ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༢
༡༦ཐང་དཀར་བྱ་དང་ངེད་གཉིས་ཀས།།
སྔ་དྲོར་བྲག་ལ་གཡས་སྐོར་རྒྱག།
ཕྱི་དྲོར་བྲག་ལ་གཡོན་སྐོར་རྒྱག།
བྲག་དཀར་བོ་སྨུག་པས་བཟུང་བཏང་ན།།
ང་དལ་མོ་མིན་ལ་བྲེལ་བ་ཡིན།།
གྲོ་རྒྱ་འདོ་བ་ངེད་གཉིས་ཀས།།
སྔ་མོར་བྱང་ལ་གཡས་སྐོར་རྒྱག།
ཕྱི་དྲོར་བྱང་ལ་གཡོན་སྐོར་རྒྱག།
ས་བྱང་ལམ་དར་དཀར་འཐེན་བཏང་ན།།
ང་དལ་མོ་མིན་ལ་བྲེལ་མོ་ཡིན།།
དགའ་ལོ་རོགས་དང་ངེད་གཉིས་ཀས།།
སྔ་མོར་སྡེ་ལ་གཡས་སྐོར་རྒྱག།
ཕྱི་དྲོར་སྡེ་ལ་གཡོན་སྐོར་རྒྱག།
སྡེའི་རོགས་བརྒྱ་མང་བོས་བསྐོར་བཏང་ན།།
ང་དལ་མོ་མིན་ལ་བྲེལ་མོ་ཡིན།།
༡༧བྲག་དཀར་བོ་ཨ་ལོང་ཉིས་ལོང་རེད།།
རྒོད་ཐང་དཀར་གཡངས་ལུང་གཡོན་ལུང་རེད།།
རྒོད་ཐང་དཀར་ཆ་ཡོད་ཆ་མེད་རེད།།
སྒང་གཅིག་ལ་སྟོད་དང་ཆ་ཡོད་རེད།།
ས་བྱང་ལམ་ཨ་ལོང་ཉིས་ལོང་རེད།།
རྟ་འདོ་བ་གཡས་ལུང་གཡོན་ལུང་རེད།།
རྟ་འདོ་བ་ཆ་ཡོད་ཆ་མེད་རེད།།
བྱང་གཅིག་ལ་རྒྱུགས་དང་ཆ་ཡོད་རེད།།
བོད་ཚོ་ཆེན་ཨ་ལོང་ཉིས་ལོང་རེད།།
རོགས་ན་ཟླ་གཡས་ལུང་གཡོན་ལུང་རེད།།
རོགས་ན་ཟླ་ཆ་ཡོད་ཆ་མེད་རེད།།
སྡེ་གཅིག་ནས་རྩེ་དང་ཆ་ཡོད་རེད།།
༡༨སྟོད་དབུས་གཙང་རྒྱུད་དུ་འགྲོ་དུས་ན།།
ངས་མ་མཇལ་ལྷ་ཞིག་ལུས་མེད་འདོད།།
ངས་བསམ་ནས་འདང་གསུམ་བརྒྱབ་ན།།
ང་མ་མཇལ་དགའ་ལྡན་གསེར་ཁྲི་སྣང་།།
མཇལ་ཐུབ་ན་ད་ཐེངས་མཇལ་རྒྱུ་ཡིན།།
མཇལ་མ་ཐུབ་ཕྱག་གསུམ་འཚལ་རྒྱུ་ཡིན།།
ལས་གཞུག་ཐེངས་མཇལ་བའི་ཡིད་སྨོན་གཏོང་།།
སྨད་རྒྱ་ནག་རྒྱུད་དུ་འགྲོ་དུས་ན།།
ངས་མ་ཉོས་གོས་ཤིག་ལུས་མེད་འདོད།།
ངས་བསམ་ནས་འདང་གསུམ་བརྒྱབ་ན།།
ངས་མ་ཉོས་གོས་ཆེན་གསེར་མ་སྣང་།།
