འབྲོག་སྐྱ་བོའི་ཚིགས་བཅད་སྙན་ངག་ཚན་པ་བརྒྱད།
བར་སྣང་གི་བརྩེ་དུང་།
ཟླ་བ་སྔོན་མོའི་འོག་ཏུ་སྐར་ཚོགས་ཆར་ཞོད་རྒྱག །
ལྡོག་འབབ་གཙང་བོའི་འགྲམ་དུ་སྙིང་དབྱིབས་ལོ་མ་འཐོར། །
ནམ་མཁའ་སྟོང་བ་ཞིག་ཏུ་རྟིང་མའི་རྨི་ལམ་ཆགས། །
ངོམས་མེད་རླུང་བུ་འཇམ་པོ་འོ་དང་འཐམ་འཁྱུད་ཡིན།
སྦྲ་ནག་ཁ་ཚུབ་ནང་ན་མིག་གི་སྐར་མ་འགུལ། །
རླུང་རྟའི་དར་ལྕོག་དབུས་སུ་སེམས་ཀྱི་རྒྱབ་གཟུགས་འདར།
མུན་པའི་མེ་ལོང་ནང་དུ་དྲན་པའི་འོ་ཞོ་འཁྱིལ། །
མཚན་ནམ་རིང་མོའི་ཕྱི་ནང་སྙིང་དང་གློ་བ་ཡིན། །
ཆར་བ་ཟམ་ཟིམ་བབས་པས་གཤོག་པའི་ནམ་མཁའ་བརླན། །
སྨུག་སྤྲིན་ལང་ལོང་འཁྲིགས་པས་གྲིབ་མའི་ས་གཞི་བོར། །
ཁུ་སིམ་བྱེ་མའི་རི་ལ་གདུང་བའི་མྱ་ངན་འཁོར། །
སྐྱ་མོའི་ལམ་གྱི་སྣེ་འཛོལ་ལས་དང་བར་ཐག་ཡིན། །
ཡར་ཡར་གནམ་ལ་མི་འགྲོ་ཐག་པས་བཏགས་ནས་ཡོད། །
ཐུར་ཐུར་ས་ལ་མི་འབབ་རླུང་གིས་འདེགས་ནས་ཡོད། །
ས་དང་གནམ་གྱི་བར་དུ་མི་མཐོང་ཤོག་བྱ་འཕུར། །
བར་སྣང་ཁམས་ཀྱི་བརྩེ་དུང་མེ་དང་འཁྱགས་རོམ་ཡིན། །
2014/24/7མཚན་གུང་ལ།
ཆུ་ནང་གི་ལྷ་མོ།
སྐྱོ་གདུང་ཁུར་བའི་གཙང་བོ་ཞིག །
གཅིག་ཏུ་འདྲེས་ཤིང་གཉིས་སུ་གྱེས། །
ཚེར་མའི་ལམ་ན་ཁྱོད་རང་ཡོད། །
མུན་པའི་གཏིང་ན་ང་རང་ཡོད། །
ཁྱོད་ནི་ང་ཡི་ཉི་འོད་ཡིན། །
ཆུ་ནང་ཤར་བའི་ཉི་འོད་ཡིན། །
རི་དེའི་ཕར་ནང་ཐང་སྟོང་ཡིན། །
ལམ་དེའི་གཡས་གཡོན་རླུང་བུ་ཡིན། །
ནམ་ཟླ་འཁྱག་པ་འཁྱག་པ་འདི། །
ག་རེ་ཡིན་པ་སུ་ཡིས་ཚོར། །
ཁ་ཚུབ་ནང་གི་སྐར་མ་དག །
ཅི་ལ་འདར་བ་ངོས་ཀྱིས་ཤེས། །
ཐོག་མཐའ་མེད་པའི་ཡུལ་ཞིག་ན། །
མིག་ཆུས་བསྐྱིལ་བའི་མཚོ་ཞིག་ཡོད། །
མཚོ་དེའི་ཁ་ན་ང་རང་ཡོད། །
མཚོ་དེའི་གཏིང་ན་ཁྱོད་རང་ཡོད། །
ཁྱོད་ནི་ང་ཡི་ཉི་འོད་ཡིན། །
