ཟེར་བས་ན་ཁོ་གཉིས་སོ་སོར་གྱེས་དགོས་བྱུང་། །
དེ་ནས་གཞུང་ལམ་དང་སྐྱ་ལམ། ལམ་ཕྲན་ནས་ལམ་མེད་ཀྱི་སྤང་ཐང་རྒྱུད་དེ་སོང་བ་ན། བེའུ་ལོ་ཨ་ཞང་ཚང་གི་རུ་ཐོག་ལ་ཐོན། ཨ་ཞང་ཚང་གི་སྡོད་གནས་ནི་ལྕགས་ཁང་ཞིག་རེད། ལྕགས་ཁང་དེ་ནི་སྲིད་གཞུང་གིས་མུག་སྐྱོབ་ཏུ་སྦྱིན་པའི་ངོས་གཉིས་ལྕགས་ལེབ་ཡིན་ཞིང་བར་ཏུ་འགྱིག་སོབ་བཏུམ་ཡོད་པ་དེ་འདྲ་ཞིག་རེད། བརྙན་འཕྲིན་ནང་ནས་ལྕགས་ཁང་འདི་འདྲ་ས་ཆུའི་འབྱུང་བ་འཁྲུག་ཚེ་སྡོད་གནས་དཀའ་ངལ་འཕྲལ་སེལ་བྱེད་ཆེད་དུ་བཙུགས་པའི་གནས་སྐབས་ཀྱི་ཁང་པ་དེ་འདྲ་ཡིན་ཚོད་འདུག་མོད། འབྲོག་ལས་ནང་ལ་མཚོན་ན་ལྕགས་ཁང་འདི་འདྲ་ནི་གནས་ཁང་ཡག་ཤོས་སུ་རྩི་ཆོག་པ་རེད། ལོ་སར་ལ་ཉེ་བས་བུད་མེད་ཚོ་ལ་ཁྱིམ་ལས་མང་པོ་ཡོད་པར་བསྟེན། ནམ་རྒྱུན་ཉི་མ་ལྡེ་ནས་མ་ཎི་བཟློས་ཏེ་སོས་དལ་ངང་སྡོད་ཆོག་པའི་ཨ་ཞང་ཁོ་ཡང་ཉིན་འདི་དག་རྫི་བོར་འགྲོ་དགོས་ཐུག་ཡོད། དེ་བས་བེའུ་ལོ་ཐོན་ཚེ་ཁྱིམ་ན་སྲུ་མོ་དང་སྲིང་མོ་གཉིས་མ་གཏོགས་མེད། ཁོང་གཉིས་ཀྱིས་ལོ་སར་ལ་མཁོ་བའི་ཤ་དང་ནས་གྲ་སྒྲིག་བྱེད་ཀྱིན་ཡོད་པས། བེའུ་ལོས་ཁོང་གཉིས་ལ་ཤ་གཙབ་རོགས་དང་ནས་རྡུང་རོགས་སོགས་བྱས། སྲུ་མོ་ནི་གཤིས་ཀ་འཇམ་ཞིང་གཞན་ལ་སྙིང་རྗེ་ཆེ་བའི་བུད་མེད་ཞིག་ཡིན། ཁྱད་པར་བེའུ་ལོ་བཟའ་མི་གཉིས་ལ་ནམ་ཡང་ལྟ་རྟོག་བྱེད་མཁན་ཞིག་ཡིན། ཁོ་མོས་བེའུ་ལོ་ཚང་གི་དཀའ་སྡུག་ཡོད་ཚད་ཤེས་ཀྱིན་ཡོད། ཉིན་གུང་གི་དུས་སུ། ཤ་ཚོས་ནས་ཐབ་ལས་འབེབ་སྐབས། སྲུ་མོས་ཤ་སྐལ་ཚོ་ཤོས་ཞིག་བསལ་ནས་བེའུ་ལོ་ལ་སྟེར་བ་རེད།
་་ ཨ་ཞང་ལ་སྒོར་མོ་གཡར་རྒྱུ་ཨེ་ཡོད་ཐལ་་ སྲིང་མོ་གཉིས་ལས་ཀ་ལ་བུད་སྐབས་བེའུ་ལོས་སྲུ་མོ་ལ་ལྐོག་གིས་དེ་ལྟར་དྲིས།
སྲུ་མོ་ཅུང་ཡ་མཚན་གྱིས་ངང་ནས་ཁོ་ལ་སྒོར་མོ་གཡར་དོན་གང་ཡིན་དྲིས། དེ་སྔོན་བེའུ་ལོ་མགྲོན་ལ་ཕེབས་སྐབས་ཁོང་གིས་གླ་ཕོགས་ལོན་ཡོད་པ་རེད། སྒོར་གཉིས་སྟོང་ལྷག་ཡོད་པས་ལོ་སར་སྐྱེལ་ཐུབ་ཀི་རེད་ཅེས་བརྗོད་ཡོད་པ་རེད།
་་ ཨོ། ཁ་སང་རྡོ་རྗེ་དོམ་ལེན་དུ་ཡོང་ཐལ། དོམ་ཡོད་ཚད་སྤྲད་ཚར་རྗེས་ལྷག་མོ་མང་པོ་མེད་ཀི ་་
་་ ད་གང་འདྲ་བྱེད་ན་འགྲིག་གི་རེད། ཨ་ཞང་ལ་སྒོར་མོ་གཡར་རྒྱུ་ཡོད་མ་ཐལ། ངས་ཁྱོད་ལ་བཤད་ཟིན་པ་ཡིན་ཏེ། ཁོང་གིས་སྐྱིད་འཛོམས་ལ་བྱི་ཕྲུག་ཞིག་བཞག་ཡོད་པ་དེ་ཡིས་རྡོ་རྗེ་རབ་བརྟན་ཚང་གི་ཞི་མོའི་ཕོ་བ་ཆེན་པོ་བྱས་འདུག ཁོང་གཉིས་ལྷན་ཏུ་འདུག་དགོས་བཤད་ཀྱང་ཁ་ལ་ཉན་གྱིན་མི་འདུག དེ་བས་ད་ལོ་ཨ་ཞང་གི་སྒོར་མོ་ཡོད་ཚད་སྐྱིན་ཚབ་ལ་འཇལ་བཞག་པ་རེད། ་་
་་ རེད་རེད། ངས་ཨ་ཞང་ལ་སྒོར་མོ་དཀོན་ནོ་ཤེས་ཡོད། ་་ བེའུ་ལོས་བག་ལྷོད་ཀྱི་འཛུམ་མདངས་ཞིག་བསྟན་ནས་སླར་སྨྲས་པར།
་་ ངས་ཀྱང་དྲིས་པ་ཙམ་ཡིན། མ་གཞི་མོ་ཊ་བཀྲུ་སའི་ཚོང་བདག་དེས་ང་ལ་སྒོར་མོ་དགོས་ཚད་གཡར་རྒྱུ་བྱས་ཡོད། འོན་ཀྱང་ཨ་ཞང་ལ་སྒོར་མོ་ཡོད་ན་འདི་ནས་གཡར་བ་དེ་སྟབས་བདེ་པོ་འདུག ་་ ཁོས་དེ་ལྟར་བཤད་པ་ཡིན་མོད། དོན་དུ་ཚོང་བདག་གིས་ཁོ་ལ་སྒོར་མོ་གཡར་བའི་གཏམ་གང་ཡང་བརྗོད་མེད། སྔོན་མ་ཐེངས་ཞིག་ལ་ཚོང་བདག་འདིས་ཁོང་གིས་མོ་ཊ་འཁྲུད་སྐབས་དག་རྫས་སྤྱད་རྒྱུ་མང་ཆེ་འདུག་ཟེར་ནས་གཤེ་གཤེ་གཏོང་བ་རེད། སེར་སྣ་ཆེ་བའི་མི་འདི་རིགས་ལ་སྒོར་མོ་གཡར་ཐབས་ག་ལ་ཡོད།
བེའུ་ལོ་ཕྱིར་ལ་ལོག་ཚེ། སྲུ་མོས་གཡང་མོ་དང་ཕྲུ་གུ་གཉིས་ལ་ཤ་སྐལ་རེ་རེ་སྐུར་བ་རེད། བེའུ་ལོས་ཤ་སྐལ་དེ་རུམ་ལ་བཅུག་སྐབས། དེ་ཡིས་ཁོང་གི་ཁོག་སྟོད་ལ་དྲོད་ཀྱིས་ཚ་ལམ་ལམ་ཏུ་བྱས། ཡིན་ནའང་ཁོ་རང་ལམ་སང་ཁྱིམ་ལ་ལོག་ནས་ཤ་སྐལ་དྲོད་པོ་འདི་དག་བཟའ་མི་ལ་བསྟེར་ཐབས་མེད་དེ། ཁོས་ད་དུང་སྒོར་མོ་གཡར་ཐབས་སྒྲིག་དགོས་པ་རེད།
དེ་འདྲ་བསམ་བློ་གང་མང་ཞིག་འཁོར་བཞིན་ལམ་ནས་འགྲུལ་བ་ན། ཁོ་རང་དགོན་པའི་ཉེ་འགྲམ་གྱི་གྲོང་བརྡལ་དེ་ལ་ཐོན། གྲོང་དེ་ལ་ཡུལ་མི་ཚོས་ཨ་ཕྱི་གྲོང་ཟེར་སྲོལ་ཡོད་དེ། གྲོང་བརྡལ་འདི་ནི་རྒན་པ་ཨ་མྱེས་ཨ་ཕྱི་ཚོས་ཚེ་མཇུག་གི་ལྷ་ཆོས་སྒྲུབ་སའི་འདུས་གནས་ལྟ་བུ་ཡིན་པ་རེད། བེའུ་ལོའི་ཕ་མ་དང་ནུ་བོ་ཞིག་འདི་ལ་གནས་བཅས་ཡོད། འོན་ཀྱང་ཁོས་འདང་ཞིག་བརྒྱབ་པ་ན་ཁོ་ཚོ་ལ་ལག་སྟོང་བྱས་ནས་གཏུག་ཐབས་བྲལ། བེའུ་ལོའི་ནུ་བོ་ནི་དགོན་པའི་གྲལ་ཏུ་ཞུགས་ཡོད། སྤྱིར་ཡིན་ན་བསླབ་པ་སློབ་གཉེར་ལ་ཐུགས་བསྐྱེད་ནས་དབེན་པར་གནས་དགོས་པ་ཡིན་མོད། བེའུ་ལོས་ཟོག་ལུག་བཙོང་ནས་འབྲོག་ཐོག་སུ་སྤོས་རྗེས། ཕ་མ་གཉིས་ཀ་ནུ་བོར་བཅོལ་དགོས་བྱུང་བ་རེད། དེ་བས་སུ་གཅིག་གིས་མ་རིག་པའི་སྔོན་ནས། ཁོས་འཕྲུལ་རྟ་ཕྱིར་སྐོར་ཏེ་ཡུལ་འདི་ལས་རིང་