ཉོ་ཐུབ་ན་ད་ཐེངས་ཉོ་རྒྱུ་ཡིན།།
ཉོ་མ་ཐུབ་གོང་ཐང་བཤེར་རྒྱུ་ཡིན།།
ལས་གཞུག་ཐེངས་ཉོ་རྒྱུའི་ཡིད་སྨོན་གཏོང་།།
བོད་ཚོ་ཆེན་རྒྱུད་དུ་འགྲོ་དུས་ན།།
ང་མ་རྩེ་རོགས་ཤིག་ལུས་མེད་འདོད།།
ངས་བསམ་ནས་འདང་གསུམ་བརྒྱབ་ན།།
ང་མ་རྩེ་མ་ལོ་ཁྱེད་སྣང་།།
རྩེ་ཐུབ་ན་ད་ཐེངས་རྩེ་རྒྱུ་ཡིན།།
རྩེ་མ་ཐུབ་ཚིག་གསུམ་བཤད་ལ་འགྲོ།།
ལས་གཞུག་ཐེངས་རྩེ་རྒྱུའི་ཡིད་སྨོན་གཏོང་།།
༡༩ཁིས་ཀྱི་ལབ་རྩེ་གཏོས་ཆེན་པོ།།
ངས་ཕར་ལམ་བལ་དཀར་རྨུ་ཐག་འཐེན།།
ཚུར་ལམ་ཤིང་སྣ་སྟོང་གིས་སྟོད།།
ཡུན་རིང་གི་སྟབས་ཀ་འགྲིག་སོང་ན།།
ངས་ཙན་དན་དམར་བོའི་མདའ་མོ་སྟོད།།
ཐང་གི་རྡེའུ་འབུམ་རྩིག་ཡག་པོ།།
ངས་ཕར་ལམ་རྡོ་དཀར་མང་བོ་བརྩིགས།།
ཚུར་ལམ་ལྕགས་རྩི་དཀར་བོ་རྒྱག།
ཡུན་རིང་གི་སྟབས་ཀ་འགྲིག་སོང་ན།།
ངས་འབྲུ་ཟན་སྣ་ལྔའི་སྙིང་གཏེར་འབུལ།།
སྡེ་ཡི་མ་ལོ་ཞེ་མཐུན་རོགས།།
ངས་ཕར་ལམ་པི་ཝང་ཕྲ་མོ་དཀྲོལ།།
ཚུར་ལམ་ཚིག་ཆེན་དོན་པ་བཤད།།
ཡུན་རིང་གི་རྩེ་རོགས་ཉན་སོང་ན།།
ངའི་ཡིད་ཀྱི་སེམས་གཏམ་ཁྱོད་ལ་བཤད།།
༢༠རྫ་ཆེན་རྫ་ཆུང་རྫ་ཡིས་བསྐོར།།
རྫ་སྟོད་གངས་རི་དཀར་བོས་བསྐོར།།
རྫ་སྐེད་བྱི་རུག་རྩྭ་ཡིས་བསྐོར།།
རྫ་འདབས་བྲེ་སེར་འབྲོང་གིས་བསྐོར།།
རྫ་ཁྱོད་ཚོར་འཛོམ་གསུམ་འཛོམས་ཡོད་ན།།
ང་འཛོམས་པོར་ཞེ་རེ་འཁོར་ཡོད།།
ཐང་ཆེན་ཐང་ཆུང་ཐང་གིས་བསྐོར།།
ཐང་སྟོད་མེ་ཏོག་པད་མས་བསྐོར།།
ཐང་སྐེད་གྲོ་རྒྱ་འདོ་བས་བསྐོར།།
ཐང་འདབས་གྲོ་ཞིང་གསེར་མས་བསྐོར།།
ཐང་ཁྱེད་ཚོར་འཛོམ་གསུམ་འཛོམས་ཡོད་ན།།
ང་འཛོམས་པོར་ཞེ་རེ་འཁོར་ཡོད།།
སྡེ་ཆེན་སྡེ་ཆུང་སྡེ་ཡིས་བསྐོར།།
སྡེ་སྟོད་དྲིན་ཆེན་ཕ་མས་བསྐོར།།
སྡེ་སྐེད་ཁ་ཡ་ན་ཟླས་བསྐོར།།