སྤྲིན་པའི་རྒྱབ་ཀྱི་ཉི་འོད་ཡིན། །
2014/21/7ཉིན་ལ་རྨ་ཆུའི་འགྲམ་ཞིག་ཏུ་ཁེར་མོར་ཆང་འཐུང་ཞོར་དུ་བྲིས།
ཡོལ་བའི་རྒྱབ་ནས་རྙེད་པའི་འཇིག་རྟེན།
མི་ཚེ་ཐུང་ཐུང་གླེན་པའི་གློའུ་བཤད་ཡིན། །
ལས་ཀྱི་བྱམས་པ་འཁྲུལ་བའི་རྨི་ལམ་ཡིན། །
ལམ་གྱི་ཡུལ་ལྗོངས་སེམས་ཀྱི་རྨ་རྫུ་སྟེ། །
བྲང་ཁོག་ནང་ལ་ཆགས་པའི་དར་སོབ་ཡིན། །
ཕྱེ་ལེབ་ཆུང་ཆུང་གྱེས་ཁའི་རྒྱབ་གཟུགས་ཡིན། །
སྟོན་གྱི་ནམ་ཟླ་སྨྲེང་བའི་ངོས་གཅིག་ཡིན། །
དགུན་ཁའི་གྲང་རེག་འཆི་བའི་ཁ་དོག་སྟེ། །
རུས་པའི་གཏིང་ལ་རྒྱུགས་པའི་གཟེར་ཤད་ཡིན། །
སྤྲིན་པ་ལེབ་མོ་དབྱིངས་ཀྱི་ཐལ་བ་ཡིན། །
རླུང་བུ་འཁྱག་པོ་དེང་མའི་དུས་ཚོད་ཡིན། །
དྲན་པའི་འདྲ་རིས་མཚན་མོའི་ཡོལ་བ་སྟེ། །
དེ་ཡི་ཁ་དོག་ནག་པོ་ནག་རྐྱང་ཡིན། །
ཐད་ཀའི་འཇིག་རྟེན་ཡར་མར་གཡེང་ས་ཡིན། །
གཏིང་གི་ཁེར་རྐྱང་ཡིད་ཀྱི་ལོངས་སྤྱོད་ཡིན། །
སུན་པའི་ཡང་ལྕི་དབུགས་ཀྱི་རིང་ཐུང་སྟེ། །
རྩ་ལམ་ཀུན་ན་བཞུར་བའི་སྐྱོ་གདུང་ཡིན། །
ཕྱི་ནང་རབ་རིབ་ཉི་ཤུའི་སྨག་ནག་ཡིན། །
མགོ་རྔ་ཉོག་ཉོག་འཕྲུལ་གྱི་རོལ་རྩེད་ཡིན། །
འཚོ་བ་ཆག་པོ་འགྱིག་གི་མེ་ལོང་སྟེ། །
གཟུགས་དང་ཤེས་པའི་བར་གྱི་སྤྱོད་ཁང་ཡིན། །
འཇིག་རྟེན་སྣང་བ་གནམ་གྱི་ཀུ་རེ་ཡིན། །
ཚིག་དང་ཐ་སྙད་ཚོར་བའི་སྙིགས་རོ་ཡིན། །
ནང་གི་ཡི་གེ་ནང་གི་སྐྱོ་གར་ཏེ། །
བར་བཅུག་རི་མོ་མེད་པའི་བརྩམས་ཆོས་ཡིན། །
2012/7/12མཚན་མོར།
འཁྱག་སིབ་སིབ་ཀྱི་ཉིན་གཅིག
ཤིན་ཏུ་གྲང་བའི་གཙང་བོ་ཞིག །
དེ་རིང་ཁོ་བོའི་སེམས་ནང་བཞུར། །
རོ་སྒམ་ལྟ་བུའི་ཉིན་མོ་འདི། །
ད་ནངས་འཁྱག་ལ་ད་ཡང་འཁྱག །
ངུ་ཁ་ལུག་པའི་ནམ་མཁའ་དེ། །
ང་ཡི་ཆང་ཕོར་ནང་ན་འགུལ། །
སེར་ཁ་གས་པའི་ཉི་མ་ལ། །
འོད་ཅིག་ཡོད་ཀྱང་དྲོད་མི་འདུག །
རང་ཤི་བརྒྱབ་པའི་སྤྲིན་པ་དག །
གཙང་བོའི་ནང་དུ་འཚང་ཁ་རྒྱག །
དེ་ནི་ངོས་ཀྱི་རྨི་ལམ་བཞིན། །
རང་རང་ས་རུ་ཡལ་ནས་འགྲོ །
རྒྱབ་རི་ཉིལ་བའི་སྐད་སྒྲ་ལ། །
རྣ་བ་བླགས་ནས་སེམས་པ་ངུས། །
སྡུག་གིས་བཟུང་བའི་གངས་རི་ཞིག །
མིག་གི་ལམ་དུ་འཁོར་ནས་ཡོང་། །
མཚན་མོ་མིན་པའི་གཙང་འགྲམ་དུ། །
གྲིབ་མའི་རྡོག་སྒྲ་རླུང་གིས་འཁྱེར། །
རྡོ་བ་དག་གི་མིག་མཐའ་ན། །
མཆི་མ་ནག་པོ་ཆར་དུ་འབབ། །
ཅི་ཡང་མེད་པའི་བར་སྣང་དུ། །
ལག་པས་ཡང་ཡང་རེག་པ་བཞིན། །
སྟོང་བར་ལུས་པའི་སྣང་བ་འདི། །
དགུན་ཁ་འདྲ་ལ་དར་སོབ་འདྲ། །
སྐྱོ་གདུང་ཁུར་བའི་དུས་ཚོད་དག །
སྙིང་གི་ཁ་ན་བར་མེད་འདར། །
རོལ་དབྱངས་མིན་པའི་ས་སྲོད་འདི། །
ཁེར་རྐྱང་གིས་ནི་དཀྲོལ་བར་བྱ། །
2014/28/6ས་སྲོད་དུས་སུ།
འབྲོག་མོ་དེ་ཚོ་གང་དུ་བུད་སོང་།
སྔོ་ལྗང་མདངས་ལ་ལྷོད་ཤ་ཆགས་པའི་སྤང་ལྗོངས་ཞིག་ནི་སྔར་ལྟར་ཡོད་། །
གནམ་སའི་མཚམས་སུ་ལྷུང་ལྷུང་འབབ་པའི་ཆུ་ཕྲན་ཞིག་ཀྱང་སྔར་ལྟར་ཡོད།
མེ་ཏོག་ཁུད་དུ་མགོ་རྒྱན་སླེ་བའི་འབྲོག་མོ་དེ་ཚོ་གང་དུ་ཕྱིན། །
ཉག་ག་འཚོ་བའི་ཕྱིར་མིག་དེ་དག་ད་སྐབས་མཐོང་རྒྱུ་མི་འདུག་ལགས། །
རི་སྐེད་ཡན་ཆད་སྨུག་པས་བཟུང་བའི་རྫ་ལུང་དེ་དག་སྔར་ལྟར་ཡོད། །
རི་ཟོམ་སྤྲིན་པ་རྨིག་པས་རྫི་བའི་ལུག་ཁྱུ་དག་ཀྱང་སྔར་ལྟར་ཡོད། །
མཁུར་ཚོས་གཉིས་ལ་དམར་མདངས་ཆགས་པའི་འབྲོག་མོ་དེ་ཚོ་གང་དུ་ཕྱིན།
བྲག་ཆར་འཁོར་བའི་ལ་གཞས་ཞིག་ནི་ད་སྐབས་ཐོས་རྒྱུ་མི་འདུག་ཨང་། །
དུ་བའི་སྣེ་མོ་དབྱིངས་སུ་འཁྱིལ་བའི་སྦྲ་ནག་ཞིག་ནི་སྔར་ལྟར་ཡོད། །
ལྕི་བའི་དྲི་ངད་ལམ་དུ་ལྡང་བའི་ནོར་ལྷས་ཞིག་ཀྱང་སྔར་ལྟར་ཡོད། །
མགོ་དཀྲིས་དམར་པོ་རླུང་གིས་ཁྱེར་བའི་འབྲོག་མོ་དེ་ཚོ་གང་དུ་ཕྱིན། །
ཟླ་འོད་ལྟ་བུའི་རུམ་ཁ་ཞིག་ནི་ད་སྐབས་ཕྱེ་རྒྱུ་མི་རྙེད་ཨང་། །
ལྭ་ཡི་འདབ་མ་སིལ་ཆུས་བཀྲུས་པའི་རྒྱབ་གཟུགས་དེ་དག་གང་དུ་ཕྱིན། །
ལུས་ལ་རྩུབ་ཅིང་སེམས་ལ་འཇམ་པའི་ལག་པ་དེ་དག་གང་དུ་ཕྱིན། །
ཁ་ཚུབ་ནང་གི་སྐར་ཚོོགས་འཚོ་བའི་མིག་ཟུང་དེ་དག་གང་དུ་ཕྱིན། །
སྐྱ་རེངས་གོང་བ་མཆི་མས་བརླན་པའི་ཤུགས་རིང་དེ་དག་གང་དུ་ཕྱིན། །
དམར་ཆུང་སྙིང་ལ་སེན་འབྲད་ཞུ་བའི་འཛུམ་མདངས་དེ་དག་གང་དུ་ཡོད། །
གོམ་བརྒྱའི་སྣེ་ནས་ཉོབ་ཉོབ་གཏོང་བའི་དགོད་སྒྲ་དེ་དག་གང་དུ་ཡོད། །
ཉི་ཟླའི་འཆར་ནུབ་མཛུབ་མགོར་བྲིས་པའི་སེམས་པ་དེ་དག་གང་དུ་ཡོད། །
མྱ་ངན་ཐང་གི་གྲིབ་བསིལ་ལྟ་བུའི་འབྲོག་མོ་དེ་ཚོ་གང་དུ་ཡོད། །
མ་བཅོས་རྔོག་ཆུང་རླུང་གིས་བསྐྱོད་པའི་རྟ་ཕོ་ཞིག་ནི་ང་ལ་ཡོད། །
སྒོ་ཁྱིའི་འཇབ་རྒྱུགས་རྣ་རྒྱབ་སྐྱུར་པའི་སྙིང་ཕུར་ཞིག་ཀྱང་ང་ལ་ཡོད། །
མཚན་རྒྱབ་མལ་དུ་འགྲེ་ལོག་རྒྱག་པའི་འབྲོག་མོ་དེ་ཚོ་གང་དུ་ཡོད། །
མུན་ནག་ནང་གི་རྡོག་སྒྲ་མཉན་པའི་འབྲོག་མོ་དེ་དག་གང་དུ་ཡོད། །
2014/9/6ས་སྲོད་དུས་སུ།
མཚན་མོའི་ཡིག་འབྲུ་ནག་པོ། ༼ཚན་པ་གསུམ༽
༡ ཁང་བའི་ནང་ནས་སྡོད་ཐབས་བྲལ།
ཁང་མིག་འདི་ནི་ལྕགས་ཀྱིས་བྱས། །
འཕལ་ཀ་འདི་ཡང་ལྕགས་ཀྱིས་སྦྱར། །
ལྕགས་ཀྱི་སྒམ་ཆུང་ནག་རྡིབ་མ། །
སྤྱིར་ན་ང་ཡི་གཟིམས་ཤག་ཡིན། །
གྱང་ངོས་ཐུར་ལ་ཁངས་རྡང་ཆགས། །
ཉལ་ཁྲིའི་སྒང་དུ་རླུང་དམར་འཚུབ། །
ཤིན་ཏུ་གྲང་བའི་དུས་ཚོད་ལ། །
མགོ་རྔ་མཐུད་མཚམས་དབྱེ་རྒྱུ་མེད། །
སྤྱོད་ཁང་ལྟ་བུའི་དཔེ་སྒྲོམ་དུ། །
ཞེ་རྩ་མེར་བའི་དྲི་ངན་འཐུལ། །
རྐང་ལག་རྐྱོང་སའི་གནས་དག་ཏུ། །
གད་སྙིགས་མང་པོ་ལྡབ་གྱིས་འཕེལ། །