ཏུ་གྱེས་སོ། ། ད་ཚེ་ཁོས་གྲོགས་པོ་དག་གིས་བཤད་པའི་རྫོང་ཐོག་གི་བཀྲ་ཤིས་ཕུན་ཚོགས་ཀྱིས་སྒོར་མོ་བུན་བཞིན་ཡོད་པ་དེ་དྲན་བྱུང་། ཁོས་སེམས་ལ། བུན་ཆེ་ཆུང་གང་ཡིན་རུང་། ལོ་སར་འདི་བཟའ་ཚང་གང་པོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བསུ་བཞག་དགོས་དྲན་པ་རེད།
བཀྲ་ཤིས་ཕུན་ཚོགས་ཀྱི་ཟས་ཁང་དེ་ལ་སླེབས་ནས་ན་ཁོ་གཉིས་ཀྱི་སྐད་ཆ་དུས་ཚོད་གཅིག་ཙམ་ལ་བཤད། ཡར་བཤད་མར་བཤད་ཀྱི་མཐའ་མར་ཚོང་བ་ནག་ཏིག་དེ་ཡིས་ཁོ་ལ་སྒོར་མོ་གཡར་རྒྱུ་བྱས།
་་ ཤ་ཉེ་ཤ་ཁོ་འདྲ་བོ། ཁྱོད་ལ་རོགས་ཞིག་ཐང་ན་ངས་ཅི་སྟེ་སྒྲུབ་བསམ་པ་ཡིན། འོན་ཀྱང་ངེད་ཚང་གི་རྒན་མོ་དེ་ལ་བཤད་ལུགས་ཞིག་མེད་ན་་་ ་་་ ཁྱོད་ཀྱིས་བར་འདུག་གམ་གཏའ་མ་ཞིག་ལོན་རྒྱུ་བྱོས་དང་ངས་ཁྱོད་ལ་སྒོར་ཉིས་སྟོང་སྒྲིག་ཡོང་། ་་
་་ ད་དེ་ཡིན་ན་ཁྱོད་ཀྱིས་རོགས་ཆེན་པོ་བྱས་སོང་། ང་སང་ཉིན་དུས་ཚོད་འདིའི་ཐོག་ལ་འདིར་ཐོན་ཡང་། ད་འུ་གཉིས་ཀྱི་བཤད་ནི་ཁྲིགས་ཁྲིགས་བྱེད་རྒྱུ་ཡིན་དགོས་་ དེ་ལྟར་ཁ་ཆད་བཞག་རྗེས་བེའུ་ལོ་སེམས་བདེ་བས་ངང་ནས་ཟ་ཁང་ལས་བུད་པ་དང་། ཁོང་གི་མིག་ལམ་ལ་བར་འདུག་བྱེད་ཐུབ་མཁན་གྱི་མི་ཁ་ཤས་ཀྱང་འཆར་གྱིན་འདུག ཁོས་ཁ་པར་བླངས་ནས་གཏམ་བཟང་དེ་གཡང་མོ་ལ་ལབ་དགོས་པ་དྲན་ཡང་། བསམ་བློ་ཞིག་བཏང་རྗེས། ཁོས་གཏམ་བཟང་ཁྱིམ་ལ་སོང་ནས་བཤད་ན་དགའ་རྒྱུ་རེད་དྲན་སོང་། །
གཡང་མོས་སྐད་ཆ་དེ་དག་ཐོས་མ་ཐག་སེམས་ཀྱི་མགོ་རྟིང་ཡང་ལོག་སོང་བ་ལྟ་བུར་གྱུར། ཁོ་མོ་སྐྲག་ནས་ངུ་རྒྱུ་ཡང་མ་རྙེད། ཁ་པར་ལ་ཧད་ནས་སྐར་ཆ་ཁ་ཤས་སོང་ཙ་ན། ད་གཟོད་བརྡ་དགོས་བྱས་པའི་དོན་དག་མྱུར་ཏུ་སྒྲུབ་དགོས་པ་དྲན། མོ་རང་བྲེལ་བྲེལ་ཚབ་ཚབ་ཀྱིས་སྒོ་ཁར་བུད་ནས་ན་སྐད་ཆེན་པོས་ཕྲུ་གུ་གཉིས་ཀྱིས་མིང་ནས་བོས།
་་ དཀར་ལི། ཕྱུག་ཕྲུག ད་ཁྱིམ་ནང་ལ་ཤོག ་་
ཨ་མས་འབོད་ཀྱིན་ཡོད་པ་ཐོས་ཚེ། དཀར་ལིས་ནུ་བོ་པང་སྟེ་གྱང་ཐོག་ནས་མར་བབས། ཁོ་གཉིས་གྱང་ཁ་འདི་ནས་རྟ་ཞོན་པའི་རྩེད་མོ་རྩེ་རྒྱུར་ཧ་ཅང་དགའ། དཀར་ལིའི་དྲན་པའི་ཁྲོད་ན། སྔོན་ཆད་ཁོང་ཚང་ལ་རྒོད་མ་ཁམ་ཁམ་ཞིག་ཡོད་པ་གསལ་གྱིན་འདུག