སྡེ་འདབས་ཞེ་འགྲོགས་མ་ལོས་བསྐོར།།
རོགས་ཁྱོད་ཚོར་འཛོམ་གསུམ་འཛོམས་ཡོད་ན།།
ང་འཛོམས་པོར་ཞེ་རེ་འཁོར་ཡོད།།
༢༡སྟོད་བྲག་དཀར་ལྷ་རིའི་མགོ་ནས།།
འབྲི་ཐུལ་མས་ངུར་རྒྱངས་བྱེད་གི།
ངས་དུང་དཀར་བཞོ་ཟེའུ་བསྒྲིགས་མེད།།
ངས་དུང་དཀར་བཞོ་ཟེའུ་བསྒྲིགས་བཏང་ན།།
འབྲི་ཐུལ་མ་འོ་ཡོད་ཡིན་དགོས།།
སྟོད་བྲག་དཀར་ལྷ་རིའི་སྐེད་ནས།།
རྟ་འདོ་བས་འཚེར་རྒྱངས་བྱེད་གི།
ངས་གསེར་སྒ་ཁྱུང་ཆེན་བསྒྲིགས་མེད།།
ངས་གསེར་སྒ་ཁྱུང་ཆེན་བསྒྲིགས་བཏང་ན།།
རྟ་འདོ་བ་འགྲོས་ཡོད་ཡིན་དགོས།།
སྟོད་བྲག་དཀར་ལྷ་རིའི་རི་ཞོལ་ནས།།
རོགས་ཆུང་ལོས་ལ་གཞས་ལེན་གི།
ངས་དངུལ་དཀར་རྒྱན་ཆ་བསྒྲིགས་མེད།།
ངས་དངུལ་དཀར་རྒྱན་ཆ་བསྒྲིགས་བཏང་ན།།
རོགས་ཆུང་ལོ་བློ་ཡོད་ཡིན་དགོས།།
༢༢སྟོད་ཨ་རིག་མཛོ་བརྒྱའི་ཁྱུ་ན།།
མཛོ་རྭ་ཚུགས་ཡག་ནོ་ཁྱོད་རེད།།
སྟོད་མཛོ་བརྒྱའི་ཁྱུ་ནས་ཁྱོད་བསལ།།
མཛོ་ཁྱུང་དཀར་བློ་ཡོད་ཡིན་དགོས།།
ས་བྱང་ལམ་རྟ་བརྒྱའི་ཁྱུ་ན།།
རྒྱུག་གོམ་ལག་བདེ་ནོ་ཁྱོད་རེད།།
བྱང་རྟ་བརྒྱའི་ཁྱུ་ནས་ཁྱོད་བསལ།།
རྟ་འདོ་བ་འགྲོས་ཡོད་ཡིན་དགོས།།
བོད་ཚོ་ཆེན་རོགས་བརྒྱའི་གྲས་ནས།།
རོགས་མ་ལོ་ཞེ་ཡོད་ཁྱོད་རེད།།
ཚོ་རོགས་བརྒྱའི་གྲས་ནས་ཁྱོད་བསལ།།
རོགས་མ་ལོ་སྣང་བ་མཐུན་དགོས།།
༢༣བྱ་རྨ་བྱ་ངེད་གཉིས་མཚོ་སྟོད་བརྒྱུད།།
ཉ་གསེར་མིག་ཁྱེད་གཉིས་མཚོ་སྨད་བརྒྱུད།།
ལས་སྨོན་ལམ་མཚོ་ཕྱོགས་གཅིག་ལ་འདེབས།།
སེམས་བསམ་པ་གཅིག་ན་ཐུག་འཕྲད་ཡོད།།
རྟ་འདོ་བ་ངེད་གཉིས་བྱང་སྟོད་བརྒྱུད།།
སྒ་བེ་སང་ཁྱེད་གཉིས་བྱང་སྨད་བརྒྱུད།།
ལས་སྨོན་ལམ་བྱང་ལམ་གཅིག་ལ་འདེབས།།
སེམས་བསམ་པ་གཅིག་ན་ཐུག་འཕྲད་ཡོད།།
