ཚོར་བ་ཀུན་བཏུས།༼སྙན་ཚོམ༽
༼ཀ༽ཚོགས་ཆེན་འདུ་ཁང་དུ།
ཀ་བ་བརྒྱ་དང་བརྒྱད་པོས་མགོ་ཐོག་གི་ནམ་མཁའ་འདི་བཏེགས་ཡོད།
ནམ་མཁའ་ནས་ཁ་ཆར་གང་ཡང་མི་འབབ་པར་ལྕགས་ཀྱི་བྱེ་རྡུལ་བབས་ཡོང་།
དེ་དག་གིས་བླ་རྒན་སྤྱི་ཐེར་དག་གི་ཚེ་ཚེ་རབས་རབས་ཀྱི་བློ་སྦྱོང་དང་།
བན་ཕྲུག་པྲ་ཚགས་དག་གི་མིག་འོད་རྣོན་པོ་དག་ཀྱང་བསྒྲིབས་སོང་།
འབྲུག་རིས་མཚོན་བྱེད་ཀྱི་རི་མོ་ཞིག་གམ་རྨ་ཆུ་བཞུར་ཤུལ་གྱི་གྲོག་རོང་ལྟ་བུའི།
དབྱངས་ཡིག་ཀྱ་ཀྱུ་དེ་ཚོ་ད་ནི་འཐེན་ཐབས་མི་འདུག
འཁོར་ཚོགས་རྒྱ་མཚོའི་དབུས་ཀྱི་ལྷ་ཞལ་སྙིང་ཉེ་བ་དེ་ཚོ་ཡང་མཐོང་ཐབས་མི་འདུག
ཚོགས་ཆེན་ཞལ་ངོའི་ལྕགས་དབྱུག་གི་ལྟིག་སྒྲ་ཁོ་ནས།
བསྐལ་བ་སྟོང་གི་དགྲ་བགེགས་གདུག་པ་ཅན་དག་ཕར་ཟད།
ཁ་སང་དེ་རིང་གི་རྐང་འཇབ་ལག་འཇབ་བྱེད་མཁན་དག་ཀྱང་བདའ་ཐབས་མི་འདུག
སེམས་ཀྱི་ནང་དུ་རི་རབ་དང་རྒྱ་མཚོ་ཤོང་བའི་རྒྱ་ཁྱོན་མེད་པར།
བཞུགས་གདན་བདེ་འབོལ་བ་དག་ཏུ་ཟ་རྐྱང་དང་གཉིད་རྐྱང་ཁོ་ནས་དུས་འདའ་ཚེ།
ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་ཚོགས་དང་དཀྱིལ་འཁོར་བཞེངས་པ་ཡང་།
གཞན་དག་བཙན་པོ་དཔུང་དུ་བསྡེབས་ནས་སླེབས་པར།
ཨུ་ཐུག་སྟེ་རང་སྲུང་གི་ལྕགས་རི་བརྩིགས་པ་དང་འདྲའོ།།
༼ཁ༽བན་ཕྲུག་དག་ལ་གདམས་པ།
འཐུང་ཤེས་ན་གཞོན་ནུ་མའི་ཁ་རླངས་ཕོག་མ་མྱོང་བའི་མང་ཇ་དེ་ཅི་བདེེར་མཆོད་ཆོག
འཐུང་མ་ཚར་གོང་མདུན་རྒྱབ་གང་རུང་དུ་ཤག་སེར་འཕོ་བ་དེ།
དམྱལ་བར་འགྲིམ་དུས་ཀྱི་ཁྲོ་ཆུ་ཁོལ་མ་རུ་སྒོམས་ཤིག
ཟ་ཤེས་ན་ཚོང་ཁྲོམ་ནས་བཙལ་དུ་མེད་པའི་སྣུམ་འཁུར་དེ་ཅི་བདེར་བཞེས་ཆོག
ཟས་མ་ཚར་གོང་གཡས་གཡོན་གང་རུང་དུ་བསྣུར་ཙམ་བྱས་ནས་བསྐྱུར་འཇོག་པ་དེ།
དམྱལ་བར་འགྲིམ་དུས་ཀྱི་ལྕགས་གོང་དམར་འབར་བ་དག་ཏུ་སྒོམས་ཤིག
འགྲོ་ཤེས་ན་ཤིང་གཅལ་གཙང་སང་བ་དེར་རྐང་ཆུང་གི་པད་མ་འཁོད་བཞིན་ཕེབས་ཆོག
བསམ་བཞིན་དུ་ལྟིག་སྒྲ་དང་ཆོམ་སྒྲ་བཅས་ཏེ་རྒྱུག་པ་དེ།
དམྱལ་བར་འགྲིམ་དུས་ཀྱི་མེ་མུར་གྱི་བགྲོད་པ་དག་ཏུ་སྒོམས་ཤིག
སྤྱོད་ཤེས་ན་སྔོན་ཆད་བཀོལ་མི་རུང་བའི་གཅིག་སྤྱོད་ཐུར་མ་དེ་ད་ལོར་ཅི་བདེར་སྤྱད་ཆོག
དགོས་མེད་ཀྱི་སྐལ་ལྷག་སྤར་མོ་གང་རེ་བླངས་ནས་གྲལ་གདན་འོག་སྦ་བ་དེ།
དམྱལ་བར་འགྲིམ་དུས་ཀྱི་དམྱལ་མེ་ཤུགས་ཆེན་གྱི་སྣོན་པ་དག་ཏུ་སྒོམས་ཤིག
འདོན་ཤེས་ན་སྔོན་ཚེ་རྒྱལ་བ་ལ་རིན་ཆེན་ཤེལ་གྱི་ཕྲེང་བ་ཕུལ་ཚུལ་དབྱངས་སུ་བཀུག་ཆོག
ཚོད་མེད་དུ་གཞན་གྱི་འདོན་རྟ་གཅོད་པའི་ཀུ་ཅོ་སྒྲོག་པ་དེ།
དམྱལ་བར་འགྲིམ་དུས་ཀྱི་མྱ་ངམ་ཐང་གི་ཐན་སྐད་དག་ཏུ་སྒོམས་ཤིག
དམྱལ་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་དེ།
བསྟན་པ་འདིའི་ཡང་སྙིང་སྐྱབས་འགྲོའི་རྒྱུ་གཉིས་ཀྱི་གཅིག་ཡིན་ན།
དམྱལ་བ་དམྱལ་བ་ཟེར་བ་ཡང་བཀྲ་མི་ཤིས་པ་ཞིག་ཏུ་བསམ་མི་རུང་ལ།
འཇིག་རྟེན་འདིར་རང་ཅག་གིས་མི་ཤེས་པའི།
རྟེན་ཅིང་འབྲེལ་འབྱུང་གི་གནས་ལུགས་བགྲང་གིས་མི་ལང་ངོ་།
༼ག༽སྐྱབས་འཇུག
འབྲི་མོ་དྲིན་ཆེན་ཞིག་ཤི་བས་བསྔོ་སྨོན་རེ་གསུང་རོགས་ཟེར།
སྒོ་ཁྱི་རྩིས་ཆེན་ཞིག་ཤི་བས་མ་ཎི་རེ་འདོན་རོགས་ཟེར།
ད་དུང་བཀྲ་ཤིས་ཚེ་རིང་གི་འབྱུང་བཞི་མ་བདེ་བས་དང་།
བསམ་འགྲུབ་སྒྲོལ་མའི་བསམ་དོན་འགྲུབ་ཆེད་རིམ་གྲོ་ཞིག་བྱ་རོགས་ཟེར།
ད་དུང་སུ་ཞིག་གིས་སློབ་ཆེན་ལ་རྒྱུགས་འཕྲོད་ཕྱིར་དང་།
ཆེ་གེ་མོས་གཞུང་ཞབས་པའི་བྱ་བ་ལོན་པའི་ཆེད་དུ་བཅའ་བ་རེ་བསྒྲུབ་རོགས་ཟེར།
དེ་ལྟ་དེ་ལྟར་ཤོག་བུ་མཐེབ་ཙེ་ལྟ་བུ་ལ།
ཡིག་ནོར་རི་བོ་འདྲ་བ་རེ་བྲིས་པའི་ཡིག་ཚོགས་ནི་ཁ་བ་བཞིན་བབས་ཡོང་།
དེ་དག་གི་ཁྲོད་ནས་དད་འདུན་གཙང་མ་ཞིག་ནི་སློག་ཧྲལ་དུ་སྲོ་མ་འཐུ་བ་བཞིན་རྙེད་དཀའ་ནའང་།
བླ་མ་ཆོས་སྲུང་གི་སྤྱན་སྔར་རེ་རེ་བཞིན་ཤུགས་ཀྱིས་ཞུ་དགོས།
རེ་ཞུ་ཁྲི་སྟོང་གི་ཚོགས་དེ་མི་གཅིག་གི་སྨྲེ་ངག་ཏུ་གྱུར་དུས།
ཡིད་སྐྱོ་སྟེ་མིག་ཆུ་ཁྲོམ་ཁྲོམ་གཏོང་མཁན་དུ་ཡོད་དམ།
ཕུག་གི་མི་དང་སྒོ་ཁའི་ཕྱུགས་ལ་ཁྱད་མེད་དུ་བྱམས་པའི་བློ་ཁོག་དེ་དང་།
གཟུགས་མེད་ཀྱི་ནུས་པ་ཞིག་ལ་བློ་སེམས་འགེལ་བའི་གཞུང་རྒྱུད་དེས།
གཟུངས་སྔགས་དང་མཚན་སྔགས་རྣམས་ཡིག་ནོར་དུ་བྲིས་པའི་སྡིག་སྒྲིབ་དག་ནས།
འཛམ་གླིང་གི་ཡང་རྩེར་གནས་འཆའ་བའི་འོས་ཆ་སྤྲད་ཡོང་ངམ།
༼ང༽ནག་ཉེས་བཟོ་སྟངས་གཞན་ཞིག
བརྩེ་ཞལ་སྒོར་སྒོར་གྱི་བཞུགས་སྟངས་རེ་རེའམ།
སྡིག་མཛུབ་ཀེར་ཀེར་གྱི་ཕྱག་རྒྱ་རེ་རེས།
ཆོས་དང་ཆོས་མིན་གྱི་ཐིག་རིས་སོ་སོར་བཏབ་ཡོད།
ངོ་གདོང་སྐྱོ་བོའི་འོག་གི་སེམས་པ་གཙང་མ་དག་དང་།
ངོ་གདོང་གཙང་མའི་འོག་གི་སེམས་པ་རུལ་བ་དག་ཀྱང་།
གདོད་མའི་མེ་ལོང་གཅིག་ཉིད་ཀྱིས་གཞལ་དགོས།
མཆོད་རྫས་མེ་ཏོག་ལ་འདབ་མ་འགའ་ཡི་མང་ཉུང་ཤོར་བས།
རོང་འབྲོག་མི་སེར་དེ་ཚོས་ཨ་བྲད་ཆ་བོ་མར་ཞབས་ཤིག་ནས་བསྐྱུར་དགོས།
སྣས་མི་ཚུགས་པའི་རྐང་དྲི་ཅི་ཙམ་ཁ་ན་ཡང་།
དེ་དག་གིས་ཀྱང་ཡང་ཡང་བོད་དུ་སྐྱེ་བར་ཤོག་ཅེས་པའི་སྨོན་ལམ་གཡུག་ནས།
ནང་ལོགས་ཀྱི་ཕྱུག་བདག་ཅིག་ཏུ་སྐྱེ་བར་གསོལ་བ་གདབ་འོས།
དེ་དུས་བླ་མ་གྲྭ་བ་དག་ཀྱང་ཁྲི་ལས་བབས་ནས་མཆོད་མཇལ་གཏོང་རོགས་བྱ་ངེས།
ནུས་ཚོད་ཀྱིས་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་ཚུལ་བཤད་ངེས།
མིག་ཟུང་བཙུམས་ནས་ཁྱོད་གཅིག་པུར་སྐྱབས་འཇུག་ཐེངས་ཤིག་ཞུ་ངེས།
རང་གི་ཕ་མ་སྤུན་མཆེད་ལ་མཆོད་མེ་རྐང་གཅིག་སྒྲོན་རོགས་ཀྱང་བྱེད་མ་མྱོང་ནའང་།
༼ཅ༽ཐིམ།
རང་གི་སྙིང་ག་ནས་གློ་བུར་བའི་མེ་དཔུང་ཞིག་མཆེད་དེ་སྐྲ་རྩེའི་ས་རྡུལ་ལ་ཐིམ།
ས་རྡུལ་དེ་ཕུག་རོན་རྨས་མ་ཞིག་ན་ཟུག་དང་བཅས་ཏེ་འཕུར་བ་ལས་ལྷུང་བའི་སྒྲོ་སྤུ་ལེབ་མོ་གཅིག་ལ་ཐིམ།
སྒྲོ་སྤུ་དེ་ནམ་གུང་གི་དཀྱིལ་དུ་ལན་རེར་གྲགས་འོངས་པའི་གཡེར་དྲིལ་ལ་ཐིམ།
གཡེར་དྲིལ་དེ་རང་ཉིད་ལ་ལྕགས་ཀྱིས་བྲབས་པ་ལས་བྱུང་བའི་དྲིལ་སྐད་ལ་ཐིམ།
དྲིལ་སྐད་དེ་རང་སེམས་ཀྱི་སྒོ་དྲུང་དུ་དྲན་ཤེས་ཀྱི་མདུང་ཐུང་ཞིག་བཟུང་ནས།
ཁྱོད་གྲིམ་ན་ང་གྲིམ་ཁྱོད་གློད་ན་ང་གློད་ཟེར་བའི་དགེ་སྦྱོང་དེའི་ངེས་འབྱུང་ལ་ཐིམ།
ངེས་འབྱུང་དེ་ཤོ་ལོ་ཀ་འགའི་བློ་རྒྱུགས་མ་འཕྲོད་པར་ཡོད་པའི་བན་ཕྲུག་དེའི་སྐྱོ་ཤས་ལ་ཐིམ།
སྐྱོ་ཤས་དེ་འཆི་བ་མི་རྟག་པར་སྒྲུབ་བྱེད་ཀྱི་རྟགས་ལ་ཐིམ།
རྟགས་དེ་ཐལ་ངག་འགོད་པ་བོའི་རྒྱུད་ཀྱི་བག་ལ་ཉལ་བའི་རྟག་འཛིན་ལ་ཐིམ།
རྟག་འཛིན་དེ་ཐོགས་རེག་བྲལ་བའི་ནམ་མཁའ་ལ་ཐིམ།
ནམ་མཁའ་ཡང་མི་དམིགས་པ་སྟོང་བ་ཉིད་དུ་གྱུར།
རྩོམ་ཁུངས། ངེད་དྲ་བ།