ལམ་ཐག་རིང་པོར་འགྲོ་སྐབས། ཨ་མ་དང་ཁོང་གཉིས་ཀྱིས་རྒོད་མ་དེ་བཞོན་སྲིད་པ་རེད། ཨ་ཕའི་ཞོན་རྟ་དེ་ནམ་ཡང་མགྱོགས་པོ་ཡོད་པས། ཁོ་རང་སྔོན་མ་སྔོན་མ་ཞིག་ཏུ་སླེབས་པ་ན། དེ་རུ་ལངས་ཏེ་མ་བུ་གཉིས་ཡུན་རིང་ཞིག་ལ་སྒུག་དགོས་པ་རེད། དེ་ཚེ་དཀར་ལིས་རྒོད་མ་དེ་ལ་ཁོང་ཁྲོ་བྱས་ཏེ་ཨ་མས་མི་རིག་ས་ནས་རྡོག་ཐོས་རྒྱག་པ་ཡིན། འོན་ཀྱང་དུད་འགྲོ་ལས་མེད་དེ་ནི་གང་ལྟར་སྐུལ་ཀྱང་མགྱོགས་རྒྱུ་ཞིག་མེད། ཡང་། ཕྱུག་ཕྲུག་གིས་རྟ་ངོ་མ་ཞིག་བཞོན་མ་མྱོང་། དོན་དངོས་སུ་ཕྱུག་ཕྲུག་གིས་ན་ནིང་ད་གཟོད་རྟ་ཟེར་བ་མིག་གིས་མཐོང་བ་ཡིན། ན་ནིང་ཨ་ཕས་ཕྱུག་ཕྲུག་ཁྲིད་ནས་གོ་བསང་ལ་སོང་བ་རེད། དེ་ན་རྟ་ཕོ་སྟོང་གྲངས་ཞིག་འདུས་ཏེ་ཡོད་ལ། མདོག་ལ་དཀར་དཀར། ནག་ནག ཁམ་ཁམ། སྐྱ་སྐྱ་དང་ཁྲ་ཁྲ་སོགས་ཡོད་ལ། གཞོན་རྟ་རྣམས་ལ་རྟ་སྒ་གཏད་ཅིང་རྟ་གྲུམ་གྱིས་རྒྱན་པར་བྱས། གོམ་རྟ་རྣམས་ལ་དྲིལ་བུ་དང་ཕྲག་དར་གྱིས་མཛེས་པར་སྤྲས། རྒྱུགས་རྟ་དག་གི་ཟེ་བ་དང་རྔ་མ་དར་གྱིས་སླེས་ཤིང་སྐེ་ལ་གོས་ཆེན་གྱིས་སྤྲས་ཏེ་ཡོད། སྐབས་དེར་ཨ་ཕས་ཨ་ཞང་ཚང་གི་གོམ་རྟ་རྣ་ཆད་ཟེར་བ་ཞིག་ཁྲིད་ནས་ཕྱུག་ཕྲུག་ཁོང་གཉིས་ཀྱིས་བསང་མགོར་བཞོན་རྩིས་བྱས། འོན་ཀྱང་ཕྱུག་ཕྲུག་གིས་སྲོག་ཆགས་གཟུགས་ཆེ་བ་འདི་མཐོང་མ་ཉིད་སྐྲག་སྟེ་ཨ་མྱེས་རྒྱབ་ལོག་སུ་སྐུང་ནས་ཅིས་ཀྱང་ཞོན་ཐབས་མ་ལོན། ཨ་ཕས་དེ་ན་ཁྱོད་ད་དུང་ཕོ་སར་རེད་མི་འདུག་ཟེར་ནས་རང་གཅིག་པུས་རྟ་དེ་ཞོན་ནས་རྟ་པ་གཞན་དང་མཉམ་ཏུ་འགྲོགས་སོང་། ཕྱིར་ཁྱིམ་ནང་ཏུ་ལོག་རྗེས། ཨ་ཕས་སྐད་ཆ་དེ་ཨ་མ་དང་ཨ་ཅེ་ལ་བཤད་པ་ན། ཁོང་གཉིས་རྒྱུ་མ་གཟེར་བའི་བར་ཏུ་བགད་རྒྱུ་བྱུང་། ཕྱིར་ཉིན་ནས་བཟུང་། ཨ་ཅེ་དཀར་ལིས་ནུ་བོ་ཁྲིད་ནས་གྱང་ཁ་འདི་ནས་ཁོ་ལ་ཞོན་རྩལ་བསླབ་པ་ཡིན།
་་ ཨ་མ། ངེད་གཉིས་ཀྱིས་གྱང་ཁ་ནས་རྟ་ཞོན་རྒྱུ་རྩེས་པ་ཡིན། ་་ སྒོ་འགྲམ་ལ་སླེབས་མ་ཐག་དཀར་ལིས་ཁ་ནས་དགའ་སྤྲོ་དེ་ཨ་མ་ལ་བཤད། འོན་ཀྱང་ཨ་མའི་ངོ་ལ་གཟབ་ནན་གྱི་རྣམ་འགྱུར་ཞིག་དོད་དེ་ཡོད་པས་ན། མོས་མུ་མཐུད་དུ་བཤད་རྒྱུར།
་་ མུན་འཁྲིགས་བཞིན་ཡོད་པ་མ་མཐོང་ངམ། ཞི་ལིའི་མིག་ཕུད་བཞག་ན་ཁྱོད་ལ་ཚབ་རྒྱུ་ཨེ་ཡོད། ་་ ཁ་ཉེས་དེ་འཕང་མ་ཐག་གཡང་མོའི་སེམས་ལ་འགྱོད་པ་ཞིག་ངང་གིས་སྐྱེས་བྱུང་བས། མོས་སླར་ཡང་སྐད་ཆ་འཇམ་པོའི་ངང་ནས་སྨྲས་པར།