རོགས་དགའ་ལོ་ངེད་གཉིས་སྡེ་སྟོད་བརྒྱུད།།
རོགས་མ་ལོ་ཁྱེད་གཉིས་སྡེ་སྨད་བརྒྱུད།།
ལས་སྨོན་ལམ་སྡེ་ཆེན་གཅིག་ལ་འདེབས།།
སེམས་བསམ་པ་གཅིག་ན་ཐུག་འཕྲད་ཡོད།།
༢༤ཁྱོད་ཕ་རིའི་མཚོ་ཡི་རྨ་བྱ།།
ཚུ་རིའི་མཚོ་ལ་ཨེ་འབབ།།
ཚུ་རིའི་མཚོ་ལ་འབབ་ན།།
བྱ་རྨ་བྱའི་སྒྲོ་མདོངས་གསལ་རྒྱུ་རེད།།
ཁྱོད་ཕ་རིའི་ཐང་གི་འདོ་བ།།
ཚུ་རིའི་ཐང་ལ་ཨེ་བརྒྱུག།
ཚུ་རིའི་ཐང་ལ་བརྒྱུག་ན།
རྟ་འདོ་བའི་གོམ་ལག་བདེ་རྒྱུ་རེད།།
ཁྱོད་ཕ་རིའི་སྡེ་ཡི་མ་ལོ།།
ཚུ་རིའི་སྡེ་ལ་ཨེ་རྩེ།།
ཚུ་རིའི་སྡེ་ལ་རྩེ་ན།།
རོགས་འུ་གཉིས་སྣང་བ་མཐུན་རྒྱུ་རེད།།
༢༥ས་དཔའ་རིས་སྤང་ལུང་གོང་མ་ན།།
གོས་གསེར་མ་ཆ་བདུན་རང་འགྲིག་སྣང་།།
གོས་ཉོ་རྒྱུའི་བསམ་པ་ཁྱོར་ཡོད་ན།།
དངུལ་དཀར་བོ་སྲང་ལ་ངས་འཇལ།།
ས་དཔའ་རིས་སྤང་ལུང་བར་མ་ན།།
རྟ་འདོ་བའི་གོམ་པ་རླུང་འདྲ་རེད།།
རྟ་ཉོ་རྒྱུའི་བསམ་པ་ཁྱོར་ཡོད་ན།།
ཕྲུག་ཐེར་མ་འདོམ་ལ་ངས་འཇལ།།
ས་དཔའ་རིས་སྤང་ལུང་ཞོལ་མ་ན།།
རོགས་མ་ལོ་སྣང་བ་རང་མཐུན་རེད།།
རོགས་རྩེ་རྒྱུའི་བསམ་པ་ཁྱོར་ཡོད་ན།།
ཁ་ལ་གཞས་རྩེ་རྔ་ངས་སྐྱོང་།།
༢༦གཞུའི་ཡ་མཆོག་ཤ་རྭ་དཀར་བོ་རེད།།
གཞུའི་མ་མཆོག་དགོ་རྭ་སྨུག་པོ་རེད།།
ཁ་གཞུ་ཐིག་ཕྲ་མོའི་ནང་རིམ་ན།།
མདའ་ལི་མའི་རྣམ་ཤེས་འཁོར་ནས་ཡོད།།
སྒའི་སྔ་རུ་འཛམ་གླིང་ཉི་མ་རེད།།
སྒའི་ཕྱི་རུ་དུང་ཟླ་དཀར་བོ་རེད།།
འདི་ཡོབ་ཆེན་གཉིས་ཀྱི་ནང་རིམ་ན།།
རྐང་སུག་ལག་རྣམ་ཤེས་འཁོར་ནས་ཡོད།།
སྡེ་ཡར་ནང་ཚིག་ཆེན་དོན་པོ་རེད།།
སྡེ་མར་ནང་པི་ཝང་སྙན་མོ་རེད།།
ཕོ་ངེད་ཚོའི་གངས་དཀར་སེམས་ངོས་ན།།
མ་ཁྱོད་ཚོའི་རྣམ་ཤེས་འཁོར་ནས་ཡོད།།
༢༧ཁྱོད་ཡར་བུད་གསེར་ཁྲི་ཁིས་ལ་བུད།།
