དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

          རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་བ་བཞི་བྱུང་ཞིང༌། དེ་འཛིན་གྱི་མཁས་པ་དེ་ཚོས་རང་རང་གི་ལུགས་དེ་ཁོ་ན་དབུ་མའི་གྲུབ་མཐའ་དང༌། གཞན་དག་རྟག་ཆད་ཅན་དུ་འདོད། བོད་ཡུལ་གྱི་མཁས་གྲུབ་རྣམ་པས་དེ་བཞི་ཡི་ཁྲོད་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དེ་ཁོ་ན་དབུ་མའི་གྲུབ་མཐའ་ཡིན་རྒྱུར་བྱས་ཏེ། ལུགས་དེ་དང་མི་མཐུན་པའི་གྲུབ་མཐའ་གཞན་གསུམ་གྱི་རྣམ་གཞག་ཡོད་ཚད་ཕྱིན་ཅི་ལོག་འབའ་ཞིག་ཡིན་ཚུལ་དང༌། གྲུབ་མཐའ་འདི་ལ་ནི་དུས་དང་རྣམ་པ་ཀུན་ཏུ་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མི་སྲིད་པ་དང༌། གྲུབ་མཐའ་འདིའི་དགོངས་པ་དྲི་མ་མེད་པ་དེ་ལོན་མཁན་ནི་རང་དང་རང་གི་ཆོས་བརྒྱུད་འདི་གཅིག་པུ་ཡིན་པ་སོགས་སྨྲ་སྲོལ་ཡོད་པ་རེད། དེ་བས་ཁོ་བོས་ཆེད་དུ་བོད་དར་དབུ་མའི་ལྟ་གྲུབ་ཀྱི་གནད་གསང་འགའ་ཞིག་ལ་དཔྱད་པའི་སྤྲོ་བ་བརྟས་ཤིང༌། ལུགས་དེའི་གཞུང་གང་ཡིན་བདེན་པ་གཉིས་ཀྱི་སྒོ་ནས་ཁོག་ཕུབ་ཡོད་པའི་རྒྱུ་མཚན་གྱིས། འདིར་ཡང་ཀུན་རྫོབ་དང་དོན་དམ་གྱི་རྣམ་གཞག་གཉིས་སུ་ཕྱེས་ན་ལེགས་པར་འདོད། དང་པོ་ཀུན་རྫོབ་སྣང་བའི་རྣམ་གཞག་ལ་ཕྲ་རགས་གཉིས་ལས། རགས་པ་སྣོད་བཅུད་ཀྱི་རྣམ་གཞག་ནི་མངོན་པའི་ལུགས་ལས་ལོགས་སུ་མེད་པས་དེར་དཔྱད་པ་གོང་དུ་སོང་ཟིན། ཕྲ་བ་དོན་ཤེས་སྐད་ཅིག་མའི་རྣམ་གཞག་ལ་དཔྱད་པ་ལའང་གཉིས། ངོ་བོའི་ཆ་ནས་དངོས་གཙོ་དང་སེམས་གཙོ་གང་ཡིན་གླེང་བ། ཁྱད་པར་གྱི་ཆ་ནས་དངོས་ཁམས་ཚན་རིག་དང་མཐུན་མིན་གླེང་བའོ། །དང་པོ་ནི། སྤྱིར་དངོས་གཙོ་དང་སེམས་གཙོ་ཞེས་པའི་ཐ་སྙད་འདི་གཉིས་ནུབ་དར་མཚན་ཉིད་རིག་པའི་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་མིང་ཡིན་པར་གྲགས། དེ་ཡང་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ཡར་སྔོན་དུ། ས་དབུས་རྒྱ་མཚོའི་བྱང་འགྲམ་ཡོ་རོབ་ལྷོ་མའི་ཡུལ་གྲུ་རྒེ་རེད་སི་རུ་ཁྲེ་ལེ་སི་ཞེས་པའི་མི་ཞིག་གིས་དངོས་གཙོ་སྨྲ་བའི་སྲོལ་གཏོད། དེ་ནས་ལོ་བརྒྱ་ཕྲག་ཙམ་གྱི་རྗེས་སུ་གནའ་རབས་རྒེ་རེད་སིའི་མི་བོ་ཆེ་གསུམ་གྱི་ཡ་གྱལ་ཕོ་ལ་ཐོ་ཞེས་པས་སེམས་གཙོ་སྨྲ་བའི་སྲོལ་གཏོད། འཛམ་གླིང་ཤར་ཕྱོགས་སུ་གནའ་བོའི་ཤེས་རིག་གི་ཕ་ས་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན། སྐབས་དེར་སངས་རྒྱས་ཆོས་ལུགས་ནི་སྟོན་པ་ཤཱཀྱ་ཐུབ་པས་སྲོལ་གཏོད་མ་ཐག་པ་ཙམ་ཡིན་པས་མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཆགས་ཐུབ་མེད། བྲམ་ཟེའི་ཆོས་ལུགས་དར་ཞིང་རྒྱས་པའི་སྒང་ཡིན་ཡང༌། འཇིག་རྟེན་ལྟ་ཚུལ་ཐད་དུ་དྲང་སྲོང་དག་གིས་མངོན་ཤེས་དང་རྫུ་འཕྲུལ་གྱི་ལམ་ནས་ལྷ་སྒྲུང་གི་རྣམ་པས་འགྲེལ་བཤད་ཡ་མཚན་པ་དག་བརྒྱབ་པ་ཙམ་ལས། དོན་དངོས་ལ་བརྟག་དཔྱད་དང་བསམ་གཞིག་གི་སྲོལ་ད་དུང་ཚུགས་མེད་པ་འདྲ། དེས་ན་རྒེ་རེད་སི་ནི་ནུབ་ལུགས་ཙམ་མ་ཟད་འཛམ་གླིང་གི་མཚན་ཉིད་རིག་པ་སྤྱིའི་འབྱུང་ཁུངས་སུ་བཤད་ཆོག་པར་སྙམ། དངོས་གཙོ་ལ་དབྱེ་ན། གནའ་རབས་བབ་ཆགས་དངོས་གཙོ་སྨྲ་བ། ཉེ་རབས་འགྱུར་མེད་དངོས་གཙོ་སྨྲ་བ། དེང་རབས་རྩོད་སྒྲུབ་དངོས་གཙོ་སྨྲ་བ་གསུམ། སེམས་གཙོ་ལ་ཕྱི་ཡུལ་སེམས་གཙོ་སྨྲ་བ་དང༌། རང་སྣང་སེམས་གཙོ་སྨྲ་བ། འཇིག་རྟེན་གསར་གཏོད་སྨྲ་བ་གསུམ་ཡོད། ད་དུང་དངོས་གཙོ་དང་སེམས་གཙོ་གང་ལ་ཡང་མི་གཏོགས་པའི་རྒྱུ་གཉིས་སྨྲ་བ་ཞེས་པའི་གྲུབ་མཐའ་ཞིག་ཀྱང་སྔར་ནས་དར་ཡོད་པར་འདུག་མོད་དེའི་སྲོལ་འབྱེད་པ་འདི་ཡིན་ཞེས་བཤད་པ་མ་མཐོང༌། ཕྱིས་ཀྱི་མར་ཁེ་སིའི་རིང་ལུགས་པ་ཚོས། མཚན་ཉིད་པ་ལ་དངོས་གཙོ་དང་སེམས་གཙོ་གཉིས་ལས་ཕུང་གསུམ་མི་སྲིད་ཅིང༌། རྒྱུ་གཉིས་སྨྲ་བ་ཡང་སེམས་གཙོ་པའི་ཁུངས་སུ་གཏོགས་པ་ཡིན་ཟེར་ཡང༌། རྒྱུ་མཚན་བཤད་རྒྱུ་མི་འདུག་པས་ཡིད་ཆེས་བྱ་དཀའ་བ་ཞིག་རེད། ཡང་མར་ཁེ་སིའི་རིང་ལུགས་པ་ཚོས། ཡེ་ཤུའི་ཆོས་ལུགས་སོགས་འཇིག་རྟེན་གསར་གཏོད་སྨྲ་བ་འདི་དངོས་གཙོ་མིན་པའི་ཆ་ནས་སེམས་གཙོ་པར་བཞག་པ་ཙམ་ལས། དོན་དུ་ལྷ་སྒྲུང་གི་རྣམ་པ་ཤས་ཆེ་བས་སེམས་གཙོ་ལས་ཀྱང་ལྟ་བ་དམན་པ་ཡིན་ཟེར། སེམས་གཙོ་ལས་ཀྱང་དམན་པ་ཡིན་ན་སེམས་གཙོ་པར་འཇོག་དགོས་དོན་མེད་མོད། བརྟགས་ཤིང་དཔྱད་ན་སེམས་གཙོ་སྨྲ་བའི་ཁྱད་ཆོས་ཚང་འདུག་སྟེ། དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོ་དང༌། ཁོང་གི་མངོན་འདོད་ནི་དངོས་པོ་ཀུན་གྱི་འབྱུང་ཁུངས་སུ་སྨྲ་བའི་ཕྱིར་རོ། །དངོས་གཙོ་དང༌། སེམས་གཙོ། རྒྱུ་གཉིས་སྨྲ་བ་གསུམ་གྱི་གོ་དོན་ནི། སེམས་སམ་འདུ་ཤེས་འདི་མ་གཞི་ནས་ཡོད་པ་ཞིག་མིན་པར་ཐོག་མར་དངོས་པོའི་འཇིག་རྟེན་ཏེ་རང་བྱུང་ཁམས་ཆེན་པོའི་ཉེར་ལེན་ལ་བརྟེན་ནས་ད་གཟོད་གསར་དུ་གྲུབ་པ་དང༌། བར་དུ་རང་རྐྱ་ཐུབ་ངེས་མིན་པར་དངོས་པོའི་འཇིག་རྟེན་ལ་བརྟེན་ནས་གནས་དགོས་པ་དང༌། མཐར་རྒྱུན་ཆགས་སུ་བསྲིང་མི་ཐུབ་པར་རྟེན་དངོས་པོའི་ནུས་ཚད་རྫོགས་ཚེ་ཡལ་འགྲོ་བ་བཅས་ཁྱད་ཆོས་དེ་གསུམ་ཚང་བ་ནི་དངོས་གཙོ་སྨྲ་བ་དང༌། དེ་གསུམ་ལྡོག་སྟེ་སྨྲ་བ་ནི་སེམས་གཙོ་སྨྲ་བ། དངོས་སེམས་གཉིས་ལ་ངོ་བོའི་སྟེང་ནས་ཐོག་མཐའ་བར་གསུམ་དུ་འབྲེལ་མེད་སྲད་བུ་དཀར་ནག་ལྟར་ཡོད་པར་འདོད་པ་ནི་རྒྱུ་གཉིས་སྨྲ་བའི་ལུགས་ཡིན། དེ་ལྟར་བྱས་ན་གྲུབ་མཐའ་དེ་གསུམ་པོ་གཞི་རྩའི་ཐོག་ནས་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་གསུམ་ཡིན་པ་དང༌། འཇིག་རྟེན་ལྟ་ཚུལ་གྱི་རིགས་པའི་གཞུང་ལུགས་ལ་དེ་གསུམ་དུ་མ་འདུས་པ་ཞིག་ཡོད་མི་སྲིད་པ་དང༌། དེ་གསུམ་ཕན་ཚུན་དགག་སྒྲུབ་བྱས་ཚེ་གཞུང་ལུགས་ཀྱི་ཐོག་ནས་རྒྱལ་ཕམ་ཐག་ཆོད་ཀྱི་ནུས་པ་ཆེན་པོ་ལྡན་པ་དང༌། མི་ཚེའི་ལྟ་ཚུལ་དང༌། འཚོ་གནས་ཀྱི་དམིགས་འདུན་སོགས་ལག་ལེན་དངོས་ཀྱི་ཁྲོད་དུ་མཛུབ་སྟོན་གྱི་དོན་སྙིང་ཡག་པོ་ཡོད་པ་བཅས་གནད་དོན་གནད་འགག་ཅན་མང་པོ་ཞིག་རྟོགས་ཐུབ། སྐབས་བབ་ཀྱི་བརྗོད་བྱ་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་མཚན་ཉིད་རིག་པའི་མ་ལག་དང༌། འཇིག་རྟེན་ལྟ་ཚུལ་འདི་ཡང་གྲུབ་མཐའ་དེ་གསུམ་གང་རུང་ལས་མ་འདས་པས་གང་ཡིན་དཔྱད་ན། དེང་དུས་ཀྱི་རང་རེའི་མཁས་པའི་ཁྲོད་ནས་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དང༌། འབྲི་གུང་གི་མཁས་པ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་ནི། ནང་བསྟན་ཤེས་རིག་འདི་ཡང་དག་པའི་དངོས་གཙོ་རྩོད་སྒྲུབ་སྨྲ་བ་ཡིན་ཏེ། འདི་ནས་གང་གསུངས་དངོས་ཡོད་ཀྱི་གནས་ཚུལ་ལ་ཐོད་ཐུག་འདུག་པའི་ཕྱིར་ཞེས་གསུངས་འདུག་སྟེ། དངོས་གཙོ་རྩོད་སྒྲུབ་སྨྲ་བའི་དོན་གཞི་ནས་མ་དགོངས་པར་ཟད་ལ། གང་གསུངས་དངོས་ཡོད་དང་ཐོད་ཐུག་མིན་ནི་དཔྱད་ཅིང་རིམ་བཞིན་དཔྱད་པར་འགྱུར་རོ། །དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམ་བློས། སངས་རྒྱས་པའི་གྲུབ་མཐའ་བཞིའི་ནང་ནས་སེམས་ཙམ་པ་དེ་སེམས་གཙོ་སྨྲ་བ་དང༌། གཞན་གསུམ་པོ་དངོས་གཙོ་སྨྲ་བ་ཡིན་ཞེས་བཤད་ཡོད། ཀླུ་ཚང་ཤེས་རབ་བསྟན་དར་སོགས་སྨྲ་བ་ལ་རབ་ཏུ་དགའ་ཡང་སྨྲ་རྒྱུས་ཤིན་ཏུ་ཕོངས་པའི་བྱིས་པ་ལས་ངན་སྐོར་ཞིག་ཀྱང་དོར་ཞི་ཚང་གི་རྐུབ་ཏུ་འུར་འདྲོག་བྱེད་ཀྱིན་འདུག །གྲུབ་མཐའ་གཞན་གསུམ་དངོས་གཙོ་སྨྲ་བ་ཡིན་ཟེར་བ་འདི་ལ་བློ་རྩེ་གཏད་ས་སྒོ་ལྔའི་དབང་ཤེས་ཕྱི་རོལ་ཡུལ་གྱི་དམིགས་རྐྱེན་ལ་བརྟེན་ནས་སྐྱེ་བ་འདི་གཅིག་པུ་ལས་གཞན་ཅི་ཡང་མི་འདུག་སྟེ། ཁྱེད་དཔོན་སློབ་ལྷན་རྒྱས་ཁོ་ན་མ་གཏོགས་དངོས་གཙོ་སྨྲ་བའི་དོན་དེ་ཙམ་ལ་འདོད་པའི་མཚན་ཉིད་རིག་པའི་སློབ་དཔོན་ཞིག་འཛམ་གླིང་ཤར་ནུབ་གང་དུའང་མཇལ་རྒྱུ་མེད། དངོས་གཙོ་དང་སེམས་གཙོ་ཞེས་པའི་སེམས་དེ་འདུ་ཤེས་སམ་གཙོ་བོའི་ཡིད་རྣམ་ལ་ངོས་འཛིན་དགོས་པ་ལས་དབང་ཤེས་ཙམ་མིན་ལ། ཨང་དང་པོ་དང་གཉིས་པའི་གོ་དོན་ཡང་གང་ཞིག་གང་གི་ཉེར་ལེན་བྱེད་མིན་གྱི་ངོ་བོའི་ཐོག་ནས་འཇོག་དགོས་པ་ལས། དམིགས་རྐྱེན་དང་གཟུང་དོན་ལྟ་བུ་ཉི་ཚེ་བའི་རྒྱུ་འབྲས་ཙམ་གྱི་ཐོག་ཏུ་ག་ལ་ཡོད། དུས་ད་ལྟའི་བར་དུ་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་དངོས་གཙོ་སྨྲ་བའི་གྲུབ་མཐའ་ཞིག་གང་དུའང་ཡོད་པར་མ་ཐོས་མོད། ཁྱེད་རྣམ་པས་རང་རྐྱ་ཐུབ་པའི་སེམས་ཉིད་ཐོག་མཐའ་མེད་པར་ཁས་འཆེས་པའི་དངོས་གཙོ་སྨྲ་བའི་གྲུབ་མཐའ་མང་པོ་དེ་འདྲ་ཞིག་རྙེད་པ་ངོ་མཚར་ཆེའོ། །ལྷོ་ནུབ་མི་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་འབུམ་སྐྱབས་ལགས་ཀྱིས་ཀྱང༌། རྩོད་སྒྲུབ་མཚན་ཉིད་རིག་པའི་དཔེ་དེབ་ཅིག་ཏུ། སངས་རྒྱས་པའི་གྲུབ་མཐའ་བཞིའི་ནང་ནས་མདོ་སྡེ་པ་དེ་ལྷད་མེད་པའི་དངོས་གཙོ་སྨྲ་བ་རེད། ཅེས་བྲིས་འདུག་མོད་རང་གི་སློབ་དཔོན་གྱི་ངན་ཤན་ཐེབས་པ་ཙམ་དུ་ཟད། སེམས་ཙམ་པ་སེམས་གཙོ་སྨྲ་བ་ཡིན་ཟེར་བ་འདིའང་ཁྱེད་ཅག་ལ་གཏན་ནས་མི་རུང་སྟེ། སྤྱིར་སེམས་ཙམ་པའི་གྲུབ་མཐའ་དེ་ལ་རྣམ་བདེན་རྫུན་གཉིས་དང༌། རྣམ་བདེན་པ་ལ་གཟུང་འཛིན་གྲངས་མཉམ་པ་དང༌། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་གསུམ། རྣམ་རྫུན་པ་ལ་དྲི་བཅས་དྲི་མེད་གཉིས་བཅས་ཀྱི་དབྱེ་བ་ཡོད་མོད་རེ་ཞིག་བཞག་སྟེ། སེམས་ཙམ་ཞེས་པའི་ཙམ་སྒྲ་དེའི་རྩ་བའི་གོ་དོན་རང་ལ་བསམ་ན་ཡང་བོད་འདིར་འགྲེལ་བཤད་རྒྱག་སྟངས་རྦད་དེ་མི་འདྲ་བ་གསུམ་ཡོད། གཙང་ཆོས་འཁོར་སྒང་པ་ཤེར་རིན་པས། སྔོ་སེར་སོགས་ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་ནང་གི་སེམས་ཉིད་དངོས་ཡིན་པར་འདོད་ལ། དྭགས་རྙིང་གི་མཁས་པ་ཕལ་མོ་ཆེས་འདོད་ཚུལ་དེ་ཉིད་འཐད་པར་རྩི། རྟ་ནག་གི་མཁས་པ་གོ་རམས་པས། སེམས་ཉིད་གཅིག་པུ་མ་གཏོགས་སྔོ་སེར་སོགས་དོན་སྣང་མ་ལུས་པ་དཔྱད་ན་གཏན་མེད་དུ་འདོད་ལ། ས་ལུགས་འཛིན་པ་ཕལ་མོ་ཆེ་དེའི་རྗེས་སུ་འབྲང་བར་བྱེད། རྗེ་ཡབ་སྲས་ཀྱིས་གཙོས་པའི་དགེ་ཕྱོགས་ཀུན་ཞལ་གཅིག་གྲག་གིས། གཟུགས་སེམས་གཉིས་པོ་ངོ་བོ་གཅིག་ལ་རང་ལྡོག་ཐ་དད་པའི་དོན་དུ་སྨྲ། དེ་ལྟར་གསུམ་ལས་ཁྱེད་ཅག་དགེ་ལྡན་པའི་གྲུབ་མཐའ་སྐྱོང་དགོས་པས། གཟུགས་སེམས་གཉིས་ཀྱི་བར་ན་གཙོ་ཕལ་དང་ཨང་རིམ་ཅི་ཞིག་བརྩི་རྒྱུ་འདུག་བསམ་བློ་ཐོངས་ཤིག །སེམས་ཙམ་ཞེས་པའི་ཚིག་ཙམ་ལ་རེ་ནས་སྡོད་དགོས་པ་ཁྱེད་ཅག་མཁས་པའི་གྲལ་དུ་འཚང་ཀ་རྒྱག་པ་འདི་ནི་མ་ལེགས་པ་ཞིག་གོ
ཁམས་བླ་རུང་ཆོས་གྲྭའི་མཁན་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་ཞལ་ནས། སངས་རྒྱས་པའི་གྲུབ་མཐའ་བཞི་པོ་གང་ཡང་ནུབ་དར་མཚན་ཉིད་རིག་པའི་ལུགས་གསུམ་པོ་གང་གི་ཁོངས་སུ་ཡང་མི་གཏོགས་གསུངས། རྒྱུ་མཚན་རེ་རེ་བཞིན་དུ་བགྲང་སྐབས། དངོས་གཙོ་སྨྲ་བའི་ཁོངས་སུ་གཏོགས་མིན་གྱི་དོགས་པ་ཙམ་ཡང་སྐྱེ་བའི་གཞི་མེད། ཅེས་གསུངས་འདུག་པ་ནི་ཤིན་ཏུ་བདེན་ལ། སྤྱིར་སེམས་ཙམ་པ་སེམས་གཙོ་སྨྲ་བ་མིན་པའི་སྒྲུབ་བྱེད་དུ། སེམས་ཙམ་པ་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོད་ཅིང༌། ནུབ་ཀྱི་སེམས་གཙོ་པ་ལ་དེ་མེད་པའི་ཕྱིར། ཞེས་བཀོད་གནང་འདུག་པ་འདི་ནི་མ་ངེས་པ་ཞིག་སྟེ། སེམས་གཙོའི་འཇོག་མཚམས་གཞི་ལམ་འབྲས་བུའི་རྣམ་གཞག་ཁས་ལེན་མིན་གྱི་ཕྱོགས་སུ་མེད་པར་གོང་དུ་བཤད་ཟིན་ཏོ། །བྱེ་བྲག་ཏུ་སེམས་ཙམ་རྣམ་བདེན་པ་ཉམས་མྱོང་སེམས་གཙོ་སྨྲ་བ་མིན་པའི་གྲུབ་བྱེད་དུ། ཉམས་མྱོང་སེམས་གཙོ་སྨྲ་བ་རྦེར་ཁེ་ལིས། རིགས་པའི་མཐའ་འཇིག་རྟེན་བྱེད་པོའི་ལྷ་ལ་བཅོལ་འདུག་ཅིང༌། སེམས་ཙམ་རྣམ་བདེན་པས་དེ་འདྲའི་ལྷ་ཁས་མི་ལེན་པའི་ཕྱིར། ཞེས་གསུངས་འདུག་པའང་དོན་མེད་པ་ཞིག་སྟེ། དེ་གཉིས་བར་ལ་བསྒྲུབ་བྱ་སྣང་བ་སེམས་སུ་འདོད་མིན་གྱི་ཁྱད་པར་གསུང་རྒྱུ་མེད་ན་སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་ཡོད་ཚུལ་ཙམ་བཤད་པས་ཅི་ཞིག་ཕན། སྣང་བ་ཐམས་ཅད་སེམས་ཡིན་ན་སེམས་ཅན་མེད་པའི་ས་ཕྱོགས་སུ་སྣང་བ་གཏན་མེད་དུ་འགྱུར་རོ། །ཞེས་གཞན་པས་གནོད་བྱེད་འཕངས་པ་ན། ཚད་རྡུལ་ནུས་རིག་པ་དང༌། ཉམས་མྱོང་སེམས་གཙོ་པ་དག་གིས་ལན་མ་ཐེབས་མོད། སེམས་ཙམ་པས་རིགས་པ་རྣམ་དག་གི་སྒོ་ནས་ལན་བཏབ་ཡོད། ཅེས་གསུངས་པ་དེའང་བདེན་དཀའ་སྟེ། སེམས་ཙམ་པ་ལ་སྣང་བ་སེམས་སུ་སྒྲུབ་བྱེད་ཀྱི་རིགས་པ་རྣམ་དག་ཡོད་ན་གྲུབ་མཐའ་དེ་དབུ་མ་པས་ཇི་ལྟར་ཚར་བཅད་པ་ཡིན་ཐུགས་བསམ་བཞེས་ཤིག །ད་དུང་དབུ་མ་པའི་ལུགས་ལའང་སྣང་བ་སེམས་ཡིན་ཆོག་པའི་གནས་སྐབས་ཡོད། ཅེས་སོགས་ཁུངས་མི་འཁྱོལ་བའི་སྐད་ཆ་མང་པོ་ཞིག་ཁྱེད་ཀྱིས་གསུངས་འདུག་མོད་ཁོ་བོས་རེ་རེ་བཞིན་བཀག་པས་མི་ལོངས་པར་འདུག །གྲུབ་མཐའ་བཞི་ཀ་རྒྱུ་གཉིས་སྨྲ་བ་མིན་པའི་སྒྲུབ་བྱེད་དུ། རྒྱུ་གཉིས་སྨྲ་བའི་སློབ་དཔོན་རེ་ནེ་རྡོ་གར་ཐུས། མི་ལུས་འཕྲུལ་ཆས་དང༌། དུད་འགྲོ་ལ་རྣམ་ཤེས་མེད་པར་འདོད་ཅིང༌། སངས་རྒྱས་པ་སུས་ཀྱང་དེ་ལྟར་འདོད་མི་སྲིད་པའི་ཕྱིར། ཞེས་གསུངས་པ་འདིའང་རྒྱུ་གཉིས་སྨྲ་བའི་འཇོག་མཚམས་ངོས་མ་ཟིན་པའི་སྐྱོན་ཡིན་ལ། རྒྱུ་གཉིས་སྨྲ་བ་ཡིན་ན་རེ་ནེ་རྡོ་གར་ཐུ་ཞེས་པ་དེས་གང་བཤད་ཁས་ལེན་དགོས་པའི་ཤེས་བྱེད་ཀྱང་ཁྱེད་ལ་མེད། གྲུབ་མཐའ་དེ་དང་དེ་དངོས་གཙོ་དང་སེམས་གཙོ་སོགས་གང་ཡིན་དཔྱད་པའི་ཚེ། རྩ་དོན་འཇིག་རྟེན་གྱི་འབྱུང་ཁུངས་སེམས་དང་དངོས་པོ་གང་ཞིག་འདོད་མིན་གྱི་ཆ་ནས་དཔྱད་དགོས་པ་ལས། ནུབ་ཕྱོགས་ཀྱི་དངོས་གཙོ་པ་དང༌། སེམས་གཙོ་སྨྲ་བའི་མཁས་པ་བྱེ་བྲག་པ་འགའ་རེའི་འདོད་ཚུལ་ཆུང་ཚགས་རེ་དང་འགྲིག་མིན་གྱི་སྒོ་ནས་དཔྱད་པ་བརྗོད་པ་ལ་དགོས་ནུས་ཅི་ཡང་མེད། དེ་ལྟར་བྱས་ན་བོད་སྔ་མ་རྣམས་ཀྱིས་འདོད་པའི་སེམས་ཙམ་པ་དེ་སྤྱིར་སེམས་གཙོ་པ་དང༌། བྱེ་བྲག་ཏུ་ཉམས་མྱོང་སེམས་གཙོ་སྨྲ་བའི་ལུགས་སུ་སྣང་སྟེ། རྣམ་པར་ཤེས་པ་ཙམ་ཞིག་རིགས་གཞན་ལ་ལྟོས་མེད་དུ་གྲུབ་པ་དང༌། དོན་དུ་སྣང་བ་ཐམས་ཅད་གང་ཟག་སོ་སོའི་སེམས་ཀྱིས་བསགས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་མ་གཏོགས། སེམས་ལས་ལོགས་སུ་ཚུགས་ཐུབ་ཏུ་མེད་ཅིང༌། སེམས་ཀྱི་བག་ཆགས་ཟད་པ་ན་མ་དགག་རང་ཡལ་དུ་འགྲོ་བར་འདོད་ལ། སེམས་གཙོ་སྨྲ་བར་འཇོག་པ་ལ་དེ་བས་ལྷག་པའི་ཆ་རྐྱེན་ཅི་ཡང་བརྩི་རྒྱུ་མེད། གྲུབ་མཐའ་གཞན་གསུམ་དང་དགེ་ལྡན་པའི་འདོད་ལུགས་ཀྱི་སེམས་ཙམ་པ་དང་བཅས་པ་ནི། བཤད་ཚོད་ཙམ་གྱི་དབང་དུ་བྱས་ན་རྒྱུ་གཉིས་སྨྲ་བའི་ལུགས་ཡིན་ཏེ། བེམ་པོ་ཤེས་པའི་ཉེར་འབྲས་དང༌། ཤེས་པ་བེམ་པོའི་ཉེར་འབྲས་གང་ཡང་མི་འདོད་པར་བེམ་ཤེས་གཉིས་ཀ་ཐོག་མེད་ནས་ད་ལྟའི་བར་དུ་གཤིབ་ནས་འོང་བར་བཤད་པས་སོ། །སོང་ཚོད་ལ་ནི་སྤྱིར་སེམས་གཙོ་སྨྲ་བ་དང༌། ཁྱད་པར་དུ་འཇིག་རྟེན་གསར་གཏོད་སྨྲ་བའི་ཕྱོགས་སུ་སོང་ཡོད་དེ། བེམ་ཤེས་གཉིས་ཀྱི་བར་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་པ་ཞིག་མཐོང་རྒྱུ་ཡོད་ཀྱང༌། རྒྱུ་གཉིས་སྨྲ་བས་ནི་དེའི་སྐོར་ལ་འགྲེལ་བཤད་ཅུང་ཟད་ཀྱང་བྱེད་མ་ཐུབ་པས། ད་གཟོད་ལས་འབྲས་ཀྱི་རྣམ་གཞག་ཁ་གསབ་བརྒྱབ་སྟེ་དེ་གཉིས་ཀྱི་འབྲེལ་བ་ལ་གསལ་བཤད་བྱས་ཡོད། ལས་འབྲས་ཀྱི་རྩ་བ་སེམས་ལ་ཐུག་པའི་དབང་གིས་སེམས་གཙོ་པར་སོང་ཞིང༌། ལས་འབྲས་ཀྱི་འཐད་པ་རྟོག་བཏགས་དང༌། ལྷ་སྒྲུང་ཙམ་ལས་རིགས་པའི་ལམ་ནས་བརྗོད་མ་ཐུབ་པའི་དབང་གིས་འཇིག་རྟེན་གསར་གཏོད་སྨྲ་བར་སོང་བ་རེད། འཇིག་རྟེན་བཀོད་པ་པོ་ཚིག་ཟིན་ལ་ཁས་མ་བླངས་ཀྱང༌། ལས་འབྲས་ཀྱི་ཤུགས་ནས་འཇིག་རྟེན་བཀོད་པ་པོའི་ལམ་དང་ལུགས་སྲོལ་མང་པོ་རང་ཤུགས་སུ་ཐོན་འོང་བ་ཡིན་ཏེ། སྔར་བཤད་ཟིན་པ་ལྟར་སྡིག་པ་གསོག་མཁན་ཚོ་ཤི་ཚར་རྗེས་སུ་ཞིག་གིས་ས་འོག་ཏུ་ཁྲིད་ནས་ཉེས་ཆད་གཅོད་འོང་བ་དང༌། དགེ་བ་སྒྲུབ་མཁན་ཚོ་ནམ་མཁའི་དབྱིངས་སུ་འབད་མེད་ལྷུན་གྲུབ་ཀྱི་འཚོ་བ་རོལ་ཆོག་པ་སོགས་མིང་ལས་འབྲས་སུ་བཏགས་ཀྱང་དོན་བྱེད་པོའི་བཀོད་སྒྲིག་ལས་འགྲོ་ས་མེད་པ་དེ་འདྲ་མང་པོ་ཡོད་པ་རེད། དཔེར་ན་སྣོད་ཀྱི་འཇིག་རྟེན་འཇིག་པའི་སྐབས་སུ། འཇིག་རྒྱུ་རང་སྟེང་ནས་ཚང་མི་དགོས་པར་འཇིག་པའི་དུས་ལ་སླེབ་དུས་འཇིག་བྱེད་ཀྱི་ཉི་མ་དྲུག་རང་གར་གཞན་ཞིག་ནས་ཐོན་འོང་བ་ལྟ་བུ་རེད། གཞན་པས་དཀོན་མཆོག་མཉེས་ན་ལྷ་ཡུལ་དང༌། མ་མཉེས་ན་དམྱལ་ཁམས་སུ་ལྷུང་འགྲོ་བར་བཤད་མོད། དཀོན་མཆོག་ཁོང་དགེ་བ་བྱས་ན་མཉེས་ཤིང་སྡིག་པ་བསགས་ན་མི་མཉེས་པར་བཤད་པས་གནད་གཅིག་ཏུ་བབས་ཡོད། ཕྱུགས་ཀྱི་མཆོད་སྦྱིན་སོགས་དཀོན་མཆོག་མཉེས་བྱེད་དུ་བཤད་པ་ནི། དགེ་སྡིག་ངོས་འཛིན་ཚུལ་མ་འདྲ་བ་ཙམ་ལས་དགེ་སྡིག་ཁས་ལེན་མིན་གྱི་ཁྱད་པར་མིན། མདོར་ན་གོང་གི་སངས་རྒྱས་པའི་གྲུབ་མཐའ་དེ་གསུམ་པོས་འཇིག་རྟེན་འདི་ཅི་ཞིག་ཡིན་ཞེས་པ་དང༌། འཇིག་རྟེན་འདི་གང་ནས་བྱུང་ཞེས་པའི་དྲི་བ་གཉིས་ལ་རྒྱུ་གཉིས་སྨྲ་བའི་ལུགས་ལྟར་ལན་བཏབ་པ་དང། འཇིག་རྟེན་འདི་ཇི་ལྟར་ཡིན་ཞེས་པ་དང༌། འཇིག་རྟེན་འདི་ཅིའི་ཕྱིར་བྱུང་ཞེས་པའི་དྲི་བ་གཉིས་ལ་འཇིག་རྟེན་གསར་གཏོད་སྨྲ་བའི་ལུགས་ལྟར་ལན་བཏབ་པ་ཡིན་པར་ཤེས་དགོས། དྲང་པོར་བཤད་ན་དྲི་བ་ཕྱི་མ་འདི་གཉིས་ལ་ལན་ཚུལ་བཞིན་ཐེབས་མཁན་ཞིག་ཆོས་ལུགས་པ་དང༌། མཚན་ཉིད་རིག་པ་པ། ཕྱིས་ཀྱི་ཚན་རིག་པ་གང་གི་ཁྲོད་དུའང་བྱུང་མི་འདུག །དཀོན་མཆོག་སྨྲ་བའི་ཆོས་པ་ཚོས་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་བཤད་པ་ཙམ་ལས། དཀོན་མཆོག་རང་ཉིད་ཇི་ལྟར་བྱུང་བ་དང༌། བསྐྲུན་པའི་དམིགས་ཡུལ་གང་ཞིག་ཡིན་པ་བཅས་བཤད་རྒྱུ་མེད། ལས་འབྲས་སྨྲ་བའི་ཆོས་པ་ཚོས། ལས་འབྲས་ལ་བརྟེན་ནས་བེམ་ཤེས་གཉིས་ཀྱི་འབྲེལ་བ་ཙམ་ཞིག་བཤད་པ་ལས། བེམ་ཤེས་གཉིས་ཀྱི་ངོ་བོའམ་རྫས་རྒྱུན་དེ་ཇི་ལྟར་བྱུང་བ་དང༌། ཅིའི་ཕྱིར་བྱུང་བའི་ཐད་དུ་ལན་ཅི་ཡང་བཏབ་མེད། ངོ་བོ་ལ་འགྲེལ་བཤད་བྱ་རྒྱུ་མེད་ན་ཁྱད་པར་ལ་ཅིག་བཤད་ཁུལ་བྱས་ཀྱང་ཅི་ཞིག་ཕན། ཧེ་རྒུལ་ལྟ་བུའི་སེམས་གཙོ་པ་ཚོས། འདུ་ཤེས་ནི་མ་གཞི་ནས་ཡོད་པ་ཞིག་ཡིན་པ་ལ། དངོས་པོ་ནི་དེའི་གྲིབ་མ་ཙམ་ཞིག་ཏུ་ངེས་ཞེས་དང༌། མར་ཁེ་སི་ལྟ་བུ་དངོས་གཙོ་པ་ཚོས། མ་གཞི་ནས་ཡོད་པའི་དངོས་པོ་ལས་འདུ་ཤེས་བྱུང་བ་ཡིན། ཞེས་པ་ཙམ་ཞིག་ལས་སེམས་སམ་དངོས་པོ་དེ་མ་གཞི་ནས་ཡོད་དོན་ཅི་ཞིག་ཡིན་པ་དང༌། ཡོད་ཚུལ་ཇི་ལྟར་ཡིན་པའི་སྐོར་བཤད་མི་འདུག །ཚན་རིག་པས་ཀྱང༌། འཇིག་རྟེན་འདིའི་འབྱུང་ཁུངས་འགས་གཏོར་ཆེན་མོ་ཡིན་རབས་བཤད་པ་ཙམ་མ་གཏོགས། ནུས་པའི་རྦ་ཀློང་ཇི་ལྟར་བྱུང་བ་དང༌། འགས་གཏོར་ཆེན་མོ་ཅིའི་ཕྱིར་བྱུང་བའི་ཚུལ་ཤོད་ཀྱིན་མེད། ཡིན་ནའང་དྲི་བ་དང་པོ་གཉིས་ལ་ལན་འདེབས་པའི་སྐབས་སུ། དཀོན་མཆོག་སྨྲ་བ་ཚོས་དཀོན་མཆོག་གི་ཁུངས་ལྷ་སྒྲུང་དང། ལས་འབྲས་སྨྲ་བ་ཚོས་ལས་འབྲས་ཀྱི་ཁུངས་རྟོགས་བཏགས་དང༌། རྒྱུ་གཉིས་སྨྲ་བ་ཚོས་རྒྱུ་གཉིས་ཀྱི་ཁུངས་འོལ་ཚོད་ཙམ་ལས་མ་འདས་པས་དེ་གསུམ་ལ་དད་པ་དང་ཧམ་པ་ལས་བརྒལ་མི་རུང་ཞིང༌། སེམས་གཙོའི་མཚན་ཉིད་སྨྲ་བ་ཚོས་དངོས་པོའི་བྱུང་རིམ་ཉམས་མྱོང་གི་ལམ་ནས་དང༌། དངོས་གཙོའི་མཚན་ཉིད་སྨྲ་བ་ཚོས་འདུ་ཤེས་ཀྱི་འཕེལ་རིམ་ལོ་རྒྱུས་ཀྱི་ལམ་ནས་དང༌། ཚན་རིག་པ་ཚོས་འགས་གཏོར་ཆེན་མོ་གཏན་སྲོལ་གྱི་ལམ་ནས་བསྒྲུབ་ཡོད་སྟབས། དེ་གསུམ་པོར་རིགས་པས་དཔྱད་པ་བྱ་ཆོག་པས་དེའི་ཆ་ནས་བར་ཁྱད་ཆེན་པོ་ཞིག་ཤོར་ཡོད་པར་སྣང་ངོ༌། །
གཉིས་པ་ཁྱད་པར་གྱི་ཆ་ནས་ཚན་རིག་གི་གྲུབ་དོན་དང་མཐུན་མིན་གླེང་བ་ལ། རྒྱལ་བའི་དབང་པོའི་བཀའ་སློབ་ཅིག་ཏུ། ཕྱི་དངོས་པོའི་སྡོད་ལུགས་ཀྱི་སྐོར་ལ་སངས་རྒྱས་ཆོས་གཞུང་ལས་ཚན་རིག་པས་བཤད་པ་དག་དོན་ལ་གནས་པ་ཡོད། མ་གཞི་ཆོས་གཞུང་ནས་ཀྱང་རྡུལ་ཕྲན་གྱི་རྣམ་གཞག་སོགས་གསུངས་ཡོད་ཀྱང་ཚན་རིག་པས་བཤད་པ་ནང་བཞིན་ཁུངས་འཁྱོལ་པོ་དེ་འདྲ་མེད། སེམས་དང་སེམས་བྱུང་གི་ངོས་འཛིན་བྱེད་སྟངས་སྤྱི་དང། ལྷག་པར་དུ་ཚོར་བ་བདེ་སྡུག་གི་འཕོ་འགྱུར་དང༌། ཆགས་སྡང་གི་བསམ་བློར་གདོང་ལེན་བྱེད་ཐབས་སོགས་སེམས་ཁམས་འཕྲོད་བསྟེན་གྱི་སྐོར་ལ་ད་གཟོད་ཚན་རིག་པ་ཚོས་སངས་རྒྱས་པའི་གཞུང་གི་ནང་ནས་ལེགས་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་པ་རེད། ཅེས་ཕེབས་འདུག་ལ་འདི་ནི་སྐུ་ཉིད་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་དེའི་དགོངས་པའི་གནད་མ་ཤོར་ཞིང༌། དངོས་ཡོད་ཀྱི་གནས་ཚུལ་ལ་བསྙོན་མི་འདིང་བའི་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་གསུང་ཞིག་ཏུ་སྣང་སྟེ། ཨ་མདོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། དོན་དམ་པར་སངས་རྒྱས་ཆོས་ལུགས་ལ་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་ཡིན་ཚེ་གཙོ་ཕལ་མཐོང་བའི་དགོངས་པ་གུ་ཡངས་མོ་ཞིག་བཞེས་ན་ལེགས་པ་ཡིན་གྱི། ལུང་ཚིག་ཕྲ་མོ་ཡན་ཆད་མ་ཉམས་པར་འཛིན་ཁུལ་གྱི་ལྐུགས་པ་ཨུ་ཚུགས་བྱས་པས་མི་ཕན་ཞེས་གསུངས་པ་ལྟར་རེད། འོན་ཀྱང་རང་རེའི་མཁས་པ་གཞན་ཕལ་མོ་ཆེ་ཞིག་ནི་དེ་ལས་ལྡོག་སྟེ་སྡིག་པ་མིག་བཙུམས་ཀྱིས་མཐའ་གཅིག་ཏུ་ཆོས་གཞུང་གི་རྣམ་གཞག་ཡོད་ཚད་ལ་འགེབས་སྲུང་བྱེད་རྐྱང་དང༌། དེའི་ཆེད་དུ་རྫུན་དང་གཡོ་འཕྲུལ་གྱི་བྱ་བྱེད་སྣ་ཚོགས་ཁབ་འགྲོ་འབིགས་འགྲོ་སྤྱད་ནས་དེ་ཉིད་བསྟན་པ་ལ་བྱ་བ་རླབས་པོ་ཆེ་བྱས་པ་ཡིན་པར་རློམ་བཞིན་འདུག །དཔེར་ན་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་ཞལ་ནས། དངོས་ཁམས་ཚན་རིག་ལ་སྔ་རབས་རྡུལ་ཕྲན་སྨྲ་བ་དང༌། ཉེ་རབས་ལྟོས་བཅས་སྨྲ་བ། དེང་རབས་ཚད་རྡུལ་སྨྲ་བ་བཅས་ཅུང་གླེང་རིན་ཡོད་པའི་ལུགས་གསུམ་ཡོད་པ་ལས། དང་པོ་ནི་བྱེ་སྨྲའི་གྲུབ་མཐའི་ཆ་ཤས་ཙམ་དང༌། གཉིས་པ་ནི་མདོ་སྡེ་པའི་གྲུབ་མཐའི་ཆ་ཤས་ཙམ། གསུམ་པ་ནི་སེམས་ཙམ་པའི་གྲུབ་མཐའི་ཆ་ཤས་ཙམ་ཡིན། ཁོ་བོས་མི་ལོ་ཉི་ཤུའི་རིང་ལ་ཞིབ་འཇུག་དང་འདྲི་རྩད་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། ཚན་རིག་པ་ཁོ་ཚོས་གསར་གཏོད་དང་གསར་རྙེད་དུ་རློམ་པ་དེ་དག་ང་ཚོའི་ངོར་དཀྱུས་མའི་ཤེས་བྱ་ཙམ་ཞིག་ལས་ཧ་ལས་འོང་བ་དང༌། ཡ་མཚན་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་རེད། ཅེས་སོགས་རང་རྟུག་གསེར་མགོ་དང༌། རང་རྣ་ལྷ་ཁང་གི་སྐད་ཆ་ཉན་མི་འདོད་པ་མང་པོ་ཞིག་གསུངས་འདུག་པ་ལྟ་བུ་རེད། འདིར་ཁོང་གི་སྐད་ཆ་དེ་ཚོའི་ངན་མཚང་རྣམས་རེ་རེ་བཞིན་དུ་བྲུས་ན། བྱེ་སྨྲའི་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དང༌། དངོས་ཁམས་པའི་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་གཉིས་ལ། རྡུལ་ཕྲན་ཞེས་པའི་མིང་ཙམ་ཞིག་ཐུན་མོང་དུ་ཡོད་པས་ཐུགས་ཚིམ་བཞིན་ཡོད་ན་མ་གཏོགས་དོན་གྱི་བར་ཐག་ནི་གནམ་དང་ས་ལས་ཀྱང་རིང་བ་ཞིག་ཡིན། བྱེ་སྨྲ་སོགས་སངས་རྒྱས་པ་ཚོས་རྡུལ་ཕྲན་གྱི་གོ་དོན་ཆེ་ཆུང་ཁོ་ནའི་ཆ་ནས་བཤད་པ་ལས་རིགས་དང་ནུས་པའི་ཕྱོགས་སུ་བསམ་བློ་འཁོར་ཐུབ་མེད། དེའི་དབང་གིས་ཆ་བཅས་དང་ཆ་མེད། ཐུག་བཅས་དང་ཐུག་མེད། ཡོད་པ་དང་མེད་པ་སོགས་འདྲ་མིན་བཅོ་བརྒྱད་སྨྲ་དགོས་བྱུང་ཡོད་ལ། སྨྲས་པ་དེ་དག་གི་ཁྲོད་དུ་ཁུངས་འཁྱོལ་བ་ནི་གཅིག་ཀྱང་མཐོང་རྒྱུ་མེད། རིགས་ཀྱི་ཆ་ནས་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་སྟེ་རྡུལ་རྫས་བརྒྱད་དམ་དགུ་ལས་མེད་པར་འདོད་ཅིང༌། འདི་ནི་དངོས་པོའི་རྩོམ་གཞི་ས་ཆུ་མེ་རླངས་བཞི་རུ་འདོད་པའི་ནུབ་ལུགས་ཀྱི་ལྟ་བ་རྙིང་པ་དེ་རང་ཡིན། ཁྱེད་ཀྱིས་བྱེ་སྨྲའི་ལུགས་ཀྱི་དངོས་པོའི་རྩོམ་གཞི་འབྱུང་བ་བཞི་པོ་དེ་འབྱུང་བཞི་མཚན་ཉིད་པ་ལ་གོ་མི་དགོས་པས་གནའ་རབས་ཀྱི་ནུབ་ཕྱོགས་པས་བཤད་པ་དེ་དང་མི་འདྲ། ཞེས་གསུངས་འདུག་ཀྱང་འབྱུང་བཞི་མཚན་ཉིད་པ་ལ་གོ་དགོས་པར་མངོན་པ་མཛོད་ལས་བཤད་ཡོད་དེ། མེ་ལ་རླུང་རྡུལ་ཡོད་པའི་རྒྱུ་མཚན་དུ་མེ་ལྕེ་གཡོ་བ་དང༌། ཆུ་ལ་མེ་རྡུལ་ཡོད་པའི་རྒྱུ་མཚན་དུ་དངོས་རྫས་རུལ་བ་དང༌། རླུང་ལ་ས་རྡུལ་ཡོད་པའི་རྒྱུ་མཚན་དུ་ཐལ་བ་སྤུར་འགྲོ་བ་སོགས་བཀོད་ཡོད་པས་སོ། །རྡུལ་ཕྲན་དེའི་ཆེ་ཆུང་གི་ཚད་ཕྲ་རྡུལ་ཐེར་འབུམ་གཉིས་ལ་ཉེ་བ་ཞིག་ཕྲེང་བར་བསྟར་ན་ད་གཟོད་སོར་མོ་གང་ཞེས་བཤད་པ་དེའང་ཚོད་དཔག་ཙམ་ལས་ཤེས་ནས་སྨྲས་པ་མིན། དངོས་ལུགས་ཀྱི་མཐོང་བ་དང་ཡང་མི་འགྲིག་སྟེ། རྫས་འགྱུར་སྤྱིར་བཏང་བའི་གཞི་རྒྱུའི་ཚད་ཡིན་ན་ཕྲ་ཆེས་པ་དང༌། བར་རྡུལ་དང་གློག་རྡུལ་སོགས་ཀྱི་ཚད་ཡིན་ན་རགས་ཆེས་པའི་ཕྱིར་རོ། །བར་སྟོང་དང་འཐེན་ཤུགས་ཀྱི་རྣམ་གཞག་དེ་དག་ཀྱང་དམ་བཅའ་ལྟར་སྣང་ཞིག་བསྒྲུབ་པའི་ཆེད་དུ་གང་བྱུང་གང་དྲན་དུ་སྨྲས་པ་ཁོ་ན་ཡིན། མཐར་རྩ་བའི་དམ་བཅའ་སྦོ་ལུག་པའི་ཚེ་རྣམ་གཞག་དེ་ཚོའང་སྦོ་ལུག་པ་རེད། སངས་རྒྱས་ཉིད་ཀྱི་ཞལ་ནས། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པ་ཙམ་ལས་རྒྱུན་དང་སྐད་ཅིག་མའི་ཁྱད་པར་གསལ་པོར་མ་གསུངས། དེ་ཉིད་བྱེ་སྨྲ་ཁ་ཅིག་གིས། རགས་པ་རྒྱུན་གྱི་མི་རྟག་པའི་དོན་དུ་འདོད། མདོ་སྡེ་པ་སོགས་ཀྱིས་ཕྲ་བའི་མི་རྟག་པར་འགྲེལ་ཡང་མི་རྟག་པའི་གོ་དོན་ཡག་པོ་ཞིག་ངོས་ཟིན་མེད། དཔེར་ན་བྲག་རྡོ་རླུང་གིས་ཟད་པ་དང༌། སྲོག་ཆགས་རྒས་ནས་འཆི་བ། སྐྱེ་དངོས་འཚར་ནས་ལོངས་པ་སོགས་ནི་མཁས་བླུན་སུས་ཀྱང་ཤེས་པས་རིགས་པས་བསྒྲུབ་མི་དགོས། ཤིན་ཏུ་ཕྲ་བའི་རྡུལ་ཕྲན་སྐད་ཅིག་དང་པོ་དང༌། གཉིས་པའི་བར་ལ་ངོ་བོའི་ཐོག་ནས་འགྱུར་བ་ཅི་ཞིག་ཕྱིན་ཡོད་མདོ་སྡེ་པ་ལ་བཤད་རྒྱུ་མེད། སྒྲུབ་བྱེད་དུ། དང་པོར་མི་འཇིག་ཕྱིས་མི་འགྱུར། ཞེས་བཀོད་པ་དེ་ནི་བྱིས་པ་བཙས་འཕྲལ་མ་ཤི་ན་ཕྱིས་ཀྱང་མི་འཆི། ཞེས་པ་ལྟར་རིགས་པ་གོ་ཆོད་པ་ཞིག་མིན། དུས་ཀྱི་ཐུང་མཐའ་སེ་གོལ་གྱི་དྲུག་བཅུའི་ཆ་གཅིག་ཡིན་ཞེས་པ་ནི་གོ་བདེ་བའི་ཆེད་ཙམ་ལས། དོན་དུ་དུས་ཚོད་ཐུང་མཐའ་ཞིག་ལ་གོ་དགོས། ཞེས་པའི་ཉིད་ཀྱི་བཀའ་མོལ་དེའང་བློ་ལ་མི་འབབ་སྟེ། དུས་ཀྱི་ཐུང་མཐའ་གང་ཡིན་དཔྱད་པའི་ཚེ་དངོས་ཡོད་གསལ་པོར་གསུངས་དགོས་པ་ལས་གོ་བདེར་བྱས་པས་མི་ཆོག་ཅིང༌། ཐུང་མཐའི་ཚད་དེ་ཐུང་མཐའ་ཞིག་ཡིན་ཞེས་པ་ལ་ནི་གོ་རྒྱུ་ཅི་ཡང་མི་འདུག་གོ །དངོས་ཁམས་ཚན་རིག་པས་དངོས་གཟུགས་ཡོད་ཚད་བར་སྣང་སྟོང་པར་འཕུར་སྐྱོད་བྱེད་བཞིན་ཡོད་པར་བཤད་པ་ལས། ཐོ་བས་བཅོམ་ན་འཐོར་འགྲོ་བའི་རྒྱུ་མཚན་གྱིས་རྡུལ་ཕྲན་དུ་འདོད་པ་མ་རེད། ངོ་བོ་གསེར་དངུལ་ཟངས་ལྕགས་སོགས་གཞི་རྡུལ་མི་འདྲ་བ་བརྒྱ་དང་བཅུ་ལྷག་རྙེད་ཡོད་ལ། ས་ཆུ་མེ་རླུང་བཅས་ནི་རྫས་འགྱུར་གྱི་སྣང་ཚུལ་ཙམ་ལས་གཞི་རྡུལ་གྱི་གྲས་སུ་མེད། དཔེར་ན་དབྱང་རྡུལ་གཅིག་དང་ཆིང་རྡུལ་གཉིས་བཅས་མ་རྡུལ་གསུམ་འདུས་ཚེ་ད་གཟོད་ཆུ་ཡིན་པ་དང༌། དབྱང་རྡུལ་གཉིས་འདུས་ཚེ་ད་གཟོད་རླུང་ཡིན་པ་ལྟ་བུ་རེད། ཆེ་ཆུང་གི་ཚད་ནི་མ་རྡུལ་དུང་ཕྱུར་གཅིག་བཤིབས་ན་ལི་སྨིས་གཅིག་གམ་སོར་གང་ཙམ་ཡོད་ཟེར། མི་རྟག་པའི་དོན་ཡང་རྡུལ་ཕྲན་ཐམས་ཅད་ཤིན་ཏུ་མྱུར་བའི་སྒོ་ནས་འཕུར་སྐྱོད་བྱེད་བཞིན་ཡོད་པ་འདི་རང་ཡིན། ཚེ་སྲོག་དང་སྐྱེ་དངོས་རིགས་ཀྱི་འཕེལ་འགྱུར་དང༌། རྫས་འགྱུར་གྱི་འགུལ་སྐྱོད་སོགས་ལ་ནི་ཡོངས་ཁྱབ་ཀྱི་མི་རྟག་པའི་དོན་དེ་མི་ཚང༌། མདོར་ན་རྡུལ་ཕྲན་འཁོར་སྐྱོད་ཀྱི་རྣམ་གཞག་འདི་ཁས་མ་བླངས་ན་བར་སྟོང་དང༌། འཐེན་ཤུགས། འཕོ་འགྱུར་བཅས་ལ་འགྲེལ་བཤད་རྒྱག་ཐབས་མེད་ཅིང༌། བྱེ་སྨྲའི་གྲུབ་མཐའི་ནང་དུ་འཁོར་སྐྱོད་ཀྱི་རྣམ་གཞག་ཟུར་ཙམ་ཡང་མེད་པས་བར་སྟོང་སོགས་ཀྱང་མིང་ཙམ་དུ་གྱུར་པ་རེད། ལྷག་པར་དུ་མཁས་དབང་ཁྱེད་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། གྲུབ་མཐའ་གོང་མ་ཚོའི་ལུགས་ལ་བྱེ་མདོ་གཉིས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དེ་ཐམས་ཅད་ཁུངས་མེད་རྟོག་བཟོ་འབའ་ཞིག་ཏུ་ཁས་ལེན་དགོས་པ་འདི་ཡིན། དེའི་ཚུལ་གསལ་པོར་ཞུས་ན། བྱེ་མདོ་གཉིས་ཀྱིས་ཕྱི་དོན་དཔྱད་བཟོད་དུ་ཡོད་པར་འདོད་ཀྱང་སྣམ་བུ་བཤིག་ན་སྣལ་མ་དང༌། བུམ་པ་བཅག་ན་གྱོ་མོ་དང༌། ནས་འབྲུ་འཐག་ན་རྩམ་པ་རུ་འགྱུར་འགྲོ་བས་སྣམ་བུ་དང༌། བུམ་པ། ནས་འབྲུ་བཅས་བདེན་པར་གྲུབ་ཅེས་སྨྲས་ན་མི་འགྲིག་པར་བསམ་སྟེ་མཐར་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལ་ཐུག་པ་རེད། ཕྱོགས་ཀྱི་ཆ་མེད་ཡིན་ན་རགས་པ་ཇི་ལྟར་རྩོམ་ཞེས་དྲིས་པའི་ལན་དུ། ཕན་ཚུན་ཐུག་རེག་མེད་པའི་བར་སྟོང་དང་བཅས་པ་ཡིན་ཟེར། འོ་ན་བྱེ་མ་ལྟར་འཐོར་མི་འགྲོའམ་ཞེས་དྲིས་པར། ལས་ཀྱི་མཐུ་དང་རྫས་ཀྱི་ནུས་པས་དམ་པོར་སྦྲེལ་ཡོད་ཟེར། གཟུགས་མཐའ་ཆ་མེད་དུ་ཁས་མ་བླངས་ན་འདི་འདྲའི་དྲི་བ་དྲིས་ལན་གང་ཡང་འོང་དོན་མེད་པ་རེད། ཕན་ཚུན་ཐུག་རེག་མེད་པའི་དབང་དུ་བཏང་རུང་དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ། དབུས་རྡུལ་དེར་ཕྱོགས་རྡུལ་རེ་རེའི་ཕྱོགས་སུ་གཏད་པའི་ངོས་མི་འདྲ་བ་དྲུག་ཡོད་ན་དབུས་རྡུལ་ཆ་མེད་ཉམས་ཤིང༌། མེད་ན་དབུས་རྡུལ་ལ་གཏད་པའི་ཕྱོགས་རྡུལ་དྲུག་གི་ངོས་ཐམས་ཅད་ཀྱང་ཕྱོགས་གཅིག་ཁོ་ནར་གཏད་པའི་སྐྱོན་དུ་མི་འགྱུར་རམ་ཞེས་དྲིས་པ་ན། དྲིས་ལན་ཚིག་གཅིག་མ་ཐེབས་པས་རྡུལ་ཕྲན་ཆ་མེད་ཀྱི་དམ་བཅའ་དེ་རྩད་ནས་ཤོར་སོང་བ་རེད། བསྒྲུབ་བྱ་ཆ་མེད་ཀྱི་གྲུབ་མཐའ་དེ་ཤོར་ཚར་དུས་སྒྲུབ་བྱེད་བར་སྟོང་དང་འཐེན་ཤུགས་ཀྱི་སྐོར་དེའང་རང་ཤུགས་ཀྱིས་རྩིས་མེད་དུ་སོང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སེམས་ཙམ་པ་ཚོས། གཟུགས་ཅན་གྱི་ཆོས་ཀུན་མ་བརྟགས་ཉམས་དགའི་སྣང་བ་ཙམ་ལས་དཔྱད་ན་སྙིང་པོ་མེད་པས་ཁས་མི་ལེན་ཟེར། དབུ་མ་པས་ཐ་སྙད་དུ་ཕྱི་དོན་ཁས་ལེན་ཀྱང་རྣམ་གཞག་ཡོད་ཚད་རིགས་པ་མི་ཤེས་པའི་འཇིག་རྟེན་རྒན་པོའི་ཁ་ལ་ཉན་རྒྱུ་ཡིན་ཟེར། དགེ་ལྡན་པའི་མཁས་པ་ཚོས་དབུ་མའི་གྲུབ་མཐའ་དེར་འགྲེལ་བཤད་གཞན་པ་ཞིག་བསྐྱོན་བཞིན་ཡོད་ཀྱང་དེ་ལ་སྙིང་པོ་མེད་པའི་ཚུལ་འོག་ཏུ་འཆད། མདོར་ན་གཟུགས་མཐའ་རྡུལ་ཕྲན་ཆ་མེད་དང༌། བསྐོར་བ་བར་དང་བཅས་པ། དཔེ་ལ་གཡག་རྔ་ནེའུ་གསེང་སོགས་བྱེ་མདོས་བཤད་ཚད་གཏམ་ཚད་སེམས་ཙམ་པ་ལྟར་ན་ཁྱད་གཞི་མེད་པའི་ཁྱད་ཆོས་འབའ་ཞིག་དང༌། དབུ་མ་པ་ལྟར་ན་ཐ་སྙད་འཇོམས་པའི་ཐོ་བ་རུ་ངོས་འཛིན་བཞིན་ཡོད། འོ་ན་དངོས་ལུགས་པ་རྙིང་པ་ཚོས་རྙེད་པའི་ཀུན་ཁྱབ་འཐེན་ཤུགས་དང༌། རྫས་འགྱུར་གྱི་མ་རྡུལ། དངོས་པོའི་འགུལ་སྐྱོད་འདི་དག་ཀྱང་ཁྱད་གཞི་མེད་པའི་ཁྱད་ཆོས་སམ། ཡང་ན་ཐ་སྙད་འཇོམས་པའི་ཐོ་བ་རུ་ཞལ་གྱིས་བཞེས་རྒྱུ་ཡིན་ནམ། དེ་མིན་ན་ཁྱེད་སྐབས་འདིར་དབུ་སེམས་ཀྱི་ལྟ་གྲུབ་རྒྱབ་ཏུ་གཡུག་ནས་བྱེ་མདོའི་རྗེས་སུ་ཕེབས་རྒྱུ་ཡིན། དབུ་མ་པས་ཀྱང་ཐ་སྙད་དུ་རྡུལ་ཕྲན་དང༌། བར་སྟོང༌། འཐེན་ཤུགས་གསུམ་ཁས་ལེན་སྙམ་དུ་དགོངས་ན། ཁས་ལེན་པའི་ཁུངས་གང་དུ་ཡོད། ལེན་དགོས་པའི་གལ་འགག་ཅི་ཞིག་ལ་ཐུག །སྒྲུབ་བྱེད་ཀྱི་གཏན་ཚིགས་ཅི་འདྲ་ཡོད། སེམས་ཙམ་པའི་རིགས་པ་ལ་སྐྱོན་སྤོང་གང་འདྲ་བྱེད། ཀུན་རྫོབ་ལ་རིགས་པའི་འཐད་པ་མི་བཅུག་པའི་རང་གི་གྲུབ་མཐའ་ལ་འགལ་སྤོང་ཇི་ལྟར་བྱེད། ཕྱི་དོན་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་གསར་པ་ཅི་ཞིག་འགོད་རྒྱུ་བཅས་རེ་རེ་ནས་གསུངས་ཤིག་དང་ལྟད་མོ་ཡོད། སྔོན་གྱི་དབུ་མ་པ་ཚོས་དེ་དག་ཁས་མི་ལེན་ཀྱང༌། དེང་སང་ང་ཚོས་དངོས་ལུགས་པའི་ལེགས་ཆ་བླངས་ནས་ཁས་ལེན་ཆོག་སྙམ་དུ་དགོངས་ན། དེ་ནི་སངས་རྒྱས་པའི་གྲུབ་མཐའ་ལ་དངོས་ཁམས་ཚན་རིག་གིས་ཁ་གསབ་བརྒྱབ་པ་ཙམ་ལས། སངས་རྒྱས་པའི་གྲུབ་མཐའི་ནང་དུ་དངོས་ཁམས་ཚན་རིག་ཡོད་པའི་དོན་དུ་མི་འགྲོ། ལར་ཁྱེད་ཀྱིས་དབུ་མའི་ལུགས་སུ་བཞེད་པའི་རྡུལ་ཕྲན་དེ་ཆ་བཅས་ཡིན་ནམ་ཆ་མེད་ཡིན། ཆ་བཅས་ཡིན་ན་ཆུང་མཐའ་རུ་ཇི་ལྟར་འཐད། ཆ་མེད་ཡིན་ན་རགས་པ་ཇི་ལྟར་རྩོམ། དཔྱད་པ་མི་འཇུག་ན་འདི་ལ་ཅི་ལ་འཚང་སོགས་མང་པོ་ཞིག་འདྲི་བར་འདོད་དོ། །
ལྟོས་བཅས་ཚན་རིག་མདོ་སྡེ་པའི་གྲུབ་མཐར་འདུས་ཞེས་པ་ལ་ནི་དེ་བས་ཀྱང་སྙིང་པོ་མེད་དེ། མདོ་སྡེ་པའི་གྲུབ་མཐའི་ནང་དུ་ཡོད་པའི་ཨེའན་སན་ཌན་གྱི་ལྟོས་བཅས་ཚན་རིག་དེ། གཡས་གཡོན་རིང་ཐུང་སོགས་ཀྱི་ཐ་སྙད་ཕན་ཚུན་ལྟོས་ནས་འཇོག་དགོས་པར་བཤད་པ་འདི་ཨེ་ཡིན། འདི་མིན་ན་གང་དུའང་མི་འདུག་པས་ཁྱེད་རང་མིག་འཁྲུལ་པར་ཟད་དོ། །འདི་ཡིན་ན་གཡས་པ་གཡས་པར་འཇོག་པ་ལ་གཡོན་པ་ཞིག་ཡོད་དགོས་པ་དང༌། རིང་པོ་རིང་པོར་འཇོག་པ་ལ་ཐུང་ངུ་ཞིག་ཡོད་དགོས་པའི་གནས་ལུགས་འདི་ཤེས་མཁན་མི་བཅུ་གཉིས་སམ། ཡང་ན་མི་གཉིས་དང་ཕྱེད་ཀ་ལས་མེད་པའི་འཛམ་གླིང་འདི་མི་ཟད་ཁུར་བ་ཡིན་རྒྱུ་རེད། ངོ་བོ་ལྟོས་ནས་གྲུབ་པ་དང༌། ཐ་སྙད་ལྟོས་ནས་འཇོག་པའི་ཁྱད་པར་ཙམ་ཡང་མི་ཕྱེད་པའི་ལྟོས་བཅས་སྨྲ་བ་ཁྱོད་ནི་སྨྲ་བ་ལ་དགའ་བ་ཞིག་གོ །ཁྱེད་ཀྱིས་ཨེའན་སན་ཌན་གྱི་ལྟོས་བཅས་ཚན་རིག་འདི་ད་དུང་བདེན་རྫུན་ཐག་ཆོད་མེད། གལ་སྲིད་བདེན་པ་ཡིན་ན་ནི་མདོ་སྡེ་པའི་གྲུབ་མཐའི་ནང་དུ་འདུས་ཞེས་གསུངས་འདུག །འོ་ན་རྫུན་པ་ཡིན་ན་མདོ་སྡེ་པའི་གྲུབ་མཐར་བསྡུ་མི་འདོད་པ་ཨེ་རེད། དངོས་གནས་བྱས་ན་ལྟོས་བཅས་ཚན་རིག་འདི་བདེན་རྫུན་ཅི་ཡིན་ཁྱེད་ཀྱིས་ཐག་གཅོད་གནང་འོས་པར་འདུག་སྟེ། ཁྱེད་ལྟོས་བཅས་ཚན་རིག་མདོ་སྡེ་པའི་གྲུབ་མཐའི་ཆ་ཤས་ཙམ་དུ་བཞེད་པའི་ཕྱིར། ཡང་ན་ཁྱེད་དབུ་མའི་སློབ་དཔོན་རི་འདྲ་བ་ཞིག་གིས་མདོ་སྡེ་པའི་གྲུབ་མཐའ་དེ་བདེན་རྫུན་ཐག་མ་ཆོད་པར་ཕྱིས་བྱུང་ཚན་རིག་པའི་ཁ་ལ་རེ་དགོས་པ་ཨེ་ཡིན། ཡང་དོར་ཞི་སོགས་ཀྱིས། རྟེན་འབྲེལ་གྱི་ལྟ་བ་དང༌། ལྟོས་བཅས་སྨྲ་བའི་ལྟ་བ་གཉིས་དོན་གཅིག་རེད་ཟེར། ངོ་བོ་སྟོང་ཉིད་དང་དོན་གཅིག་རེད་ཟེར་རམ། རང་བཞིན་རྟེན་འབྱུང་དང་དོན་གཅིག་རེད་ཟེར། དང་པོ་ལྟར་ན་ལྟོས་བཅས་སྨྲ་བས་བདག་མེད་རྟོགས་ཟིན་པས་མི་རིང་བར་བདག་འཛིན་ཀྱང་སྤང་ནས་སངས་རྒྱས་པར་འགྱུར་རོ། །གཉིས་པ་ལྟར་ན་རྟེན་འབྲེལ་གྱི་དོན་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་དང། བུ་བསྐྱེད་པའི་ཆ་ནས་ཕ་རུ་འཇོག་པ་འདི་གཉིས་ཁོ་ན་ཡིན་པས། འདི་གཉིས་གང་ཞིག་ལ་ལྟོས་བཅས་སྨྲ་བའི་གོ་དོན་ཡོད་པ་ཡིན་ནམ། སོ་ནམ་མ་བྱས་ན་སྟོན་ཐོག་མེད་པ་དང༌། བུ་མེད་པའི་མི་ལ་ཕ་རྒན་མི་ཟེར་བའི་གནས་ལུགས་འདི་འཛམ་གླིང་གི་མི་ཀུན་གྱི་སེམས་ལ་ངེས་པའི་རྒྱུན་ཤེས་ཤིག་ཡིན་པ་ལས་ཚན་རིག་པ་ཨེའན་སན་ཌན་གྱིས་གསར་དུ་རྙེད་པའི་གསང་བ་ཞིག་མིན་ལགས། གང་ཟག་ཅིག་གི་སྟོབས་ཤུགས་ལ་བརྟེན་ནས་དངོས་པོ་ཆུང་བའི་ནང་དུ་ཆེ་བ་བསྡུ་ཐུབ་པ་དང༌། དུས་ཚོད་ཐུང་ངུའི་ནང་ལ་རིང་པོ་འགྲོ་ཐུབ་པའི་རིགས་ལམ་ཞིག་ལྟོས་བཅས་ཚན་རིག་པས་རྙེད་མེད་ལ། དངོས་གཟུགས་ཤིག་གི་འགུལ་སྐྱོད་དང་འཐེན་ཤུགས་ལ་བརྟེན་ནས་དངོས་གཟུགས་གཞན་གྱི་ཚེ་ཚད་དང་བོངས་ཚད་འགྱུར་འགྲོ་བའི་རིགས་ལམ་ཞིག་སངས་རྒྱས་ཆོས་གཞུང་དུ་བཤད་མེད། སངས་རྒྱས་ཆོས་གཞུང་དུ། དངོས་པོ་ཆུང་བ་རྣམས་ཆེ་བར་བསྒྱུར། དུས་ཚོད་ཐུང་ངུ་རྣམས་རིང་པོར་བསྒྱུར། ཁ་ཟས་མི་ཞིམ་པ་རྣམས་ཞིམ་པར་བསྒྱུར། ལོང་བ་མིག་ལྡན་དང༌། ཞ་བོ་རྐང་བཟང་དུ་བསྒྱུར་བ་སོགས་མེད་པ་དང་མ་ཡིན་པ་མང་པོ་ཞིག་ཡོད་པ་དང་ཡིན་པར་བསྒྱུར་ཐུབ་པའི་ཚུལ་ཞིག་བཤད་ཡོད་ལ། དེ་ལྟར་བསྒྱུར་ཐུབ་པའི་རྒྱུ་མཚན་ནི་སངས་རྒྱས་མཐུ་རྩལ་ཆེ་བས་ཡིན་ཟེར། དེ་ལྟར་ན་དམྱལ་བ་ཞིང་ཁམས་དང༌། འཁོར་བ་མྱང་འདས་སུ་བསྒྱུར་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་བསམ་དགོས་ཤིང༌། ཡང་རྡུལ་ཕྲན་དང་ལྷུན་པོ་མི་འགལ་བ་དང༌། སྐད་ཅིག་དང་བསྐལ་པ་མི་འགལ་བའི་ཚུལ་ཞིག་བཤད་ཡོད་ལ། དེ་དག་མི་འགལ་བའི་རྒྱུ་མཚན་ནི། ཆོས་རྣམས་ཅིར་ཡང་མ་གྲུབ་པའི་གནད་ཀྱིས་གང་ཡང་འཆར་ཆོག་པ་དང༌། བདེན་པར་མ་གྲུབ་པའི་དབང་གིས་སྣ་ཚོགས་སུ་སྣང་དུ་རུང་བ་འདི་ཡིན་ཟེར། དེ་ལྟར་ན་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་དང༌། དགེ་སྡིག་གི་འབྲས་བུ་འཆོལ་ནས་སྨིན་པ་སོགས་སྣང་མི་ཆོག་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས། ད་དུང་མཁན་ཆེན་མཆོག་གིས། སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་བསྟན་དོན་རྡུལ་ཕྲན་ནུས་ཤུགས་ཀྱི་སྐོར་དེའང་སངས་རྒྱས་ཆོས་གཞུང་དུ་བཤད་ཟིན། ཞེས་གསུངས་འདུག་མོད་ཤ་ཡི་མིག་གི་སྤྱོད་ཡུལ་དུ་ནི་མི་འདུག་གོ །ཚད་རྡུལ་ནུས་རིག་སེམས་ཙམ་པའི་གྲུབ་མཐའི་ཆ་ཤས་ཡིན་པའང་མི་འཐད། གལ་ཏེ་འཐད་ན་ཚད་རྡུལ་ནུས་རིག་ནོར་འཁྲུལ་གྱི་ལྟ་ཚུལ་དུ་ཁས་ལེན་དགོས་ཏེ། སེམས་ཙམ་པའི་འདོད་པ་དེ་ལོག་རྟོགས་ཡིན་པར་དབུ་མ་ཐལ་འགྱུར་བས་བཤད་པའི་ཕྱིར། ཐ་སྙད་དང་དོན་དམ་གང་གི་དབང་དུ་བྱས་ཀྱང་གཟུགས་སེམས་གཉིས་ལ་ཡོད་མེད་ཀྱི་དབྱེ་བ་འབྱེད་མི་རུང་བར་གསུངས་པའི་ཕྱིར། ཁྱེད་ནམ་ཡང་ཕར་འགྱུར་ཚུར་འགྱུར་དང༌། རྐང་པ་གཉིས་འཛུགས་ཁོ་ན་གནང་བཞིན་འདུག་མོད་དེས་རིགས་ལམ་གྱི་ཆུ་མི་ཐུབ། སེམས་ཙམ་པས་གཟུགས་སྣང་གི་རྩ་བ་སེམས་ཀྱི་ཐོག་ཏུ་བསྒོས་པའི་བག་ཆགས་ཡིན་པར་འདོད་པ་ལས། ནམ་མཁའི་དབྱིངས་སུ་ཁྱབ་པའི་ནུས་ཁྱམས་ཡིན་པར་མི་འདོད། ཁྱེད་ཀྱིས་རྡུལ་ཕྲན་གཞི་མེད་དུ་གཏན་ལ་འབེབས་སྐབས་སྣམ་བུ་བཤིག་ན་སྣལ་མ་དང༌། སྣལ་མ་བཤིག་ན་སྤུ་ཉག་དང༌། སྤུ་ཉག་བཤིག་ན་ཐལ་རྡུལ་དང༌། ཐལ་རྡུལ་དེ་དག་ཀྱང་ཚུལ་དེ་ལྟ་བུའི་སྒོ་ནས་བཤིག་ན་མཐར་གཞི་མེད་དུ་འགྱུར། དེ་ཡི་ཚེ་ན་ཐམས་ཅད་གར་སོང་ཆ་མེད་ནམ་མཁའ་ལ་སྤྲིན་དྭངས་པ་ལྟར་འགྱུར། ཞེས་དང༌། བེམ་པོའི་སྡོད་ལུགས་ལ་གནས་སྐབས་གསུམ་ཡོད་པ་ལས། གསུམ་པའི་སྐབས་སུ་རྡུལ་གྱི་རང་བཞིན་ཅུང་ཟད་ཀྱང་མེད་པར་རྡུལ་ཕྲན་འབྱུང་རུང་ཙམ་དང༌། འབྱུང་རུང་དེའང་རྩད་བཅད་ན་སེམས་ཀྱི་བག་ཆགས་ལ་ཐུག་པས་བག་ཆགས་ཟད་ན་གཏན་མེད་དུ་འགྱུར། ཞེས་སྟབས་བདེ་མདོག་ཁ་པོ་ཞིག་གསུངས་འདུག་ཀྱང༌། ཐུགས་རྩེ་གཏད་ས་ཡག་པོ་ཞིག་ཡོད་མེད་བློ་དོགས་ཆེ་སྟེ། གཞི་མེད་དུ་མ་གྱུར་ཙམ་གྱི་རྡུལ་ཐ་མ་དེ་གཟུགས་ཀྱི་ཆུང་མཐའ་ཡིན་ན་དེ་ལ་སྣམ་བུ་བཤིག་པའི་ཚུལ་དེ་ལྟ་བུའི་སྒོ་ནས་ཇི་ལྟར་བཤིག་རྒྱུ་ཡོད། ཆུང་མཐའ་མིན་ན་དེ་ཉིད་སྣམ་བུ་བཤིག་པའི་ཚུལ་དེ་ལྟར་བཤིག་ཀྱང་གཞི་མེད་དུ་ཅི་ལ་འགྲོ། དེ་བས་ཆུང་བའི་གཟུགས་ཤིག་ཡོད་དགོས་པས་མ་མཐའ་ཡང་དུམ་བུ་གཉིས་སུ་བཤིག་བཟོད་ལོས་དགོས། འདིས་ཁྱེད་ཙམ་དུ་མ་ཟད་གཅིག་དུ་བྲལ་གྱི་དབུ་མའི་རིགས་པ་དེའི་དབུ་ལ་ཡང་ཐོག་ཕབ་པ་ཡིན། ཆེ་ཆུང་ཁོ་ནའི་ཆ་ནས་ཆ་ཤས་ཡོད་མེད་བརྟག་དཔྱད་གཏོང་བ་དེ་འཁྲུལ་ཡོད་ཟེར་བའི་རྒྱུ་མཚན་ཡང་འདི་ཡིན། རྡུལ་ཕྲན་གྱི་རྩ་བ་འབྱུང་རུང་དང༌། འབྱུང་རུང་གི་རྩ་བ་བག་ཆགས་དང༌། བག་ཆགས་ཀྱི་རྩ་བ་སེམས་ཉིད་ལ་ཐུག་པ་བདེན་ན། སེམས་གཙོ་སྨྲ་བའི་གྲུབ་མཐའ་དེ་མ་འདོད་ན་ཡང་པང་དུ་ལེན་དགོས་རྒྱུ་རེད་སྙམ། དེ་ལྟར་རིགས་པས་བརྟགས་ཤིང་དཔྱད་ན་རང་བྱུང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་རྩིས་དངོས་རྫས་གསུམ་གང་ལ་ཡང་སངས་རྒྱས་ཆོས་གཞུང་ཁྲོད་དུ་མི་རྣམས་ཧ་ལས་འོང་བ་དང༌། ཧོན་འཐོར་དགོས་པ་དང༌། ཡ་མཚན་འོས་པ་དང༌། ཡིད་འཕྲོག་འགྲོ་བའི་ལེགས་བཤད་ཅི་ཡང་མཐོང་རྒྱུ་མི་འདུག་མོད། མེད་བཞིན་ཡོད་མདོག་སྟོན་པ་ལ་དགོས་པ་གཞན་ཞིག་ཡོད་པ་ཡིན་ན་ནི། ད་རེས་ཁོ་བོས་རྫུན་རྐུབ་གཏོལ་ཉེས་ཤོར་སོང་བས་དགོངས་དག་ཞུའོ། །ཆོས་གཞུང་གི་སེམས་དང་སེམས་བྱུང་གི་རྣམ་གཞག་དག་ལ་ནི། ལྷ་སྒྲུང་དང་རྟོག་བཟོ་ཆེར་མ་འདྲེས་ཤིང་ཚོད་དཔག་དང་རིགས་སྐམ་ཙམ་ཡང་མིན་པར་དུས་རབས་རིམ་བྱོན་གྱི་རྣལ་འབྱོར་པ་ཚོས། ཁ་ནང་དུ་ཕྱོགས་ནས་ཚོད་ལྟ་གནང་བའི་ཉམས་མྱོང་དངོས་མ་ཤས་ཆེ་བས། ཕྱིས་ཀྱི་སེམས་ཁམས་རིག་པའི་གཞུང་ལུགས་དག་ལ་ཡང་ངོ་གནོངས་མི་དགོས་པ་ཞིག་ཡོད། འོན་ཀྱང་དེ་ལ་མངོན་གསལ་དོད་པའི་ཞན་ཆ་གཅིག་རང་མཐོང་རྒྱུ་ཡོད་པ་ནི། རྣམ་གཞག་མང་པོ་ཞིག་ངོ་བོའི་ཆ་ནས་མིན་པར་དགེ་སྡིག་གི་ཆ་ནས་བྱས་འདུག་པ་འདི་རེད། འཛིན་སྟངས་དང་རིགས་རྒྱུན་གཅིག་ཉིད་ལ། ཤེས་རབ་དང་འཆལ་བའི་ཤེས་རབ། བརྩོན་འགྲུས་དང་ལེ་ལོ། དད་པ་དང་ལོག་ལྟ། བྱམས་བརྩེ་དང་ཞེན་ཆགས། ངེས་འབྱུང་དང་ཞེ་སྡང་སོགས་ཀྱི་དབྱེ་བ་ཕྱེས་ཡོད་པ་ལྟ་བུ་རེད། རྣམ་གཞག་དེ་དག་དགེ་སྒྲུབ་སྡིག་སྤང་གི་ཉམས་ལེན་གནང་མཁན་ཚོ་ལ་རིན་ཐང་ཆེ་བ་ཙམ་མ་གཏོགས། སེམས་ཁམས་ཆོས་ཉིད་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་ནི་དེ་ཙམ་ཕན་མི་ཐོགས། གང་ལྟར་ཚན་རིག་པ་ནི་སེམས་ཁམས་ཞིབ་འཇུག་ལ་གོམ་པ་སྤོ་མ་ཐག་པ་ལྟ་བུ་དང༌། སངས་རྒྱས་ཆོས་རིག་ནི་སེམས་ཁམས་ཞིབ་འཇུག་གི་གཞུང་ལུགས་དང༌། ཆོས་ལུགས་ཉམས་བཞེས་ནི་སེམས་ཉིད་འདུལ་སྦྱོང་གི་རྣལ་འབྱོར་ཤ་སྟག་ཡིན་པས་དེའི་ཆ་ནས་སངས་རྒྱས་ཆོས་གཞུང་ལ་ལེགས་བཤད་དང༌། སློབ་སྦྱོང་བྱེད་དགོས་ས་གང་འཚམ་རེ་ཡོད་པར་སྨྲ་ན་དེ་ནི་འགྲོ་བ་སེམས་ཅན་ཚོའི་རྣ་ལ་འགྲོ་བའི་གཏམ་ཡིན་ནོ། །དེ་ཡན་ཆད་ཀྱིས་སངས་རྒྱས་ཆོས་གཞུང་ནས་བཤད་པའི་གཞི་ཀུན་རྫོབ་སྣང་བའི་རྣམ་གཞག་ལ་དཔྱད་ཟིན་ཅིང༌། དཔྱད་པའི་ཚུལ་ཡང་རྒྱལ་བའི་དབང་པོའི་བཀའ་གསུང་ལས། སངས་རྒྱས་ཆོས་ལུགས་ལ་དབྱེ་ན། སངས་རྒྱས་ཆོས་ཀྱི་ཚན་རིག་དང༌། སངས་རྒྱས་ཆོས་ཀྱི་ལྟ་གྲུབ། སངས་རྒྱས་ཆོས་ཀྱི་ཉམས་ལེན་བཅས་སྡེ་ཚན་གསུམ་དུ་དབྱེར་ཡོད། ཅེས་ཕེབས་པ་ལྟར་ན་གོང་བཤད་དེ་དག་ནི་སྡེ་ཚན་དང་པོ་སྟེ། ཆོས་རིག་དང་ཚན་རིག་གཉིས་ཀའི་ཐུན་མོང་གི་ཞིབ་འཇུག་བྱ་ཡུལ་དུ་འཇོག་དགོས་པར་འདུག་པས་ནུབ་དར་མཚན་ཉིད་རིག་པ་དང༌། ཕྱིས་དར་ཚན་རིག་གི་རིག་ཚན་སོ་སོའི་ཞིབ་འཇུག་གི་བསྡོམས་ཚིག་སྣ་ཚོགས་དང་འགྲིག་མིན་གྱི་ཆ་ནས་གཙོ་བོར་དཔྱད་ཡོད། དེ་ཡང་དེང་སང་བོད་ནང་དུ་ཆོས་རིག་དང་ཚན་རིག་གཉིས་ཀ་ལ་སྤྱན་མ་ལོངས་ཙམ་གྱི་མཁས་པ་ནི། ཁམས་བླ་རུང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང༌། ཨ་མདོ་རྨེ་བ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། དབུས་འབྲི་གུང་མཁས་དབང་དཀོན་མཆོག་རྒྱ་མཚོ་གསུམ་ལས་གཞན་སུ་ཡང་མཇལ་རྒྱུ་མི་འདུག་ཅིང༌། མཆོག་སྤྲུལ་བསྟན་རྒྱམ་ལགས་ཀྱི་གསུང་རྩོམ་ཉེ་ཆར་ལག་སོན་མ་བྱུང་བས། མཁས་དབང་གཞན་རྣམ་གཉིས་ཀྱི་བཀའ་རྩོམ་ཁ་ཅིག་དཔྱད་གཞིར་བཟུང་སྟེ་ནོར་འཁྲུལ་གྱི་རིགས་ལ་ཡོ་བསྲང་གི་ཚུལ་དུ་ཅུང་ཟད་ཙམ་ཞིག་ཞུས་པ་ཡིན། འདིའི་མན་ཆད་ཆོས་ལུགས་ཀྱི་ཐུན་མོང་མིན་པའི་རྣམ་གཞག་གཙོ་ཆེ་བས་ཚན་རིག་སོགས་དང་དཔྱད་བསྡུར་བྱ་རྒྱུ་ཆེར་མེད་སྟབས། ང་ཚོའི་སྔོན་ཆད་ཀྱི་རྟགས་ལ་བརྟེན་པའི་རྩོད་རིགས་ཀྱི་འགྲོ་ཕྱོགས་དེ་རང་གི་ཐོག་ནས་དཔྱད་པ་བྱ་རྒྱུ་ལས་མ་འདས་སོ་ཞེས་གསལ་བཤད་དང་འབྲེལ། སྐབས་སུ་བབ་པ་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་ལ་དཔྱད་པར་བྱ་སྟེ། དེ་ཡང་རྒྱལ་བའི་གསུང་རབ་ཡོངས་ཀྱི་མཐར་ཐུག་གི་འབབ་སོ་དང༌། ནང་པའི་གྲུབ་མཐའ་བཞི་ཆར་གྱི་བླ་སྲོག་གམ་གཞུང་ཤིང་ལྟ་བུ་ནི་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་འདི་ཡིན་ལ། གལ་སྲིད་སྟོང་ཉིད་ཀྱི་ལྟ་བའི་སྐོར་འདིར་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཁུངས་སྐྱེལ་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ཚེ། སྔར་བཤད་ཀུན་རྫོབ་ཀྱི་རྣམ་གཞག་ཁ་ཅིག་ལ་ནོར་འཁྲུལ་འགའ་རེ་ཡོད་ན་ཡང་གནད་འགག་དེ་ཙམ་མེད་མོད། དད་པ་དང་དག་སྣང་གི་ལྷད་མ་ཞུགས་པའི་གཟུ་བོའི་བློས་བརྟགས་ཤིང་དཔྱད་ན། རྣམ་གཞག་འདི་དག་ལ་ཡང་བློ་རྩེ་གཏད་ས་ཡག་པོ་ཞིག་ཡོད་པའི་བཟོ་མི་འདུག །གང་ཟག་གི་བདག་མེད་ཀྱི་མིང་ཙམ་ཞིག་སངས་རྒྱས་པ་སྤྱི་ལ་མ་བགོས་ཐུན་མོང་དུ་ཡོད་ཀྱང་དོན་མཛུབ་མོ་འཛུགས་ས་འདིའོ་ཞེས་པའི་རྩོད་མེད་ཡོངས་གྲགས་ཤིག་རྒྱ་བོད་གང་དུའང་བྱུང་མྱོང་མེད། རྒྱ་གར་ལ་མཚོན་ན། བདག་ཕུང་དེ་ཉིད་དང་གཞན་ཉིད་བརྗོད་དུ་མེད་པར་འདོད་མཁན། ཕུང་པོ་བདག་ཏུ་འདོད་མཁན། དེ་ལ་ཡང་ཕུང་པོ་ལྔ་ཆར་བདག་ཏུ་འདོད་མཁན། སེམས་གཅིག་པུ་བདག་ཏུ་འདོད་མཁན། དེ་ལ་ཡང་ཡིད་ཤེས་བདག་ཏུ་འདོད་མཁན། ཀུན་གཞི་བདག་ཏུ་འདོད་མཁན། གཞན་ཡང་བདག་རྟག་པར་འདོད་མཁན་སོགས་གྲུབ་མཐའ་ཁྱུ་ཞིག་བྱུང་ཡོད་ལ། དེ་ཀུན་ཀྱང་འདི་ཉིད་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཟེར་མཁན་ཤ་སྟག་ཡིན། བོད་གངས་ཅན་པའི་མཁས་གྲུབ་རིམ་བྱོན་ཚང་མ་ཁ་དབུ་མ་སྣ་དབུ་མ་གསུང་བཞིན་བཞུགས་ཡོད་ནའང༌། དབུ་མའི་ལུགས་ཀྱི་གང་ཟག་གི་བདག་མེད་ངོས་འཛིན་བྱ་ཚུལ་ནི་ཡོད་ཚད་ཁ་ཁ་སོ་སོ་རེད། དེ་ཡང་འདོད་ཚུལ་ཆུང་ཚགས་ཁག་བཞག་ནས་གནད་འགག་ཆེ་ས་ནས་གླེང་ན། བོད་སྔ་རབས་པ་དང་ཕྱི་རབས་པའི་འདོད་པ་གཉིས་ལས། ཐང་སག་པའི་རྗེས་འབྲང་བོད་སྔ་མ་རྣམས་ཀྱིས་ནི། ངར་འཛིན་གྱི་ཡུལ་དུ་གྱུར་པའི་ངའམ་བདག་དེ་མ་བརྟགས་འཁྲུལ་ངོའི་སྣང་བ་འབའ་ཞིག་ལས། རིགས་པས་བརྟགས་ན་འདི་ཞེས་ངོས་བཟུང་མེད་པ་དེ་གང་ཟག་གི་བདག་མེད་ཀྱི་དོན་ཡིན། ངའོ་བདག་གོ་སྙམ་དུ་འཛིན་པ་དེ་གང་ཟག་གི་བདག་འཛིན་གྱི་དོན་ཡིན། ང་དང་བདག་ཅེས་བྱ་བ་དེ་འཁྲུལ་སྣང་ཙམ་ལས་དོན་ལ་མེད་དོ་སྙམ་དུ་ཡིད་ལ་བྱེད་པ་དེ་གང་ཟག་གི་བདག་མེད་བསྒོམ་པའི་དོན་ཡིན། ང་བདག་གི་འཛིན་པ་རྩད་ནས་རྒྱུན་ཆད་པ་དེ་གང་ཟག་གི་བདག་མེད་རྟོགས་ནས་གང་ཟག་གི་བདག་འཛིན་སྤངས་པའི་དོན་ཡིན་ཟེར། ཨ་མདོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། དབུ་མའི་ལུགས་ལ་ཁས་ལེན་མེད་ཅེས་སྨྲས་ནས་བསྡད་ན་འགྲིག །ཅེས་གསུངས་འདུག་པ་ལྟར་བོད་སྔ་མ་འདི་དག་གིས་གལ་དང་འགག་ལ་ཐུག་དུས་རིགས་པ་དེ་ཙམ་ཁས་མི་ལེན་པར་ཨུ་ཚུགས་ལྟ་བུ་ཞིག་གནང་ནས་བཞུགས་སྲོལ་ཡོད་པ་ཡིན་འདུག །རྗེ་བཙུན་ཙོང་ཁ་པས་ཀྱང་གཞན་གྱི་ལྟ་གྲུབ་གང་ལ་ཡང་སྐྱོན་འདོགས་ཁོ་ན་བྱེད་ཅིང༌། གཞན་པས་ཚུར་ལ་གནོད་བྱེད་སྟོན་དུས་སྐྱོན་སྤོང་གཅིག་ཀྱང་མི་བྱེད་པར་ཁོ་བོ་ཅག་ལ་གྲུབ་མཐའ་མེད་ཅེས་གཡོལ་ཐབས་བྱེད་པ་འདི་ནི་ཧ་ཅང་ཐབས་རྡུག་གི་ལས་ཀ་རེད། ཅེས་བཀའ་བཀྱོན་ཡང་ནས་ཡང་དུ་གནང་ཡོད། གལ་སྲིད་རིགས་པའི་འགྲོ་སྟངས་ཁས་ལེན་མཁན་ཞིག་ཡིན་ཚེ། གང་ཟག་བདག་མེད་ངོས་འཛིན་དེ་འདྲ་ཞིག་བྱ་སྲོལ་ག་ལ་ཡོད། བདག་དང་གང་ཟག་ཡོད་མེད་བརྟག་དཔྱད་གཏོང་དུས་རྙེད་རྒྱུ་མེད་ཚེ་ཡང་ན་གཏན་ནས་མེད་པའི་རྟགས་དང༌། ཡང་ན་འཚོལ་མ་ཤེས་པའི་རྟགས་རེད། དེ་ལྟ་མིན་ན་གཞི་གང་དུ་ཡོད་པ་དང༌། ཚུལ་ཇི་ལྟར་ཡོད་པ་བཙལ་ན་ཅི་ལ་མི་རྙེད། ངའོ་བདག་གོ་སྙམ་པའི་བསམ་བློ་དེ་འཁྲུལ་པ་དང་བདག་འཛིན་ཡིན་ན། ང་མེད་བདག་མེད་སྙམ་པའི་བསམ་བློ་དེ་ཚད་མ་དང་བདག་མེད་སྒོམ་པའི་བློ་ཡིན་དགོས། དེ་ལྟར་ན་ང་དང་བདག་མེད་དགོས་ཤིང༌། དེ་ལ་འདོད་ཟེར་ན་ང་མེད་ཟེར་མཁན་ཁྱོད་རང་སུ་ཡིན་སྨྲ་དགོས་སོ། །དཔལ་ལྡན་ས་སྐྱའི་མཁས་པ་ཆེན་པོ་གཡག་པས་ཀྱང་ངའོ་སྙམ་པའི་བློ་དེ་ངར་འཛིན་ཡིན་པའི་ཞལ་བཞེས་ལ་བརྟེན་ནས་རྗེ་འཇིགས་བྲལ་ཞབས་ལ་རྩོད་པ་ཤོར་བར་གྲགས་ཏེ་ཁོང་ལ་ཐུགས་ཁག་མེད་དོ། །ངའོ་སྙམ་པའི་བློ་དེ་ངར་འཛིན་དང༌། སེམས་ཅན་ནོ་སྙམ་པའི་བློ་དེ་བདག་འཛིན་ཡིན་ན། ངར་འཛིན་ཟད་པའི་འཕགས་པ་ཚོས་མི་ངོ་རང་ངོ་མི་ཕྱེད་པར་ཐལ་བ་སོགས་ཐོག་ལྟར་ཚ་བའི་ཉེས་སྐྱོན་མང་པོ་ཞིག་གཞན་གྱིས་བགྲང་ཡོད་ལ། དེ་དག་ལ་སྔ་རབས་པའི་མཁས་པ་སུས་ཀྱང་སྐྱོན་སྤོང་ཤེས་མེད། མ་ཤེས་པ་དེའང་ཁོང་རྣམ་ཚོ་ཤེས་རྒྱ་ཆུང་བའི་དབང་གིས་ཕོ་མ་བྱས་པ་མིན་པར་གནད་ལ་ཁེལ་བའི་དབང་གིས་བྱ་ཐབས་ཟད་པ་ཡིན་ནོ། །དབུ་མ་ཕྱི་རབས་པ་སྟེ་རི་བོ་དགེ་ལྡན་པའི་བསྟན་འཛིན་རྣམ་པས། བོད་སྔ་རབས་པའི་རྣམ་གཞག་ཡོད་ཚད་ཕྱིར་མི་ལྡོག་པར་ཚར་བཅད་རྗེས་རང་ལུགས་འདི་ལྟར་བཞག་ཡོད་དེ། སྤྱིར་ངའོ་སྙམ་པའི་བློ་ཙམ་ནི་སངས་རྒྱས་འཕགས་པ་ལ་ཡང་ཡོད་པས་དེ་ནི་ངར་འཛིན་དང་སྤང་བྱ་མིན། འོན་ཀྱང་ངའོ་སྙམ་པའི་བསམ་བློ་ཤུགས་དྲག་པོ་དེ་འདྲ་སྐྱེས་པ་ཡིན་ན་ད་གཟོད་ངར་འཛིན་དང་སྤང་བྱར་འགྱུར་འགྲོ་བ་ཡིན། དཔེར་ན་རྐུན་པོ་ཞིག་ལ་ཁྱོད་རྐུན་མ་རེད། ཅེས་བརྗོད་ན་ང་རྐུན་མ་ཡིན་སྙམ་པའི་བསམ་བློ་ཞིག་སྐྱེ་ངེས་ཤིང༌། དེའི་སྐབས་ཀྱི་ངའོ་སྙམ་པའི་བློ་དེ་ཚད་མ་དང་ཡུལ་དེ་ཚད་གྲུབ་ཡིན། རྐུན་མ་མིན་པའི་མི་ཞིག་ལ་ཁྱོད་རྐུན་མ་རེད། ཅེས་བརྗོད་ན་ང་རྐུན་མ་མིན་སྙམ་པའི་བསམ་བློ་ཞིག་སྐྱེ་ངེས་ཤིང༌། དེའི་སྐབས་ཀྱི་ངའོ་སྙམ་པའི་བློ་དེ་འཁྲུལ་པ་དང་ཡུལ་དེ་གཏན་མེད་ཡིན། འོ་ན་དེ་འདྲའི་ངའོ་སྙམ་པའི་བློ་སྔ་ཕྱི་གཉིས་པོར་འཛིན་སྟངས་མི་འདྲ་བ་ཅི་ཞིག་ཡོད་ཅེ་ན། ངའོ་སྙམ་པའི་བློ་སྔ་མ་དེ་དང་མི་འདྲ་བར་ཕྱི་མ་དེ་དམ་ཧྲིག་ཧྲིག་ཅིག་དང༌། དེའི་ཡུལ་གྱི་ང་དེའང་འཁྲང་ཐེང་ཐེང་ཞིག་ཡོད། དེ་འདྲའི་ཁྱད་པར་དེ་མི་ཕལ་པ་ཚོས་ངོས་ཟིན་དཀའ་ཡང་ཁ་ནང་ལ་བསྐོར་ན་ཉམས་མྱོང་གི་ཐོག་ནས་གོ་རྒྱུ་ཞིག་ཡོད། མདོར་ན་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་ང་ཙམ་ནི་འཆིང་འགྲོལ་གྱི་གཞི་ཡིན་པས་མཐའ་གཅིག་ཏུ་འཇོག་དགོས་ཤིང༌། འཛིན་སྟངས་ཀྱི་ཡུལ་དེ་ནི་ང་བདེན་གྲུབ་ཡིན་པས་མཐའ་གཅིག་ཏུ་དགག་དགོས་ཞེས་དང། དེ་འདྲའི་རྣམ་གཞག་ཞིབ་ཆ་ཅན་དེ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་ཆེན་ཁག་ཏུ་གསལ་པོར་མེད་ཀྱང༌། བླ་མ་དབུ་མ་པས་ཁྲིད་འོང་བའི་མདོ་ཁམས་ཀྱི་འཇམ་དབྱངས་དེ་ལ་བརྟེན་ནས་རྗེ་བཙུན་ཙོང་ཁ་པས་གསར་དུ་རྙེད་པ་ཡིན་ཞེས་སོགས་ཀྱང་སྨྲས་སྐད་འདུག་གོ །སྒྲ་མི་རྟག་གོ་སྙམ་པ་ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་སྦྱར་ཏེ་འཛིན་པའི་བློ་ལ་དམིགས་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་སུ་དབྱེར་རུང་གི །ངའོ་སྙམ་པའི་བློ་ཞིག་ལ་ཡུལ་མི་འདྲ་བ་གཉིས་བཙན་ཤེད་བྱས་ཀྱང་ཕྱེར་མི་བཏུབ། ལྟ་གྲུབ་ཀྱི་ཁུངས་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་མ་ཐུག་པར་ཡི་དམ་འཁྱམ་པོའི་མན་ངག་ལ་གཏུགས་པ་འདིས་རྟགས་དང་རྟེན་འབྲེལ་ཡོད་ཚད་འཁྱུག་ནས་སོང་བ་རེད། སྒྲུབ་བྱེད་དངོས་སྟོབས་ཀྱི་རིགས་པ་མ་རྙེད་པར་སེམས་འཛིན་གྱི་ཉམས་མྱོང་ལ་ཞལ་འཕེན་གནང་དགོས་བྱུང་བ་ཡང་སྡུག་རྟགས་མ་གཏོགས་ཡག་རྟགས་ཤིག་ག་ལ་ཡིན། འདི་དག་ཁོ་བོ་མི་སྒེར་གྱི་བསམ་འཆར་ཙམ་ཡིན། གཞན་བདག་དང་བདག་འཛིན་འཚོལ་སྟངས་དང་རྙེད་སྟངས་ཁྱད་མཚར་ཅན་དེ་ཚོ་ལ། ཡར་ལངས་མེད་པའི་དགག་པ་ཞིག་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དུ་བྲིས་འདུག་པ་དེས་ཆོག་པར་འདུག་པས་དེ་ཉིད་འདིར་བཀོད་ན། གལ་ཏེ་ནམ་རྒྱུན་གྱི་ངའོ་སྙམ་པའི་བློ་འདི་ཚད་མ་ཡིན་ན། ཁྱོད་རྐུན་མ་ཡིན་ནོ་ཞེས་བརྗོད་ཚེ་ངའོ་སྙམ་པའི་བློ་སྐྱེས་པ་དེའང་ཚད་མ་ཤུགས་ཆེ་རུ་སོང་བ་ཙམ་ཡིན་གྱི་བདེན་འཛིན་དུ་འགྲོ་དོན་ག་ལ་ཡོད། གལ་ཏེ་དེ་བདེན་འཛིན་ཡིན་ན། མི་ཞིག་གིས་སངས་རྒྱས་ནི་སྐྱབས་གནས་མ་ཡིན་ཞེས་བརྗོད་ཚེ། སྐྱབས་གནས་ག་ལ་མིན་སྙམ་པའི་བློ་སྐྱེས་པ་དེའང་བདེན་འཛིན་ཅིའི་ཕྱིར་མིན། དེ་བཞིན་འདི་བུམ་པ་མིན་ཞེས་བརྗོད་ཚེ། བུམ་པ་མིན་ན་གཞན་ཅི་ཞིག་ཡིན། བུམ་པ་ཡིན་པར་ཐག་ཆོད་སྙམ་པའི་བློ་དེ་ཡང་བུམ་པའི་བདེན་འཛིན་ཡིན་གྱི་ཚད་མ་ག་ལ་ཡིན། དེས་ན་ཁོང་ཅག་གི་ལུགས་ལྟར་ན་བློ་ཤུགས་ཆུང་བ་རྣམས་ཚད་མ་དང༌། བློ་དེ་ག་རང་ཤུགས་ཆེ་རུ་སོང་ཚེ་རླུང་ལོག་པ་བཞིན་བདེན་འཛིན་དུ་འགྲོ་བར་འདུག་པས་ཡ་མཚན། ཞེས་སོ། །འདི་ཡར་ལངས་མེད་པའི་དགག་པ་ཡིན་མིན་ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་ཡིག་མི་འཇིགས་སེང་གེའི་ང་རོ་ནས་བཟུང་སྟེ། དེང་སང་གི་ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེའི་མེ་ཆར་གྱི་བར་དུ་ཞིབ་ཏུ་ཀློག་དང་ཧ་གོ་བར་འགྱུར་རོ། །མདོར་ན་བདག་དང་གང་ཟག་སོགས་ཡོད་པ་མྱོང་བ་མངོན་སུམ་ཡིན་པས། སངས་རྒྱས་པ་ཚོས་བདག་དང་གང་ཟག་ཡོད་མེད་དམ། ཡང་ན་བདེན་གྲུབ་ཏུ་ཡོད་མེད་དཔྱོད་ཁུལ་བྱེད་པ་ནི་དོན་མེད་པའི་བྱ་སྤྱོད་ཡིན་ལ། ཡོད་ཚུལ་ཇི་ལྟར་ཡིན་པའི་སྐོར་ལ་གནའ་ནས་བཟུང་སྟེ་མཚན་ཉིད་རིག་པ་པ་ཚོས་དཔྱད་པ་བྱས་ཡོད་ཅིང༌། རིག་པའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན་དེ་ཉིད་གལ་འགངས་ཆེ་བའི་བྱ་གཞག་ཅིག་ཡིན་ཤས་ཆེ་ཡང༌། ཡོད་ཚུལ་འདི་འདྲ་ཡིན་ཞེས་ད་བར་སུས་ཀྱང་གསལ་པོར་མ་ཤོད་པར་སྣང་ངོ༌། །གནའ་བོའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་སོགས་མུ་སྟེགས་པའི་གྲུབ་མཐའ་ཚང་མས་གང་ཟག་གི་བདག་ཏུ་སྨྲ་བ་ན། སྟོན་པ་ཤཱཀྱ་ཐུབ་པས་དེ་དག་གི་ཁ་གཏད་དུ་ལངས་ཏེ་གང་ཟག་གི་བདག་མེད་སྨྲ་བའི་ཆོས་ལུགས་གསར་པ་འདི་སྲོལ་གཏོད་པ་ཡིན་པས། ལྟ་བའི་ཐད་ནས་གང་ཟག་གི་བདག་མེད་འདི་སངས་རྒྱས་ཆོས་ལུགས་ཀྱི་སྙིང་ལྟ་བུ་ཡིན། སྐབས་དེ་དག་ཏུ་ཆོས་ཀྱི་བདག་མེད་ཀྱི་སྐོར་ལ་སྐད་ཆ་ཅི་ཡང་མེད་མོད། ཕྱིས་སུ་མཁས་པ་མང་པོས་གང་ཟག་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་དངོས་པོ་གཞན་དག་ལ་ཡང་ཁ་སྤོ་རྒྱུ་ཡོད་པར་ཧ་གོ་ནས། རྣམ་རིག་པ་དང་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་པའི་གྲུབ་མཐའ་གསར་པ་གཉིས་བཙུགས་ཏེ་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་པ་རེད། དབུ་སེམས་གཉིས་ཀྱི་གཞུང་ལུགས་ཕལ་མོ་ཆེ་བོད་དུ་འགྱུར་ཞིང༌། བསྟན་པ་སྔ་དར་གྱི་སྐབས་ནས་བཟུང་སྟེ་ད་ལྟའི་བར་གྱི་མི་ལོ་ཆིག་སྟོང་ལྷག་གི་རིང་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་ཀྱང་རྒྱུན་ཆད་མྱོང་མེད། འོན་ཀྱང་གཞུང་ཆེན་དེ་དག་ལ་འགྲེལ་བཤད་བསྐྱོན་སྐབས་བཤད་སྟངས་རྩ་བ་ནས་མི་འདྲ་བ་གཉིས་བྱུང་ཡོད། བོད་ཀྱི་དབུ་མ་པ་སྔ་མ་ཚོས་ཟེར་ན། སྣང་ཞིང་སྲིད་པའི་ཤེས་བྱ་ཡོངས་རྫོགས་བདག་འཛིན་མ་རིག་པའི་དབང་གིས་བྱུང་བའི་འཁྲུལ་སྣང་ཤ་སྟག་ཡིན་པ་དང༌། བརྟགས་ཤིང་དཔྱད་ན་ཆུ་ཤིང་ལ་སྙིང་པོ་འཚོལ་བ་ལྟར་དཔྱད་བཟོད་དུ་གྲུབ་པ་རྡུལ་ཕྲན་ཙམ་ཡང་མེད། དེ་ཡང་རགས་པའི་དངོས་པོ་རྣམས་བཅོམ་ཞིང་བསལ་ན་ཐལ་བ་རྡུལ་དུ་འགྱུར་འགྲོ་ལ། རྡུལ་ཕྲན་ཞེས་པའི་དངོས་པོ་ཆུང་མཐའ་ཞིག་ཀྱང་ཡོད་མི་སྲིད་དེ། བྱེ་མདོས་འདོད་པའི་ཕྲ་རྡུལ་དེ་ལ་ཤར་བསྟན་གྱི་ཆ་དང༌། ནུབ་བསྟན་གྱི་ཆ་གཉིས་སུ་ཕྱེ་རྒྱུ་ཡོད་ན་ནི་ཆུང་མཐའ་མ་ཡིན་དགོས་ལ། མེད་ན་ནི་རང་རང་གི་གོ་ས་ནོན་མི་ཤེས་པས་རྡུལ་ཕྲན་གྱི་ཁྱད་ཆོས་བརླགས་ཚར་བ་རེད། དེས་ན་ས་རྡོ་རི་བྲག་སོགས་མ་བརྟགས་མ་དཔྱད་ན་ཡོད་ཡོད་བདེན་བདེན་ལྟ་བུ་འདི་དག་ཀྱང་རིགས་པས་དཔྱད་ན་འཇའ་ལ་རེག་པ་བཞིན་ཡལ་འགྲོ་བས་མི་བདེན་འཁྲུལ་སྣང་དུ་ཤེས་དགོས། ནང་གི་སེམས་ལ་དཔྱད་ན་ཡང་དེ་དང་འདྲ་སྟེ། དགའ་སྡུག་ཆགས་སྡང་སོགས་རྒྱུན་ལྡན་གྱི་ཤེས་པ་འདི་དག་ལ་ཞིབ་ཏུ་དཔྱད་ན་དུས་ཤིན་ཏུ་ཐུང་ངུ་རེའི་ནང་དུ་སྐྱེ་འགག་བྱེད་པ་མ་གཏོགས་སྐད་ཅིག་ཙམ་ལ་ཡང་མི་སྡོད་པས། དུས་སྔ་ཕྱི་སོ་སོ་ན་ཡོད་པའི་ཤེས་པ་གཉིས་པོ་གཅིག་ཏུ་སྣང་བ་འདི་མགལ་མེའི་འཁོར་ལོ་ལྟར་འཁྲུལ་པ་ཡིན་པར་ར་འཕྲོད་ཐུབ། ཤེས་པ་གཅིག་ལ་སྔ་ཕྱི་ཆ་ཤས་སོ་སོར་ཕྱེ་རྒྱུ་མེད་པ་ཞིག་ཡོད་མི་སྲིད་དེ། གལ་སྲིད་ཡོད་ན་དེ་འདྲའི་ཤེས་པ་སྐད་ཅིག་མ་གསུམ་རྒྱུན་ཆགས་སུ་འབྱུང་བའི་ཚེ། ཤེས་པ་སྐད་ཅིག་དང་པོ་དང༌། གཉིས་པ་གཉིས་དུས་གཞན་གྱིས་བར་དུ་ཆོད་ན་རྒྱུན་ཆགས་ཀྱི་དོན་མེད། བར་དུ་མ་ཆོད་ན་འཕྲད་དགོས། འཕྲད་ན་དུས་མཉམ་ཡིན་དགོས་པས་སྐད་ཅིག་གཉིས་མཐུད་ཀྱང་གཅིག་གི་ཡུན་ལས་མི་ལོངས་པར་འགྱུར་རོ། །ད་དུང་སྐད་ཅིག་གཉིས་པ་དེར་སྐད་ཅིག་དང་པོ་ལ་འཕྲད་པའི་ཆ་གཅིག་དང༌། གསུམ་པ་ལ་འཕྲད་པའི་ཆ་གཅིག་སྟེ་སྔ་ཕྱིའི་ཆ་ཤས་གཉིས་སུ་ཕྱེ་རྒྱུ་ཡོད་ན་སྔ་ཕྱིའི་ཆ་མེད་ཉམས་ཤིང༌། ཕྱེ་རྒྱུ་མེད་ན་དང་པོ་ལ་འཕྲད་པའི་ཆ་དེ་ཕྱི་མ་ལ་འཕྲད་པའི་ཆ་ཡང་ཡིན་དགོས་པས་སྐད་ཅིག་དང་པོ་དང་གསུམ་པ་གཉིས་ཀྱང་འཕྲད་པར་འགྱུར། ཞེས་སོགས་རྣོ་ལ་སྐྱེན་པའི་རིགས་པ་མང་པོ་བརྗོད་ཡོད། དེ་ལྟར་བརྟགས་དཔྱད་བྱས་ན་དཔྱད་བཟོད་ཀྱི་ཆོས་སྣ་གཅིག་མེད་པས་སྣང་བ་ཡོད་ཚད་གཞི་མེད་ཀྱི་འཁྲུལ་སྣང་རྐྱང་རྐྱང་དུ་ཁས་ལེན་པ་ཡིན་ཟེར། དེང་སང་ཀུན་གྱི་ཁ་ན་རྒྱུ་བའི་ཐ་སྙད་ཚད་མས་མ་གྲུབ་ཟེར་བ་དེའི་དོན་འདི་རེད། འོ་ན་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཉིད་དེ་དོན་དམ་བདེན་པ་ཡང་མེད་དམ་ཞེས་དྲིས་པ་ན། མེད་ཅེས་སྨྲ་མ་ནུས་ཤིང་ཡོད་ཅེས་ཀྱང་ཟེར་མ་ཤེས་པས་དེ་དག་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཟེར། ཡོད་མེད་གཉིས་ཕུང་གསུམ་ཁེགས་པའི་དངོས་འགལ་མིན་ནམ་ཞེས་དྲིས་པ་ན། ང་ཚོའི་བློ་ངོར་དངོས་འགལ་ཡིན་ཀྱང་དོན་ལ་དེ་ལྟར་ཡིན་པར་མ་ངེས་ཟེར། ཡོད་མེད་གང་ཡང་མིན་པའི་གནས་ལུགས་དེ་ཤེས་རྒྱུ་ཡོད་དམ་མེད་ཅེས་དྲིས་པ་ན། དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཤེས་རྒྱུ་ཡོད་པའང་ཁས་མི་ལེན། ཤེས་རྒྱུ་མེད་པའང་ཁས་མི་ལེན་ཟེར། དེང་སང་ཡོངས་གྲགས་ཀྱི་ཁས་ལེན་མེད་པའི་གྲུབ་མཐའ་ཟེར་བ་དེ་འདི་རེད། ཐ་སྙད་ཚད་མས་མ་གྲུབ་པའི་དམ་བཅའ་དང༌། ཁས་ལེན་མེད་པའི་གྲུབ་མཐའ་འདི་གཉིས་ལ་ཞིབ་ཏུ་བསམ་ན་དངོས་གནས་དགོད་ཤོར་འོང་བར་འདུག །ཐ་སྙད་ཚད་མས་མ་གྲུབ་ན་ཐ་སྙད་པའི་ཆོས་ཀྱི་བྱེ་བྲག་ཁོའི་བློ་དེའང་ཚད་མས་མ་གྲུབ་དགོས་པས་དེས་ཐ་སྙད་ཚད་མས་མ་གྲུབ་པ་ཇི་ལྟར་ཤེས་པ་ཡིན་ནམ། སྣང་བ་ཡོད་ཚད་གཏད་སོ་མེད་པའི་འཁྲུལ་སྣང་ཡིན་ན། ཡོད་ཚད་འཁྲུལ་སྣང་དུ་ཐག་གཅོད་བྱེད་པའི་བློ་དེ་ཡང་འཁྲུལ་བློ་ཡིན་དགོས་པས་དེས་ཐག་གང་བཅད་ལའང་གཏད་སོ་ཅི་ཞིག་ཡོད། ཁོས་ཡོད་ཚད་འཁྲུལ་སྣང་དུ་ཐག་བཅད་པའི་ཞོར་ལ་ཁོས་བཤད་ཚད་ཐམས་ཅད་ཀྱང་འཁྲུལ་བཤད་གཟའ་བཤད་རྐྱང་རྐྱང་ཡིན་པར་ཐག་བཅད་པ་ཡིན་པས་རང་གིས་རང་ལ་དེ་སྡུག་མེད་པའི་མཚང་འབྲུ་ཁྱད་གསོད་བྱས་པ་ཡིན་ནོ། །སངས་རྒྱས་དཀོན་མཆོག་དང་དཀོན་མཆོག་དེའི་ཆོས་ཉིད་གཉིས་གོ་རིག་ཐོས་གསུམ་གང་ཡང་མི་འདུག་ན་མེད་ཅེས་ལབ་བཞག་ན་ལོས་ཆོག །ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཟེར་ཅི་དགོས། སངས་རྒྱས་མེད་ན་གདུལ་བྱ་སུས་འདུལ། ཆོས་འཁོར་སུས་བསྐོར་སྙམ་ནས་ཞེད་སྣང་ལངས་པ་ཡིན་ན། གདུལ་བྱ་འདུལ་བ་དང༌།ཆོས་འཁོར་བསྐོར་བ་དེ་ཚོ་འཁྲུལ་སྣང་རེད་ཅེས་ཁྱོད་ཀྱིས་བཤད་ཟིན་པ་མིན་ནམ། འཁྲུལ་སྣང་ལ་ནི་བྱེད་པོ་མི་དགོས་ཏེ། དཔེར་ན་མིག་བཙིར་བའི་སྐབས་ཀྱི་ཟླ་གཉིས་བཞིན་ནོ། །ཁས་ལེན་མེད་ན་ཁ་རོག་འདུག་མི་བཞག་པར་རྩོད་པའི་གྲྭ་རུ་ཅི་ལ་སླེབ་ཡོང་བ་ཡིན་སུས་ཤེས། རིགས་པ་ལ་གཡོལ་བའི་ཆེད་དུ་མ་དཔྱད། ཅུང་ཟད་དཔྱད་པ། ཤིན་ཏུ་དཔྱད་པའི་རྣམ་གཞག་གསུམ་མམ། ཐ་སྙད་གཞིར་བཞག་དང༌། དོན་དམ་གཞིར་བཞག་གི་གནས་སྐབས་གཉིས་སུ་དབྱེ་བ་སོགས་པར་པུར་མང་པོ་ཞིག་བྱས་ཡོད་མོད། ཡོད་ཚད་རང་མགོ་རང་གཡོག་གི་ལས་ཀ་ཡིན། གནས་སྐབས་ཞེས་པ་དུས་ཚོད་སྟོན་པའི་ཚིག་ཡིན་གྱི་ཕྲ་རགས་སྟོན་པའི་ཚིག་མིན་པ་འདི་ཉིད་ཁོ་ནས་དེ་ཚོའི་དེ་ཉིད་ལྷང་ལ་ཕུད་ཚར། དངོས་པོ་གཅིག་ཉིད་ཐོག་མར་ཡོད་པར་རྟོགས་པའི་ཚད་མ་སྐྱེ། བར་དུ་མེད་པར་རྟོགས་པའི་ཚད་མ་སྐྱེ། མཐར་ཡོད་མེད་གང་ཡང་མིན་པར་རྟོགས་པའི་ཚད་མ་སྐྱེ་ཆོག་ན་འཇིག་རྟེན་འདིར་མི་ཆོག་པ་དང་མི་རུང་བ་ཅི་ཡང་མི་སྲིད། ཁྱོད་རང་ཐོག་མར་མི་ཡིན་པར་རྟོགས་པའི་ཚད་མ་དང༌། བར་དུ་ཁྱི་ཡིན་པར་རྟོགས་པའི་ཚད་མ་དང༌། ཐ་མར་འདྲེ་ཡིན་པར་རྟོགས་པའི་ཚད་མ་ཁོ་བོའི་རྒྱུད་ལ་སྐྱེ་བྱུང་ཞེས་སྨྲ་བར་འདོད་དོ། །རང་རྒྱུད་གྲུབ་མཐས་བསླད་ཆེས་པས་རང་སྐྱོན་མཐོང་མི་ཐུབ་པ་མ་གཏོགས་སྔ་རབས་པའི་གྲུབ་མཐའ་འདི་ལས་ནོར་ཚབས་ཆེ་བ་ཞིག་ཕལ་ཆེར་མི་སྲིད་པའི་ཚོད་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་རྗེ་ལེགས་ཆོས་པས། ཡིད་ལ་སྒོམ་ཚེ་ཅི་ཡང་མི་འཆར་ཞིང༌། །ངག་གི་ལམ་ནས་གང་ཡང་མི་སྨྲ་བར། །ལུས་ཀྱི་རྣམ་འགྱུར་ཁོ་ནས་འཛིན་དགོས་པའི། །གྲུབ་མཐའ་འདི་ནི་ཁྱོད་ཀྱི་བགོ་སྐལ་ཡིན། །ཞེས་སྔ་རབས་པའི་ཡོད་མིན་མེད་མིན་གྱི་ལྟ་བ་དང༌། ཁས་ལེན་མེད་པའི་རྩོད་པ་ལ་ཤགས་འདེབས་གནང་བ་འདི་ཅི་འདྲའི་གནད་ལ་ཁེལ་བ་ཞིག་རེད་ཨང༌།
རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱིས། བོད་སྔ་རབས་པའི་གྲུབ་མཐའ་དེས་ཆུ་མི་ཐུབ་པར་གཟིགས་ནས་རང་ལུགས་གསར་པ་ཞིག་བཟོས་ཡོད་པ་ནི་འདི་ལྟར། ཆོས་ཀྱི་བདག་མེད་ཅེས་གསུངས་པ་དེ་བུམ་པ་ཀ་བ་སོགས་གཏན་ནས་མེད་གསུངས་པ་མ་རེད། དེ་ཚོ་བདེན་གྲུབ་ཀྱིས་མེད་གསུངས་པ་རེད། ཡོད་པ་དང་བདེན་གྲུབ་ཀྱིས་ཡོད་པ་གཉིས་དང༌། མེད་པ་དང་བདེན་གྲུབ་ཀྱིས་མེད་པ་བཅས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཁྱད་པར་འདི་ངོས་ཟིན་མཁན་རྗེ་ཙོང་ཁ་པ་ཁོང་ཙམ་མ་གཏོགས་གཞན་བོད་པ་ཉུང་ཉུང་ཡིན། རགས་པའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲན་དེ་བྱེ་མདོ་གཉིས་ཀྱིས་བཤད་པ་ལྟར་ཕྱོགས་ཀྱི་ཆ་མེད་མིན་པར་ཆ་བཅས་ཡིན། ཤེས་པ་སྐད་ཅིག་དང་པོ་དང་གཉིས་པའི་བར་དུ་དུས་གཞན་གྱིས་བར་དུ་མ་ཆོད་ཀྱང་དེ་གཉིས་འཕྲད་མི་དགོས། གཞི་གང་ལ་སྦྱར་ཡང་ཡོད་པ་མ་ཡིན་ན་མེད་དགོས་ཤིང༌། མེད་པ་མ་ཡིན་ན་ཡོད་དགོས། དགག་པ་གཉིས་ཀྱིས་རྣལ་མ་གོ་བ་འདི་རིགས་པ་སྨྲ་བ་སྤྱིའི་ལུགས་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན། གཉིས་ཀའང་མ་ཡིན། གཉིས་ཀ་མ་ཡིན་པའང་མ་ཡིན། ཞེས་སྨྲ་བ་ནི་ཁ་ན་རོགས་དང༌། དེ་ལྟར་བསྒོམ་པ་ནི་སྙིང་ལངས་རོགས་ལས་དོན་སྙིང་དང་གྲུབ་འབྲས་སྤུ་ཙམ་མེད། གཞན་ལུགས་རིགས་པས་ཚར་བཅད་རྗེས་རང་ལུགས་རིགས་པས་བསྒྲུབ་ཤེས་དགོས་ཀྱི། ང་ལ་ཁས་ལེན་མེད་ཅེས་བརྗོད་དེ་ལག་སྟོང་མཆན་ལ་བཅུག་ནས་སྲ་ཐོ་སེར་འཆི་རྒྱུར་སྒུག་བསྡད་ན་མི་འགྲིག །ཅེས་སོགས་སྐད་ཆ་གསར་པ་མང་པོ་ངར་ངར་རྫིག་རྫིག་དང་བཅས་བཤད་འདུག་ལ། དེ་དག་གི་ཁྲོད་ནས་སྔ་རབས་པ་ལ་འཕངས་པ་ཕལ་མོ་ཆེ་གནད་དུ་བསྣུན་ཡོད་ཀྱང༌། རང་ལུགས་ཀྱི་རྩ་བའི་གྲུབ་མཐའ་དེ་ཚོ་ནི་ཡིད་དུ་འོང་བ་ཞིག་གཏན་ནས་མ་རེད། ཡོད་པ་དང་བདེན་གྲུབ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་འཇོག་ཁུལ་བྱས་པ་འདི་ནོར་བ་ཐམས་ཅད་ཀྱི་རྩ་བ་ཡིན། ཡོད་ཀྱང་མི་བདེན་པའི་དངོས་པོ་ཞིག་བཙལ་ཀྱང་རྙེད་རྒྱུ་མེད། ཡོད་འཛིན་ལས་ལྷག་པའི་བདེན་འཛིན་ཞིག་འཇིག་རྟེན་སུ་ལ་ཡང་མེད། སུ་ལ་ཡང་ཆ་རྒྱུས་མེད་པའི་བདེན་ཚད་དེ་རང་བཟོ་ཡིན། དེ་འདྲའི་བདེན་གྲུབ་དེ་མེད་པར་རྟོགས་ཀྱང་དགོས་ནུས་སྤུ་ཙམ་མེད་དེ། དེས་ཉོན་མོངས་སྐྱེ་བའི་སྒོ་ཅུང་ཙམ་ཡང་མི་ཁེགས་པའི་ཕྱིར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གྲོགས་པོར་མཚན་མར་ཞེན་པའི་བདེན་འཛིན་དང༌། །གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས། །སྲེད་པ་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། །དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང༌། །དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། །ཞེ་སྡང་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། ཅེས་གསུངས་པ་འདིས་ཁྱེད་ཅག་གི་གྲུབ་མཐའ་དེའི་སྙིང་དམར་དམར་པོ་དེ་ཁྲོམ་བསྒྲགས་བྱས་ནས་བསྟན་མི་འདུག་གམ། ད་དུང་ཧ་མ་གོ་ན་ཞེ་སྡང་ཅན་གྱི་མི་ཞིག་ལ། ཁྱོད་རང་དགྲ་བོའི་ཐོག་ཏུ་ཞེ་སྡང་ལངས་པ་ཡིན་ནམ། ཡང་ན་བདེན་གྲུབ་ཀྱི་ཐོག་ཏུ་ཞེ་སྡང་ལངས་པ་ཡིན། ཞེས་བཀའ་འདྲི་ཞིག་གནོངས་དང་བློ་སྐྱེད་ཡོད་པའི་ལན་ཞིག་འབུལ་རྒྱུ་རེད། གཟུགས་ཀྱི་ཆུང་མཐའ་དང༌། ཕྱོགས་ཀྱི་ཆ་བཅས་གཉིས་ཡིན་ཞིག་འདོད་པ་ནི་རིགས་པ་མི་ཤེས་པའི་ངན་རྟགས་ཡིན། ཁོ་བོ་ལ་ཡིད་མ་ཆེས་ན། སློབ་དཔོན་དབྱིག་གཉེན་གྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། ཞེས་པའི་ཚིགས་བཅད་གཅིག་གསུངས་འདུག་པ་དེར་ཐུགས་བསམ་བཞེས་དང་གོ་རྒྱུ་ཆེན་པོ་ཡོད། གལ་སྲིད་རྡུལ་ཕྲན་ཐུག་མེད་དུ་ཞལ་གྱིས་བཞེས་རྩིས་ཡིན་ན་ནི། དབུ་མ་ཚང་གི་ཕ་ནོར་དྲག་ཤོས་ཏེ་གཅིག་དུ་བྲལ་གྱི་རིགས་པ་འདི་ཆུ་ལ་གཡུག་དགོས། རྒྱུ་མཚན་ནི་རྡུལ་ཕྲན་ཇི་ལྟར་བཤིག་ཀྱང་དུ་མ་མི་འདོར་བས་དུ་མ་མི་བདེན་པའི་རྒྱུ་མཚན་བཤད་རྒྱུ་མེད་སོང་བས་རེད། ཤེས་པ་སྐད་ཅིག་དང་པོ་དང་གཉིས་པ་གཉིས་མ་འཕྲད་ན་བར་མ་ཆད་ཟེར་བ་འོང་མི་སྲིད་ཅིང༌། དུས་ཀྱང་ཐུག་མེད་དུ་འདོད་ན་གཅིག་དུ་བྲལ་གྱི་རིགས་པས་གོ་མི་ཆོད་པ་སྔ་མ་དང་མཚུངས་སོ། །མདོར་ན་རི་བོ་དགེ་ལྡན་པའི་མཁས་པ་དག་གིས་གསུངས་ན། བོད་སྔ་མ་ཚོའི་འདོད་པའི་ཐ་སྙད་ཚད་གྲུབ་མིན་པ་དང༌། ཁས་ལེན་མེད་པའི་ལྟ་བ་ལྟ་བུའི་ལོག་རྟོགས་རྫབ་ཆེན་དེ་འདྲ་ནི་མུ་སྟེགས་རྒྱང་འཕེན་པའི་རྒྱུད་ལའང་སྐྱེ་མ་མྱོང་ཞིང༌། གལ་སྲིད་ཁོ་ཚོས་ལྟ་བ་དེ་ཉིད་ལག་ལེན་དུ་བཏབ་པའི་དབང་དུ་བཏང་ན་ནི། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་ལྟ་ཅི་སྟེ། སོ་ནམས་ཞིང་ལས་སོགས་ཚེ་འདིའི་འཚོ་ཚིས་ཙམ་ཡང་འགྲུབ་ཐབས་མེད་པས་རིགས་ལོག་དེ་གྲས་ནི་ལྟོགས་གྲིར་འཆི་བའི་མན་ངག་དེའི་ཡན་མེད་པ་ཞིག་རེད་འདུག་ཅེས་དགག་པ་བརྒྱབ་ཡོད། དེ་བཞིན་བོད་སྔ་རབས་པའི་མཁས་པ་རྣམ་པས་ཀྱང༌། དགེ་ལྡན་པ་ཚོས་ཚད་མའི་ལུགས་ལ་ཡན་ལག་ལས་ལོགས་སུ་ཡན་ལག་ཅན་གྱི་རྫས་ཁས་བླངས་པ་འདིས་གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་ཆུ་ལ་བསྐྱུར་བ་རེད། དབུ་མའི་ལུགས་ལ་སྣང་བ་ཟུར་དུ་བཞག་ནས་བདེན་གྲུབ་ལོགས་སུ་འཚོལ་ཁུལ་བྱས་པ་དེས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་རླུང་ལ་བསྐུར་བ་རེད། ལུགས་འདིས་དགག་བྱ་འཚོལ་སྟངས་དང་གཉེན་པོ་བསྟེན་སྟངས་དེ་ཚོ་ནི་དགྲ་བོ་བསྐྱུར་ཏེ་གྲིབ་མ་ལ་འཐབ་འཛིང་བྱེད་པ་ཡིན་པས་བསྐལ་པ་བརྒྱ་ཡི་བར་དུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཅུང་ཟད་ཙམ་ཡང་ཡོད་མི་སྲིད། ཅེས་སོགས་སྐྱོན་འདོགས་རྐྱང་བྱེད་དེ། ལྟ་བའི་སྐོར་ལ་ཐུག་དུས་བོད་སྔ་ཕྱི་གཉིས་པོ་ཁྱི་དང་ར་འགྲོགས་པ་ནང་བཞིན་ཆགས་བསྡད་ཡོད། དེང་སང་ཁ་ཅིག་གིས། སྔོན་བྱོན་མཁས་གྲུབ་རྣམ་པའི་བར་ལ་ཚིག་གི་འཛིན་མཚམས་མི་འདྲ་བ་ཕྲན་བུ་ཡོད་པ་མ་གཏོགས་ཕུགས་ཀྱི་དགོངས་པ་གཅིག་ཡིན། ཚིག་གི་འཛིན་མཚམས་མི་འདྲ་བ་དེ་ནི་གྲུབ་མཐའ་ཕན་ཚུན་བྱི་དོར་དང༌། རྒྱལ་བའི་བསྟན་པ་ལ་དག་ཐེར་གནང་བའི་དགོས་ཆེད་རྨད་དུ་བྱུང་བ་ཡོད། ཅེས་སོགས་ཇོ་བཟང་གི་གསུང་བཟང་འབའ་ཞིག་ཕབ་ཀྱིན་འདུག །འདི་དག་ཆོས་ཀྱི་གནས་ལུགས་ཅི་ཡང་མི་ཤེས་པའི་མི་ནག་ཚོའི་ཆགས་སྡང་གི་སྒོ་འགོག་པའི་ཆེད་དུ་གསུངས་པའི་དགོངས་པ་ཅན་གྱི་གསུང་འདྲ་ཡིན་ན་ནི་དེར་ཟད། དེ་ལྟ་མིན་ན་གསུང་དེ་དག་ལ་སྙིང་པོ་མེད་དེ། གྲུབ་མཐའ་གཅིག་གིས་གཅིག་ལ་ཉེས་མེད་ཉེས་འདོགས་དང༌། ནག་མེད་ནག་འཛུགས་བྱས་པས་ཕན་ཚུན་བྱི་དོར་བྱས་པར་མི་འགྲོ་ཞིང༌། རྒྱལ་བསྟན་དཀར་འཇམ་ཡུག་གཅིག་ཏུ་གནས་པ་ལ་དུམ་བུ་གཉིས་སུ་བགོས་ཏེ་འཐབ་རྩོད་བྱས་པས་བསྟན་པ་དག་ཐེར་དུ་ཇི་ལྟར་འགྱུར། མཛེས་མཚོན་གྱི་བཀའ་མོལ་གསུང་མཁན་ཁོང་རྣམ་ཚོའི་ནང་ཁུལ་དུ་ཡང་དོན་དུ་ནང་འགྲིག་ཅི་ཡང་བྱུང་མེད། སྔ་རབས་པའི་ཁྲོད་དུ་སྡོད་པའི་མཐུན་ཐབས་སྨྲ་བ་ཚོས་ནི། རྗེ་བདག་ཉིད་ཆེན་པོ་ཉིད་ཀྱི་ཐུགས་ལ་ནི་ཡོད་མིན་མེད་མིན་གྱི་ལྟ་བ་ཁོ་ན་བཞུགས་པ་ཡིན་ཡང༌། ལྟ་བ་དེའི་སྐལ་པ་མེད་པའི་གདུལ་བྱ་དམན་པ་དག་གི་ངོར་གནས་ལུགས་མེད་དགག་ཏུ་གསུངས་པ་ཡིན་ཟེར། སྐད་ཆ་འདི་ངོས་ལེན་ཞུ་མཁན་གྱི་དགེ་ལྡན་པའི་མི་གཅིག་ཀྱང་བྱུང་མྱོང་མེད། དགེ་ལྡན་པའི་ཁྲོད་ཀྱི་མཐུན་ཐབས་སྨྲ་བ་ཚོས། སྔ་རབས་པའི་སྐྱེས་ཆེན་རྣམ་པས་སྤྲོས་བྲལ་དང་བློ་འདས་སོགས་གསུངས་པ་དེ་ཚོ་ཞིབ་ཆ་མ་ཐོན་པའི་གྲུབ་ཐོབ་ཀྱི་སྐད་ཆ་ཙམ་རེད། དགོངས་པའི་གཏད་སོ་རང་རེའི་སྟོང་རྐྱང་མེད་དགག་འདི་རང་ཡིན་ཟེར། སྔ་རབས་པ་ཞིག་ལ་མཚོན་ན་དེ་ནི་ནམ་ཡང་ཁས་ལེན་ཐབས་བྲལ་བའི་སྐད་ཆ་རེད། དེས་ན་ཁོ་བོས་བོད་སྔ་ཕྱིའི་དགོངས་པ་འགལ་མེད་དུ་འགྲེལ་མཁན་གྱི་མི་སྣ་དེ་ཚོ་ནི་ཁ་ཡག་རིང་ལུགས་པ་དང༌། འགན་ཁུར་མེད་པའི་བྱ་སྤྱོད་སྤེལ་མཁན་རེད་བཞག་ཅེས་ཁ་རྡུང་གཏོང་སྙིང་འདོད། འོ་ན་ལུགས་དེ་གཉིས་ལས་གང་ཞིག་མ་འགྲིག་པ་ཡིན་ཟེར་ན་གཉིས་ཀ་མ་འགྲིག་པ་ཡིན། དེ་ཡང་བོད་ཀྱི་མཁས་པ་རིམ་བྱོན་གྱི་ཁྲོད་དུ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཚོལ་མཁན་ཁོ་ན་མ་གཏོགས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་དེ་འགྲིག་མིན་གྱི་ཕྱོགས་སུ་བསམ་བློ་གཏོང་ཕོད་མཁན་མི་གཅིག་ཀྱང་མེད་པས་ལན་སོང་བ་རེད། ཁོང་རྣམ་པ་ལ་ཡང་ཐུགས་ཁག་ཁྱོན་ནས་མེད་དེ། ཀླུ་སྒྲུབ་ཡབ་སྲས་ཀྱི་མཁྱེན་དཔྱོད་ལ་ཧ་མི་ལས་མཁན་ཞིག་དང༌། དབུ་མའི་རིགས་པ་ལ་ངོ་མི་མཚར་མཁན་གྱི་མཁས་པ་ཞིག་འཇིག་རྟེན་འདིར་བྱུང་མ་མྱོང་ལ། ཁོང་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་དེར་རྩ་བ་རང་ནས་མ་འགྲིག་པའི་ནོར་འཁྲུལ་ཞིག་ཤོར་ཡོད་སྙམ་པའི་བསམ་བློ་སུ་ལ་ཡང་འཁོར་མྱོང་མེད། འོན་ཀྱང་མིའི་རིགས་ཀྱི་ཤེས་རབ་རིམ་གྱིས་གོང་དུ་འཕེལ་ནས་དུས་རབས་ཉི་ཤུ་པར་སླེབ་པ་ན། ད་གཟོད་སྔོན་གྱི་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་བློ་སྐྱེད་ཁ་ཅིག་རག་ཡོད་པ་རེད། སྔོན་ཆད་དུས་ཚོད་ནི་ཕྲེང་ཐགས་ལྟ་བུ་དང༌། སྐྱེ་འཇིག་ཅན་གྱི་དངོས་པོ་སྣ་ཚོགས་ནི་དུས་ཚོད་དེར་བརྒྱུས་པའི་ཕྲེང་རྡོག་ལྟ་བུའི་ངོས་འཛིན་ཡོངས་ཁྱབ་ཀྱིས་བྱེད་ཀྱིན་ཡོད། གནའ་བོའི་རྒྱ་གར་གྱི་སློབ་དཔོན་རྣམ་པས་ཀྱང་ལྟ་ཚུལ་དེ་ཉིད་གཞིར་བཞག་གི་ཐོག་ནས་དུས་ཀྱི་ཐུང་མཐའ་མའི་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་ཀྱི་བརྟག་དཔྱད་གནང་བ་རེད། ཆ་ཤས་ཡོད་ན་ཐུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རྒྱུན་རྩོམ་མི་ཐུབ་པར་གཟིགས་ནས་ཤེས་པ་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ལྟོས་བཅས་ཚན་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་སུས་ཀྱང་ནུས་རེ་བྲལ། དགེ་ལྡན་པའི་མཁས་པ་ཚོས་ཤེས་པ་མེད་ཟེར་བཞག་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། ཤེས་པ་སྐད་ཅིག་མ་གཉིས་མཐུད་ནས་རྒྱུན་རྩོམ་སྐབས་བར་སྟོང་མེད་ཅིང་ཐུག་འཕྲད་ཀྱང་མེད་པ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་གསུངས་ཀྱང༌། བར་སྟོང་དང་ཐུག་རེག་གཉིས་ཀ་མེད་པ་ཞིག་ཡོང་ཐབས་རྩ་བ་ནས་མེད། ལྟོས་བཅས་སྨྲ་བས་དངོས་པོ་སོ་སོའི་འགུལ་སྐྱོད་ལས་ལོགས་སུ་དུས་ཚོད་རང་རྐྱ་བར་མེད། ཅེས་བཤད་པ་འདིས་གཞི་ནས་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་བརྟག་པ་ནི་དོན་མེད་སྐོར་ལོག་གི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། དེ་བཞིན་ཡབ་སྲས་ཀྱིས་བེམ་པོ་ལ་དཔྱོད་པའི་སྐབས་སུ། རགས་པ་བཤིག་ན་རྡུལ་དུ་འཇིག་འགྲོ་ལ། རྩོམ་གཞིའི་ཕྲ་རྡུལ་དེའང་ཕྱོགས་ཀྱི་ཆ་དང་བཅས་པ་ཡིན་ན་ཆུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རགས་པ་རྩོམ་མི་ནུས་པར་དགོངས་ཏེ་རྡུལ་ཕྲན་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ཚད་རྡུལ་ནུས་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་ནུས་རེ་བྲལ། དགེ་ལྡན་པས་བེམ་པོ་གཞི་མེད་དུ་ཁས་བླངས་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། རྩོམ་གཞིའི་རྡུལ་དེ་ཆ་བཅས་སུ་ཡོད་པ་ཀླུ་ཡི་དགོངས་པ་ཡིན་རྒྱུར་བྱས་ཀྱང༌། སྟེང་འོག་གི་ངོས་སོ་སོར་དགར་རྒྱུ་ཡོད་པའི་ཆུང་མཐའ་ཞིག་ག་ལ་སྲིད། ཚད་རྡུལ་སྨྲ་བས་གཟུགས་མེད་ནུས་ཁྱམས་ཀྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པར་བཤད་པ་འདིས་ད་གཟོད་བོངས་ཚད་ཁོ་ནའི་ཆ་ནས་དཔྱད་པ་གཏོང་བ་དེ་ནོར་འཁྲུལ་གྱི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། ཁོ་བོས་ལྟོས་བཅས་ཚན་རིག་དང༌། ཚད་རྡུལ་ནུས་རིག་གི་སྒྲ་ཙམ་ཐོས་མ་ཐག་གསར་ཞེན་གཡམ་རྒྱུག་བྱས་ཏེ། དབུ་མའི་རིགས་པ་ལ་ཁྱད་གསོད་བྱས་པ་ཞིག་གཏན་ནས་མིན། ང་ཚོས་གཞུང་ཆེན་ཁག་ཏུ་རྣམ་གཞག་གང་ལ་ཡང་དགག་སྒྲུབ་སྤང་གསུམ་གྱི་སྤྲོས་པ་གྲ་རྒྱས་པོ་ཞེ་དྲག་མཛད་ཡོད་ཀྱང༌། གང་མཚམ་ཞིག་ལ་སླེབ་དུས་དད་པ་དག་སྣང་འདྲ་སྦྱངས་ཏེ་སྡོད་རྒྱུ་མ་གཏོགས་མཐའ་འགྲོ་བ་ཞིག་རྩ་བ་ནས་བྱུང་མི་འདུག་ལ། ལས་མ་དག་པའི་ཁོ་བོ་ལ་ནི་དག་སྣང་མ་སྐྱེས་པའི་གོང་ནས་སུན་སྣང་ཞིག་སྐྱེས་པར་གྱུར་ཅིང༌། ཇི་ལྟར་བྱས་ཀྱང་མི་བདེ་བར་ལུས་པའི་སྐབས་སུ་རིགས་གསར་གྱི་རྣམ་གཞག་འདི་དག་སྲོག་ཆད་ཀ་མའི་མི་ལ་སྨན་བཞིན་དུ་གནད་ལ་འཕྲོད་པར་བྱུང་བས་ད་གཟོད་ཡིད་ཆེས་པའི་གནས་སུ་བཟུང་བ་ལགས་སོ། །

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ།

2009-10-08 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།