་་ ནུ་བོ་ཁྱོད་གཉིས་དོ་ནུབ་ཨ་ཁུ་ཟླ་བ་ཚང་ནས་ཉལ་ཤོག་ག ཨ་མ་རྫོང་ཐོག་ལ་སོང་ནས་ཨ་ཕ་བསུ་དགོས། སང་ཉིན་མ་གཏོགས་ཕྱིར་སླེབས་ཀི་མ་རེད། ་་ གཡང་མོས་ཕྲུ་གུ་གཉིས་ཀྱི་སྐྲ་ལོ་ལ་བྱིལ་བྱིལ་བྱས་ནས་དེ་ལྟར་བཤད་ཚེ། ཕྱུག་ཕྲུག་གི་སྣ་ཁུང་ནས་སྣབས་ཤིག་དྲུད་ཀྱང་ཁ་ནང་ལ་ཐོན་ཙམ་བྱས་འདུག མོས་མཐོང་མ་ཉིད་སྣབས་རོ་དེ་མཛུབ་བར་ནས་ཕྱིས་ཀྱང་པང་ཁེབས་ཀྱི་སྟེང་དུ་བགོས།
་་ ཨ་ཕ་ཁོ་རང་ཁྱིམ་ལ་ལོག་མི་ཐུབ་པ་ཅི་ཡིན་ནམ། ་་ དཀར་ལིས་དེ་ལྟར་དོགས་དྲི་བྱས་ཚེ།
་་ ཨ་ཕའི་འཕྲུལ་རྟ་སྙད་སོང་བ་རེད། མུན་ཀྱང་རུབ་བཞིན་ཡོད་པས་ཨ་མ་དེ་རུ་རོགས་བྱེད་དུ་འགྲོ་དགོས། འོན་ཀྱང་མུན་རུབ་སོང་བས་ཕྱིར་ཐོན་རྒྱུ་མ་རེད། ཁྱེད་གཉིས་ཨ་ཁུ་ཟླ་བ་ཚང་ནས་ནུབ་གཅིག་ལ་གཉིད་དང་སང་ཉིན་ཨ་ཕ་ངེད་གཉིས་ཁྱིམ་ལ་ལོག་ཡོང་། ་་ མོས་དེ་ལྟར་ལན་བཏབ།
དེ་ནས་གཡང་མོས་ཕྲུ་གུ་གཉིས་ཁྲིད་ནས་རུ་རོགས་གཡས་ཕྱོགས་དེ་ཚང་ལ་གཏད་ནས་སོང་། དེ་ཚང་གི་ཁང་པ་ཡང་ས་ཁང་ཞིག་རེད། འོན་ཀྱང་བེའུ་ལོ་ཚང་གི་ཁང་པ་ལས་ཅུང་ཆེ་བ་འདུག རབ་གསལ་ཀྱང་ཤིན་ཏུ་ཆེ་བ་ཡིན་པས། ཁྱིམ་གྱི་གློག་འོད་སེར་པོ་དེ་ཕྱི་རུ་འཕྲོས་ནས་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་མཐོང་མཁན་དག་ལ་བསྟེར་ནུས་པ་རེད། རུ་རོགས་ཀྱི་རྒན་མོ་དེ་སྒོ་ཕྱི་རུ་བུད་ནས་ཁོ་ཚོར་བསུ་བ་བྱེད་ཚེ། གཡང་མོས་གོམ་པ་མྱུར་ཏུ་སྤོས་ནས་མོ་ལ་བཅར་ནས་ལྐོག་གཏམ་འགའ་བྱས། དེ་ནས་མོས་ཁ་ཕྱིར་འཁོར་ནས་ཕྲུ་གུ་གཉིས་ལ་ལྟ་ཞོར་ཏུ།
་་ དོ་དགུང་ཁྱོད་ཀྱིས་ཕྲུ་གུ་དག་ལ་རྩེད་མོ་རྩེ་རུ་བཅུག་ཤོག་ཨང་། ་་ ཅེས་སྐད་ཆེན་པོས་ལབ།
རུ་རོགས་རྒན་མོ་དེས་ཀྱང་སྐད་མགོ་བཀྱགས་ནས།
་་ ཡ་ཡ། ངེད་ཚང་གི་ཕུན་ཚོགས་ཀྱིས་ལས་བྱ་འབྲི་ཤེས་ཀྱིན་མི་འདུག དཀར་ལི་ཁོས་དགེ་རྒན་བྱས་ན་ཡག་ནི་ཞིག་རེད། ་་ དཀར་ལིས་དགེ་རྒན་འཁྲབ་ཆོག་པའི་གཏམ་དེ་ཐོས་མ་ཐག ཕྱུག་ཕྲུག་གི་ལག་མགོའི་བཟུང་ནས་ཁང་ཁྱིམ་དུ་འཛུལ་སོང་།
་་ ད་ཐེངས་ཡང་ཁྱོད་ལ་དཀའ་ལས་གཏད་སོང་། ་་
་་ དེ་འདྲ་བཤད་དགོས་ཡ་མི་འདུག ཁྱོད་ཚང་གི་གཅེས་ཕྲུག་གཉིས་ཀ་པྲ་ཚགས་མིན་པས་དཀའ་ལས་གང་ཡང་ཡོད་མ་རེད། ཁྱོད་སེམས་བདེ་བདེ་གྱིས་ནས་སོང་། ཁོམ་དུས་ང་ལ་ཁ་པར་ཞིག་གཏོང་ཤོག ཕྲུ་གུ་གཉིས་ལ་སེམས་ནད་ཅི་ཡང་མི་དགོས། ་་
གཡང་མོས་དེ་ལྟར་ཕྲུ་གུ་གཉིས་པོ་བཅོལ་ཚར་རྗེས་རང་ཁྱིམ་ཏུ་ལོག་པ་དང་། ཐོག་མར་མོས་ཤིང་སྒམ་ཞིག་གི་ནང་ནས་ཉལ་ཐུལ་ཞིག་བླངས་པ་དང་། དེ་ནས་ཁ་ཟས་དང་རྩམ་པ་དང་མར་གོར་ཕྱེད་ཀ་བཅད་ནས་ཆུ་ཤོག་ཞིག་ཏུ་བརྫངས། སླར་ཡང་ཚ་དེམ་ཞིག་བླངས་ནས་ནང་ཏུ་ཆུ་ཁོལ་བླུགས་ཀྱང་དེ་དག་ཐམས་ཅད་ཤིང་གི་ཅོག་ཙེ་ཆེན་པོ་ཞིག་གི་ཐོག་ཏུ་སྒྲིག་རྗེས། མོས་ད་གཟོད་མུན་ཡོངས་སུ་རུབ་ཡོད་པ་ཚོར་ཞིང་གློག་སྒྲོན་ཕྱེ་རྒྱུ་ཡང་གཟོད་ནས་དྲན། ཁོ་མོས་རྐུབ་སྟེགས་ཆུང་ཆང་ཞིག་ཡོད་པ་དེ་བཟུང་ནས་ལྕགས་ཐབ་ཀྱི་འགྲམ་ནས་བསྡད་པ་དང་དུས་དུས་སུ་རབ་གསལ་རྒྱུད་ནས་ཕྱི་རོལ་ལ་མིག་རྒྱང་བལྟས། ལྕགས་ཐབ་ཀྱི་མེ་ཤུགས་རྒུད་དུས་མོ་རང་ཡར་ལངས་ནས་ནང་དུ་འབུད་ལྕི་ལྕགས་ཁེམ་གང་རེ་བླུགས་པ་དང་། དེ་ལྟར་འགྲོ་འདུག་ལན་འགའ་བྱས་རྗེས། ཕྱི་རོལ་ནས་འཕྲུལ་རྟའི་སྒྲ་ཞིག་གྲགས་བྱུང་ལ་མཉམ་དུ་གློག་འོད་ཞིག་རབ་གསལ་ནས་བརྒྱབ་བྱུང་ངོ་། །
གཡང་མོས་གྲ་སྒྲིག་བྱས་ཟིན་པའི་ཅ་ལག་རྣམས་ཁུར་ནས་ཕྱིར་བུད་པ་ན། ཁྱི་སྡོམ་འགའ་ཞིག་གིས་འཕྲུལ་རྟ་དེ་སྐོར་ནས་ཟུག་བཞིན་ཡོད། འཕྲུལ་རྟའི་ཐོག་གི་གཟུགས་རིང་དེ་ཡིས་ལག་པ་གཅིག་གིས་རྭ་ཅོ་བཟུང་ཞིང་ལག་པ་གཞན་དེས་ཁ་པར་གནམ་ལ་བཅགས་ནས་འོད་ཀྱིས་ཁྱི་སྡོམ་དག་སྐྲོད་ཐབས་འབད་ཀྱིན་འདུག ཁྱི་སྡོམ་འདི་དག་གིས་ནམ་རྒྱུན་ཆ་རྒྱུས་མེད་མཁན་དག་ལ་འདི་ལྟར་སྐོར་ནས་རུབ་པ་ཡིན་མོད། གཞན་ལ་རྨུགས་པའི་སྤོབས་པ་ནི་ཡོད་མ་ཡིན། གཡང་མོས་ཁྱི་སྡོམ་འདི་དག་ལ་ཕར་སོང་ཕར་སོང་ཞེས་ནས་སྐད་ཅོར་བརྒྱབ་པ་ན། ཁྱི་སྡོམ་དེ་དག་དཔའ་ཞུམ་པ་ལྟར་མུན་ནག་གི་ནང་ཏུ་འདྲེ་ལྟར་མི་མཐོང་བར་གྱུར་རོ། །
་་ ཁྱོད་ལ་སྐྲག་སློང་སོང་ངམ། ་་ གཡང་མོ་འགྲམ་ཏུ་ཐོན་ནས་དེ་ལྟར་ལབ་པ་དང་། དེ་སྔོན་ཁ་པར་ནང་ནས་སྐད་ངོས་མ་ཟིན་པས། མོས་མི་འདི་སུ་ཡིན་ཞིབ་ཀྱིས་བལྟས།
་་ མ་ཐལ། མ་ཐལ། ་་ མི་དེས་ཁ་ཡོལ་ཞིག་གྱོན་འདུག་མོད། ཁོང་གིས་ཁ་པར་རུམ་ལ་བཅུག་ཚེ་གློད་འོད་ཞིག་ངོ་གདོང་ལ་འཕྲོས་ཙམ་བྱས་པ་དང་། དེ་ནས་གཡང་མོས་མི་འདི་རང་གི་ཚ་བོ་ཡིན་པ་ངོས་བཟུང་།
་་ ཨ་ནེའི་ལོ་ལོ། ཁྱོད་ཡིན་པ་གཟོད་ཀྱིས་ཤེས་སོང་། ཨ་ཁུ་ད་ལྟ་གང་འདྲ་རེད་འདུག ་་
་་ ང་རང་སྨན་ཁང་ནང་ཐོན་དུས། སྨན་པས་རྨ་ཐབས་བཟོ་བཞིན་ཡོད་པས་ང་རང་ཨ་ཁུའི་ངོ་ལ་ཐུག་མ་སོང་། འོན་ཀྱང་ཁོ་རང་རྨས་མཁན་གྱི་མི་དེ་ལ་ཐུག་སོང་། ལས་བྱེད་ཞིག་ཡིན་ས་རེད། ཁོང་གིས་རྨས་སྐྱོན་ཆེན་པོ་བྱས་མི་འདུག་ལབ་སོང་། དེ་ནས་ང་ཨ་ཕས་མངགས་ནས་ཁྱོད་བསུ་སར་ཡོང་བ་ཡིན། ་་
་་ གཡང་མོས་སྐད་ཆ་དེ་དག་ཐོས་འཕྲལ། སེམས་ཀྱི་ཀ་བ་དེ་ཡང་རྡིབ་པ་ལྟར་གྱུར་སོང་། འོན་ཀྱང་ད་ལྟ་ནི་ངུ་བའི་དུས་ཚོད་མ་ཡིན་བསམ་ནས་རང་ལ་སེམས་ཤུགས་བརྒྱབ་པ་དང་། ལག་གི་ཅ་ལག་དག་འཕྲུལ་རྟའི་འཕོངས་ལ་བཏགས་ནས་མོ་རང་ཡང་སྟེང་ཏུ་འགོས། འཕྲུལ་རྟ་མངགས་ནས་ལམ་ལ་ཆས་ཚེ་ཁྱི་སྡོམ་དེ་དག་སླར་ཡང་འདུས་ཏེ་གཞུག་ནས་བདའ་བཞིན་ཟུག་གོ །
གཡང་མོ་དང་ཚ་བོ་གཉིས་ཀ་ནད་པའི་སྡོད་ཤག་ལ་སླེབས་ནས་ཡུན་ཙམ་སོང་བ་ན། ཚ་བོས་སྒོ་བྱང་ཞིག་ལ་མཛུབ་མོས་བཙུགས་སྟེ་འདི་ཡིན་ནམ་ཞེས་ཐེ་ཚོམ་གྱི་སྒོ་ནས་བཤད། གཡང་མོས་དེ་ཐོས་མ་ཐག་ནང་ཏུ་འཛུལ་བཞག
ནད་ཤག་དེ་ལ་ཉལ་ཁྲི་གསུམ་འདུག བེའུ་ལོ་རབ་གསལ་དང་ཉེ་བའི་ཕྱོགས་དེ་ལ་ཉལ་ནས་འདུག དེ་མིན་གཉིས་ཀ་སྟོང་པར་ལུས་ཡོད། ཁོང་གི་ཀླད་མཚམས་ནས་རུས་དཀར་པོ་ཞིག་གིས་རྨ་དཀྲིས་བརྒྱབ་ཡོད་པ་དང་། ཁྲག་དམར་པོའི་ཐིགས་གོར་ཞིག་རིས་ཀྱི་གསེབ་ནས་གསལ་བོར་མཐོང་ཐུབ། ཁོས་ཁ་གདང་ནས་གཉིད་འདུག་ལ། ཁྲག་གིས་གང་བའི་ཁ་ངོ་དེ་ཀོ་གྱོང་ལྟར་ནག་ལ་གསོན་ཤུགས་ཉམས་པོར་གྱུར་ཡོད། མལ་ཁྲིའི་འགྲམ་གྱི་བརྙན་འཕྲིན་ཆུང་ཆུང་ཞིག་གི་ པི་་་ པི་་་ ཅེས་སྒྲ་སྒྲོགས་བཞིན་ངོས་ལ་ཨང་ཀི་དང་ཐིག་སྐུད་ཀྱི་རླབས་རིས་ཞིག་འཐེན་བཞིན་འདུག བརྙན་འཕྲིན་དེ་ཡི་གློག་སྐུད་མང་པོ་བེའུ་ལོའི་ལུས་སྟེང་ཏུ་དྲངས་ཏེ་ཡོད། ཁོའི་ལག་གཡོན་པ་དེ་འགྲམ་གྱི་རྒད་པོ་ཞིག་གིས་བཟུང་ནས་འདུག་པ་དང་། འགྱིག་གི་རྐུབ་སྟེགས་ཐོག་ཏུ་བསྡད་པའི་རྒད་པོ་དེ་ལ་ལྕང་ལོ་ལུག་རྒྱུ་ལྟར་རིང་བ་ཞིག་ཡོད་དེ་སྣེ་མོ་རྡོག་གདན་ལ་ཐུག་ཙམ་བྱས་ནས་དྲུད་འདུག གཡང་མོས་ལྕང་ལོ་ཅན་དེ་རང་གི་ཨ་ཕ་ཡིན་པ་ཤེས་ཡོད་པས། ལག་གི་ཅ་ལག་ཡོད་ཚད་སྒོ་འགྲམ་གྱི་ཉལ་ཁྲིའི་སྟེང་ཏུ་བཞག་ནས་མདུན་དུ་སྐྱོད་བཞིན།
་་ ཨ་ཕ། བེའུ་ལོ་དྲག་གི་འདུག་གམ ་་ ཅེས་དྲིས། ཨ་ཕས་སྐད་ཆ་དེ་ཐོས་མ་ཐག་ཁ་ཕྱིར་འཁོར་བ་དང་། ནན་ཏན་གྱིས་ལྟ་ཞིབ་ཞིག་བྱས་ནས་བེའུ་ལོའི་ལག་པ་དེ་མལ་ཐུལ་གྱི་ནང་དུ་སྦས། སླར་ཡང་མགོ་བོ་ཕྱིར་འཁོར་བ་ན། མགོ་བོ་གཡུགས་གཡུགས་བྱེད་བཞིན་ཡར་ལངས་ཏེ།