ཁྱོས་ཡར་ལྟོས་གསེར་ལུང་ཐང་ལ་ལྟོས།།
གསེར་ལེབ་གཅིག་འཆར་ནས་དགུང་ལ་ཐལ།།
ཆགས་བཞག་ན་འཛམ་གླིང་ཉི་མ་རེད།།
ཁྱོད་ཕར་བུད་དུང་ཁྲི་ཁིས་ལ་བུད།།
ཁྱོས་ཕར་ལྟོས་དུང་ལུང་ཐང་ལ་ལྟོས།།
དུང་ལེབ་གཅིག་འཆར་ནས་དགུང་ལ་ཐལ།།
ཆགས་བཞག་ན་དུང་ཟླ་དཀར་བོ་རེད།།
ཁྱོད་མར་བུད་གཡུ་ཁྲི་ཁིས་ལ་བུད།།
ཁྱོས་མར་ལྟོས་གཡུ་ལུང་ཐང་ལ་ལྟོས།།
གཡུ་ལེབ་གཅིག་འཆར་ནས་ཐང་ལ་ཐལ།།
ཆགས་བཞག་ན་ཁ་ཡ་ན་ཟླ་རེད།།
༢༨བྱ་བསྟད་དེ་དགུང་ལ་སླེབས་ཡོད།།
བྱ་འཕུར་གྲོགས་མེད་ལ་སྒུག་ཡོད།།
བྱ་འཕུར་གྲོགས་ཡོད་ན་ད་འཕུར་ཡིན།།
རྟ་བརྒྱུགས་ནས་བྱང་ལ་སླེབས་ཡོད།།
རྟ་རྒྱུག་གྲོགས་མེད་ལ་སྒུག་ཡོད།།
རྟ་རྒྱུག་གྲོགས་ཡོད་ན་ད་བརྒྱུག་ཡིན།།
རོགས་རྩེས་ནས་སྡེ་ལ་སླེབས་ཡོད།།
རོགས་རྩེ་རོགས་མེད་ལ་སྒུག་ཡོད།།
རོགས་རྩེ་རོགས་ཡོད་ན་ད་རྩེ་ཡིན།།
༢༩བྱ་བསྟད་ནས་དགུང་ལ་སླེབས་ཡོད་ན།།
བྱ་འཕུར་གྲོགས་མེད་ལ་སྒུག་ཡོད་ན།།
བྱ་འཕུར་གྲོགས་ཐང་དཀར་ང་བྱེད།།
རྟ་བརྒྱུགས་ནས་བྱང་ལ་སླེབས་ཡོད་ན།།
རྟ་རྒྱུག་གྲོགས་མེད་ལ་སྒུག་ཡོད་ན།།
རྟ་རྒྱུག་གྲོགས་གྲོ་རྒྱ་ང་བྱེད།།
རོགས་རྩེས་ནས་ཚོ་ལ་སླེབས་ཡོད་ན།།
རོགས་རྩེ་གྲོགས་མེད་ལ་སྒུག་ཡོད།།
རོགས་རྩེ་གྲོགས་དགའ་ལོ་ང་བྱེད།།
༣༠དངུལ་དཀར་བོའི་མཛུབ་དཀྲིས་རྡུང་ཡག་པོ།།
གཡུ་བྱི་རུའི་པ་ཏྲ་བསྒྲིགས་ཡག་པོ།།
ཕོ་ངེད་ཚོས་རིག་ན་གོན་ན་འདོད།།
གོས་ཆེན་གསེར་མ་འཐག་ཡག་པོ།།
སྟེང་འབྲུག་ཁྱུང་རི་མོ་ཕབ་ཡག་པོ།།
ཕོ་ངེད་ཚོས་རིག་ན་གོན་ན་འདོད།།
ཡར་སྡེ་བའི་རོགས་ལོ་རྩེ་ཡག་པོ།།
ཁ་ལ་གཞས་ལེན་པའི་སྐད་ཡག་པོ།།
ཕོ་ངེད་ཚོས་རིག་ན་རྩེ་ན་འདོད།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི