ཉི་ཧོང་གི་སྙན་ངག་པ་གྲགས་ཅན་ཐ་ནེ་ཁ་བ་ཤོན་ཐ་རོའི་སྙན་ངག་འགྱུར་མ།
ཐ་ནེ་ཁ་བ་ཤོན་ཐ་རོ་ནི་1931ལོར་ཉི་ཧོང་གི་གྲོང་ཁྱེར་ཐོ་ཁྱོ་རུ་སྐྱེས། ཉི་ཧོང་གི་སྙན་ངག་པ་གྲགས་ཅན་ཞིག་ཡིན། ཁོང་གི་ཚོར་བ་ཕྲ་མོ་དག་གོ་སླ་བའི་ཚིག་གི་མདུད་པར་བརྒྱུས་པའི་བརྩམས་ཆོས་དག་གིས་ནི་ཀློག་པ་པོ་རྣམས་ཀྱི་སེམས་ལ་བག་ཆགས་གསར་བ་བཞག་དང་འཇོག་མུས་སུ་མཆིས། ཁོང་གི་བརྩམས་ཆོས་ཀྱིས་བརྩམས་སྒྲུང་བ་གྲགས་ཅན་མོའུ་ར་ཁ་མེ་ཧ་རུ་ཁེ་ལ་སོགས་བརྩམས་སྒྲུང་བ་མི་ཉུང་བ་ཞིག་གི་སེམས་སྒུལ་མྱོང་། 1952ལོར་སྙན་དེབ་ཐོག་མ་༼འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་༽ཞེས་པ་བརྩམས། ཁོང་ལ་སྙན་ངག་ལས་གཞན་འཁྲབ་གཞུང་དང་། རི་མོ། གཞས་ཚིག ཡིག་སྒྱུར་གྱི་བརྩམས་ཆོས་སོགས་རི་རབ་ཀྱི་གཏོས་དང་མཉམ། ད་བར་དུ་སྙན་དེབ་ཉི་ཤུ་ཡས་མས་ཤིག་པར་དུ་བསྐྲུན།བརྩམས་ཆོས་དག་ལ་བྱ་དགའང་རབ་དང་རིམ་པ་ཐོབ།ད་ལྟ་ད་རུང་འབད་པ་ལྷུར་ལེན་སྒོས་གསར་རྩོམ་གྱི་ལས་ལ་གཞོལ་བཞིན་འདུག
སུ་ལའང་།
སུ་ལའང་སྐྱོ་གདུང་གི་མིག་ཆུས་གཤེར་བའི་སེམས་པ་རེ་ཡོད།
སེམས་པ་དེ་ཕྱིར་མི་སྟོན་པར་ཁ་རོག་གེར་བསྡད་ཡོད།
ཧ་ཧ་ཧ
སུ་ཡིས་ཀྱང་གཞན་གྱིས་གུ་ཡངས་གཏོང་ཐབས་བྲལ་བའི་ལས་ཤིག་བསགས་ཡོད།
གུ་ཡངས་མ་བཏང་ནའང་དེ་ཉིད་སེམས་སུ་སྦས་་ཡོད།
ཧ་ཧ་ཧ
མཚན་མོར། གཉིད་མ་ཉལ་བའི་ཡར་སྔོན་དུ།
སུ་ཡིས་ཀྱང་སྐྱོ་ཉམས་ཀྱིས་ཁེངས་བའི་མིག་མདའ་རེ་འཕེན་ངེས།
རི་བོང་ནང་བཞིན། ཡང་ན་སྦྲུལ་ནང་བཞིན།
ཅི་ཡང་མི་མཐོང་ཡང་མིག་མདའ་རེ་འཕེན་ངེས།
ཧ་ཧ་ཧ
སུ་ལའང་ཁ་ནས་བཤད་མི་ཕོད་པའི་དོན་རེ་གཉིས་ཡོད།
ཅི་ལྟར་བཤད་དགོས་མིན་མ་ཤེས་པར།
རང་གི་སེམས་སུ་བརྣགས་ཡོད།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
དེའི་ཕྱིར།མཚམས་ལན་རེར་གློ་རྡེག་ཏུ་བུད་མེད་ཞིག་ལ་འོ་བྱེད་འདོད་དེ།
བུད་མེད་དེའི་ལྕེ་རྩེ་རང་གི་ལྕེ་འོག་ཏུ་མནན་ཏེ།
དར་ཅིག་ལ་དེ་ལྟར་འཇིབ་སྟེ་བསྡད།
དེ་ནས་གདུག་རྩུབ་ཀྱིས་མིག་གཉིས་ཕྱེས་ཤིང།
རྒྱང་རིང་གི་ནམ་མཁའ་དང་རི་རབ་ཀྱི་རྩེ་ལ་ལྟ་ཙམ་བྱས།
སྔོ་ཞིང་བསང་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།
སྔོ་ཞིང་བསང་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།
ང་ལའང་ཕྱིར་ལོག་སའི་གནས་མལ་ཞིག་ཡོད་པའི་སྣང་བ་སྐྱེས་ཡོང་།
འོན་ཀྱང་། སྤྲིན་ལ་ཁུང་བུ་བརྟོལ་ཏེ་ས་རུ་འཕྲོས་པའི་འོད་དཀར་དེ།
ད་ནི་མཁའ་དབྱིངས་སུ་ཕྱིར་ལོག་མི་སྲིད།
འོད་ཀྱི་ཟེར་མ་སེར་སྣ་མེད་པར་ས་ཡི་ཕང་བར་ཟམ་མི་ཆད་པར་འགྱེད་ཡོང་།
མཚན་མོར་སླེབས་སོང་ནའང་ང་ཚོ་དེ་འཐུ་བའི་ལས་ལ་བྲེལ་ཡོད།
མི་རྣམས་ལས་ངན་པའི་དབང་གིས།
ལྗོན་ཤིང་བཞིན་ངལ་གསོས་ཏེ་ལྷོད་པོར་སྡོད་མི་ཐུབ།
སྒེའུ་ཁུང་མང་བའི་ཁང་མིག་དེ་ཕར་གཡུགས་བཞག་ཡོད།
ང་ལ་འཇིག་རྟེན་གྱི་ཁམས་འདིའི་ཁང་མིག་ལས་གཞན་དགོས་མི་འདོད།
དེའི་ཕྱིར་ང་མི་གཞན་དང་འཆམ་པོར་གནས་མི་ཐུབ་པར་གྱུར།
དོན་ལ་ལ་ཞིག་གིས་ནི་དུས་ཚོད་དང་བར་སྟོང་ལ་རྨ་ཁ་བཟོས་ཡོད།
དེས་བསྐྱེད་པའི་སྐྱོ་གདུང་གིས་ང་རང་བཅིང་འགྲོ
ང་རང་འདི་རུ་བྲལ་སོང་ན། ང་རང་ནད་མེད་བདེ་ཐང་དུ་འགྱུར་སྲིད་དམ།
ས་སྲོས།
སུ་ཡང་བསྡད་མེད་པའི་གམ་གྱི་ཁང་མིག་དེ་རུ།
སུ་ཞིག་གིས་འབོད་བཞིན་པ་དེ་ང་རང་ཡིན་པ་འདྲ།
ངས་ལམ་སང་བར་གྱི་སྒོ་མོ་དེ་ཕྱེ་ཚེ།
ང་གནས་ས་འདི་སྨག་གིས་བཏུམ་ཡོད་མོད།
ཕར་ཕྱོགས་སུ་འོད་ཀྱི་སྣང་བ་འགྱེད་ཀྱིན་འདུག
ད་སོ་མ་སུ་ཞིག་དེ་ནས་བུད་སོང་བ་འདྲ།
གྲིབ་གཟུགས་ཤིག་མིག་ལམ་ལ་ཡིད་འོང་གིས་རྒྱུ་སོང་།
ཡིན་ནའང་། ངས་དེའི་རྗེས་དེད་སོང་བ་ན་སུ་ཡང་མེད་པར།
དེ་ནི་རང་བཞིན་གྱི་ས་སྲོས་ཤིག་ལས་མ་འདས།
མེ་ཏོག་གི་བུམ་པ་དེར་ས་རྡུལ་རིམ་པ་དགུ་ཆགས་འདུག
སྒེའུ་ཁུང་ཕྱེ་ཚེ་ནམ་མཁའ་དཀར་གསལ་ལེར་ཡོད་པའི་གནས་དེ་རུ་ཡང་་་་་་་་་་་་
སུ་ཞིག་གིས་ང་རང་འབོད་ཀྱིན་ཡོད་པ་འདྲ།
འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་།
མིའི་རིགས་ནི་གོ་ལ་ཆུང་ཆུང་ཞིག་གི་སྟེང་དུ།
གཉིད་ཉལ་ཏེ་ཡར་ལངས་བ་དང་། དེ་ནས་འགུལ་སྐྱོད་བྱེད་བཞིན་མཆིས།
མཚམས་ལན་རེར། སྐར་མ་མིག་དམར་གྲོགས་སུ་བསྡེབ་འདོད་སྐྱེས།
སྐར་མ་མིག་དམར་སྟེང་གི་མི་རྣམས་ཀྱིས་གོ་ལ་ཆུང་ཆུང་ཞིག་ཏུ།
ལས་ཅི་ཞིག་སྒྲུབ་པ་དེ་ང་ཡིས་ཀྱང་ཚོར་མ་སོང་།
ཡིན་ནའང་།མཚམས་ལན་རེར་སའི་གོ་ལར་གྲོགས་བསྡེབ་འདོད་སྐྱེས།
དེ་ལ་དོགས་པ་སྐྱེས་དགོས་དོན་ཅི་ཡང་མི་འདུག
སའི་གོ་ལའི་འཐེན་ཤུགས་ཟེར་བ་དེ་ནི།
ཁེར་རྐྱང་བ་ཕན་ཚུན་གཅིག་ཏུ་སྦྲེལ་བའི་སྟོབས་ཤུགས་རེད།
འཇིག་རྟེན་གྱི་ཁམས་འདི་འཆོལ་བཞིན་འདུག
དེའི་སྟབས་ཀྱིས་ཚང་མ་གཞི་གཅིག་ཏུ་སྦྲེལ་ཡོད།
འཇིག་རྟེན་གྱི་ཁམས་འདི་རིམ་བཞིན་ཆེ་རུ་འགྲོ་བཞིན་འདུག
དེའི་སྟབས་ཀྱིས་ཚང་མ་དངངས་སྐྲག་སྐྱེ་བཞིན་ཡོད།
འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་ལ།
ངས་ཅི་ཡང་མི་བསམ་པར་གློ་ལུ་ཞིག་བྱས།
༼བུམ་པ་རྒྱལ་གྱིས་ཉི་ཧོང་གི་ཡི་གེ་ལས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།