་་ ཨོ། ཨ་ཕའི་གཅེས་ལོ་འདྲ་བོ་ཐོན་བཞག་ནས། བེའུ་ལོ་སྐྱོན་མི་འདུག ད་སྐྱོན་མི་འདུག ་་ ཅེས་བཤད།
དེའི་ཚེ་ལ། གཡང་མོའི་མཆི་མ་དེ་ཅིས་ཀྱང་གཟོད་རྒྱུ་མ་བྱུང་བར་ལུག་སྤྱང་ཀིས་བདའ་བ་བཞིན་ཐ་ར་ར་བྱས་ནས་ཐོར་སོང་། འོན་ཀྱང་མོས་ཁ་གདང་ནས་ངུ་གྲབས་བྱེད་སྐབས་ངུ་སྐད་ནི་ཐོན་རྒྱུ་མ་བྱུང་ཏེ། ཨ་ཕས་མོ་རང་གི་མཆི་མ་ཕྱི་ཙམ་བྱས་ནས་ངོ་ལ་བྱིལ་བྱིལ་བྱས་པ་དང་།
་་ ད་ངུ་དགོས་པ་མ་རེད། བེའུ་ལོ་སྐྱོན་མེད་ཀི ན་ཚ་ཆེན་པོ་གང་ཡང་བཟོས་མི་འདུག ་་ ཅེས་སེམས་གསོ་བྱས།
གཡང་མོས་དབུགས་རིང་ཞིག་རྔུབ་པ་དང་བསྟུན་ངུ་སྐད་ཡང་ཧལ་གྱིས་ཐོན་བྱུང་། ཕལ་ཆེར་ངུ་སྐད་དེས་ཉལ་ཁྲིའི་སྟེང་གི་བེའུ་ལོ་གཉིད་ལས་དཀྲོག་པ་འདྲ་སྟེ། ཁོང་གིས་མིག་ཕྱེས་ནས་གཡང་མོ་མཐོང་ཚེ་གདོང་ལ་དགའ་སྤྲོ་ཞིག་འཁྱུག་ཙམ་བྱས་པ་དང་། གཡང་མོ་ངུ་བཞིན་ཡོད་པ་མཐོང་ཚེ་འཛུམ་དེ་ཤུལ་མེད་དུ་ཡལ། ཁོས་སླར་ཡང་ངོ་ལ་བག་ལྷོད་ཀྱི་འཛུམ་མདངས་ཞིག་བསྟན་རྒྱུ་བྱུང་པ་དང་།
་་ མ་ངུ་ཡ། གཡང་མོ་མ་ངུ་། ཨ་ཕའི་སེམས་བསད་ནས་ཅི་བྱེད། ང་ལ་སྐྱོན་གང་ཡང་མི་འདུག ་་་ ་་་ ་་ ཁོས་དེ་ལྟར་དབུགས་ཐོག་གཅིག་གིས་སྐད་ཆ་རིང་པོ་ཞིག་ལབ་སོང་བ་ན། ལུ་བའང་སློང་སོང་། གཡང་མོ་ཡར་རྒྱུགས་ཁོང་གི་བྲང་ལ་ལ་ལག་པས་བྱུག་བྱུག་བྱས་པ་དང་བསར་ཡང་ཁོང་གི་ངོ་ལ་བལྟས་ནས་མིག་ཆུ་ཐ་ར་ར་ཤོར།
་་ མ་ངུ་། ངུ་དགོས་ཡ་མི་འདུག ལྟོས་དང་། ་་ ཁོས་ལག་པ་གཡས་པས་ཁུ་ཚུར་བཅིང་ནས་བར་སྣང་ནས་གཡུག་ཙམ་བྱས་ཏེ་ཤེད་ཤུགས་ཡོད་པའི་ཚུལ་བསྟན་། ་་ སྨན་པས་ང་ལ་ཉི་མ་གཉིས་གསུམ་ཞིག་ནས་བུད་ཆོག་ཅེས་ལབ་སོང་། ང་ལ་རླངས་འཁོར་གྱིས་རྨས་མཁན་དེ་ཡིས་སྨན་ཡོན་ཐམས་ཅད་སྤྲད་ཡོད་པ་མ་ཟད། ཁྲག་སྟོང་ལ་སྒོར་མོ་ཉིས་སྟོང་སྤྲད་སོང་། འཕྲུལ་རྟ་ཡང་ཁོང་གིས་ཅི་དགོས་ཞིག་གསོ་བྱེད་ཡོང་རྒྱུ་བྱས་ཡོད། དེ་ཡིན་ན་ང་རང་སྨན་ཁང་ནས་བུད་ཚེ་ལོ་སར་ཡང་ཏག་ཏག་ཚེས་རན་འདུག ད་ཁྱོད་མ་ངུ་། ང་རང་ཕྱིར་བུད་ན། བཟའ་ཚང་གང་པོས་ལོ་སར་སྐྱིད་པོ་ཞིག་གསོལ་འཇོག ་་ ཅེས་བཤད་དོ། ། ། །
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།