གཅུ་ལོག་རྒྱག་པའི་སྟོང་བསམ་ལ། །
དབུགས་ཀྱང་ཁེགས་པའི་སྣང་བ་བྱུང་། །
དེ་ནི་རང་སྲོག་གཅོད་པ་བཞིན། །
རྔུལ་ཆུའི་ཐིགས་པ་ས་རུ་འབབ །
ཁང་བའི་ནམ་མཁའ་ས་ལ་བརྡབ། །
ག་ལེར་ཆག་ནས་ཡལ་བར་གྱུར། །
ཤུལ་ཏུ་ང་ཡི་བརྩེ་དུང་དང་། །
རྨི་ལམ་མང་པོས་འཚང་ཁ་རྒྱག །
ཁ་བྱང་མེད་པའི་ཚོར་བ་ལ། །
ལྕགས་སྒྲོག་སིལ་སྒྲ་སང་སང་གྲགས། །
མཚན་མོའི་ཡིག་འབྲུ་འདི་དག་ལ། །
འོད་ཀྱི་གཤོག་པ་བཟོ་རུ་འགྲོ །
༢ མཚན་གུང་ཕྱི་ནས་ཆང་འཐུང་བ།
མཚན་གུང་འདི་ལ་སྒྲོལ་མ་ཟེར། །
དེ་ཡི་ཁོག་ཏུ་ཉི་འོད་ཡོད། །
ང་ལ་རེ་བ་གཞན་ཞིག་མེད། །
ལྷིང་འཇགས་འདི་ལ་གསོལ་བ་འདེབས། །
སྤང་ཐོག་འདི་ན་ང་ལས་མེད། །
ང་ལ་ལྦུ་ཆང་སྒམ་གང་ཡོད། །
ཁོག་པའི་ནང་ན་སྒམ་དོ་ཡོད། །
དོ་ནུབ་ང་རང་སངས་རྒྱས་ཡོད། །
ཨེ་མ་ངོས་ཀྱིས་རོལ་དབྱངས་གཏོང་། །
ཞབས་བྲོ་འཁྲབ་ནས་སྙན་ངག་གྱེར། །
ལྷོད་ཤ་ཆགས་པའི་འཇིག་རྟེན་འདི། །
ཐོགས་རེག་མེད་པའི་བར་སྣང་ཡིན། །
མུན་ནག་ནང་གི་མི་རྣམས་ལ། །
བདུད་རྩི་ཆང་གི་མཆོད་པ་འབུལ། །
ང་ཡི་ཚབ་ཏུ་ཁྱོད་ཚོས་བཞེས། །
ཁྱོད་ཚོའི་དོད་དུ་ངས་ཀྱང་འཐུང་། །
དབུལ་ཞིང་ཕོངས་བའི་མི་རྣམས་ལ། །
དོ་དགུང་ངས་ཡིས་འདུག་རོགས་བྱེད། །
ཁོ་རེ་སྲང་མདོའི་སྤྲང་བོ་ཚོ། །
འདི་ལ་ཤོག་དང་ཆང་གཏུག་རྒྱག །
སྨད་འཚོང་བུ་མོ་སེམས་བཟང་མ། །
དོ་ནུབ་ང་ལ་གནས་ཚང་གཡོར། །
འདོད་པའི་སྙིང་རྗེ་ཆེན་པོ་འདིས། །
སྡུག་བསྔལ་སེལ་བའི་ཡིད་ཆེས་མཛོད། །
ང་ཡིས་རང་གི་གྲིབ་མ་ལ། །
བྱིལ་བྱིལ་གཏོང་བཞིན་འོ་ཞིག་བྱས། །
དོ་ནུབ་ང་ཡི་སེམས་ནང་ན། །
མེ་ལྕེ་དམར་པོ་དགུང་དུ་འཕྱོ། །
༣ ནམ་ལངས་ཁའི་འཕྲུལ་སྣང་།
ཟླ་འོད་མེད་པའི་མཚན་མོ་ལ། །
སྐར་མ་མང་པོས་རང་སྲོག་གཅོད། །
ང་རང་དེ་ལ་བལྟས་ནས་ངུས། །
སེམས་ལ་བྱམས་པ་ཙམ་ཞིག་དྲན། །
ང་ཡི་མཆི་མ་ཁོག་ཏུ་བཞུར། །
ཆུ་བོ་ཆེན་པོ་གསུམ་ཙམ་ཆགས། །
དེ་དག་སླར་ཡང་ཉི་མས་སྐམ། །
ཤུལ་ནས་རྡོ་དང་བྱེ་མ་ཟགས། །
སྐྱ་རེངས་མ་བཀྱགས་ཡར་སྔོན་ལ། །
སྤྲིན་པའི་རི་བོ་ཡོམ་ཡོམ་འགུལ། །
ང་རང་དེ་ལ་སྐྲག་ནས་བྲོས། །
ངག་ནས་ཨ་མ་ཞེས་ཀྱང་ཐལ། །
ང་ཡི་རྐང་སྣམ་ཁ་ཐིག་གིས། །
ང་རང་དུམ་བུ་གཉིས་སུ་བཏང་། །
ཁོག་སྨད་ཁྱི་རོ་ཞིག་ཏུ་གྱུར། །
སྟེང་དུ་འབུ་ཚོགས་འཁོར་བ་མཐོང་། །
ནམ་མཁའ་འདི་ནི་ཤེལ་གྱིས་བྱས། །
མེ་ལོང་དེ་ཡང་ཤེལ་གྱིས་བྱས། །
ཤེལ་དམ་སྟོང་བ་རེ་རེ་ལས། །
ཆུ་ཡི་ཐིགས་པ་ཆར་དུ་ཉིལ། །
2014/2/4མཚན་མོར།
རྨི་ལམ་བྲིས་པ།
ངོས་ཀྱིས་རང་གི་སེམས་ལ་མཚོ་ཞིག་བྲིས། །
མཚོ་ཡི་མཐའ་རུ་བྱེ་མའི་རི་ཞིག་བྲིས། །
རི་དེའི་ཕྱོགས་བཞི་སྨུག་པས་བཟུང་བ་བྲིས། །
སྨུག་པའི་ནང་དུ་མི་ཞིག་ངུ་བ་བྲིས། །
དེ་ཡི་རྗེས་སུ་མཚན་མོ་མང་པོ་བྲིས། །
མཚན་མོ་རེ་ལ་མུན་ནག་རེ་རེ་བྲིས། །
དེ་ཡི་ངོས་སུ་རྒྱབ་གཟུགས་འདྲ་མིན་དང་། །
མཆི་མས་བརླན་པའི་མིག་ཟུང་ཆ་རེ་བྲིས།
ཤར་ནུབ་འཁྲུག་ཅིང་ལྷོ་བྱང་ཉོག་མཚམས་སུ།
སྣེ་མོ་དབྱིངས་ལ་ཟུག་པའི་ལམ་རེ་བྲིས། །
དེ་ཡི་མདོ་རུ་སོ་སོའི་དཔུང་ཐུག་དང་། །
ཡར་མར་གཤར་བའི་མི་ཚོགས་མང་པོ་བྲིས། །
ཆ་རྒྱུས་མེད་པའི་ངོ་གདོང་ཡོད་ཚད་ལ། །
ཡལ་བ་མེད་པའི་འཛུམ་མདངས་རེ་རེ་བྲིས། །
རླུང་གིས་ཁུར་བའི་སྐད་ཆ་མཐའ་དག་ལ། །
འཛད་མཐའ་མེད་པའི་རོ་དང་བརྩེ་དུང་བྲིས། །
གར་སོང་ཆ་མེད་གྱུར་བའི་དེ་དག་བྲིས། །
ལན་གཅིག་སེམས་སུ་ཡོང་བའི་འདི་དག་བྲིས།
དམར་དྲི་དྲོ་བའི་སྐད་ཅིག་རེ་རེ་ལ། །
མཛེས་ཤིང་སྡུག་པའི་སྐྱོ་གདུང་རེ་རེ་བྲིས། །
སྟོན་ཟླ་རལ་བོ་ཞིག་ལ་ལྗང་མདོག་བྲིས། །
ལོ་མ་ལྡོམ་པོ་ཞིག་ལ་གཤོག་པ་བྲིས། །
ཉི་ནུབ་ངོགས་སུ་བྱམས་པའི་གོམ་སྒྲ་དང་། །
ལྡེམ་ལྡེམ་འཁྱིལ་བའི་བདག་གི་རེ་སྒུག་བྲིས། །
སྟོང་བའི་ནང་ལ་ལས་ཀྱི་མཛུབ་རྗེས་བྲིས། །
དེ་ཡི་ངོས་སུ་རྨི་ལམ་ཚར་གཅིག་བྲིས། །
དེ་ཡི་རྗེས་སུ་འཇིག་རྟེན་བྱེ་བ་བྲིས། །
དེ་ཡི་རྗེས་སུ་ཐལ་བ་སྤར་གང་བྲིས། །
མཇུག་ཏུ་ངུ་དགོད་སྐྱེན་པའི་སེམས་ཤིག་བྲིས། །
དེ་ཡི་ནང་དུ་མཛེས་པའི་ཁེར་རྐྱང་བྲིས། །
དེ་ཡི་ཞབས་སུ་ཚིག་དང་ཐ་སྙད་ཀྱི། །
སྐྱེ་འཆི་ལྟ་བུའི་ཁུ་སིམ་ཁོ་ན་བྲིས། །
2014/24/4ཉིན།
མུན་ནག་ནང་གི་གྲིབ་མ།
ཟླ་འོད་མེད་པའི་མཚན་མོ་ཞིག་ལ་འུ་གཉིས་སྲང་མདོ་ཞིག་ཏུ་འཕྲད། །
ཁྱོད་ཀྱིས་ང་ལ་སྙིང་ཉེ་བོས་ཤིང་ངས་ཀྱང་ཁྱོད་ལ་དགའ་ལོ་བཏགས། །
འུ་གཉིས་དུས་རབས་གཅིག་གི་མིན་ཀྱང་ཏག་ཏག་འཇིག་རྟེན་གཅིག་གི་ཡིན།
འུ་གཉིས་མཚན་མཐུན་དགའ་རོགས་མིན་རུང་དུང་བ་ཏན་ཏན་དེ་འདྲ་ཡོད། །
སྐབས་རེར་ང་རང་བྱིས་པ་ཇི་བཞིན་མཚན་མོ་མང་པོ་ངུས་ནས་བསྐྱལ། །
ལན་རེར་ཁྱོད་ཀྱང་ང་རང་ནང་བཞིན་ས་སྲོད་མང་པོ་སྐྱོ་བས་བརྒལ། །
ཡིད་ཆད་སྨྲ་བའི་རིང་ལུགས་དག་གིས་ང་རང་བསྒུལ་ནས་ཁྱོད་ཀྱང་བཙུར། །
སྐྱོ་སྣང་སྨྲ་བའི་གྲུབ་མཐའ་དག་གིས་ཁྱོད་ལ་གཅར་ཞིང་ང་ཡང་རྡུང་། །
འབར་ཐུར་ཞིག་གི་རྒྱབ་ངོས་ཐུར་ལ་མི་ཚེ་ཞེས་པའི་འགྲེལ་བཤད་བྲིས། །
འདམ་གྱིས་བྱས་པའི་སྤྱོད་ཁང་ཞིག་ལ་འཇིག་རྟེན་ཁམས་ཀྱི་ཆོ་ལོ་སྦྱར །
ང་རང་ཆང་དམ་ཞིག་ཏུ་འཛུལ་ནས་སྙན་ངག་མང་པོ་ཤེད་ཀྱིས་གྱེར། །
ཁྱོད་ཀྱིས་མདུན་ཅོག་ཐུར་མས་བརྡུང་ནས་ང་ལ་དབྱངས་ཀྱི་རམ་འདེགས་རྩོམ།
ལམ་ཁའི་མི་ཚོ་ང་ལ་ཅེར་ནས་ཀན་ལ་རྩ་ཞིག་མི་ཚང་ཟེར། །
ཁྱོད་རང་བདག་གི་རྒྱབ་ཏུ་ལངས་ནས་དེ་ཚོ་འདྲེ་རུ་ལོག་འདུག་ལབ། །
རྨི་ལམ་ནང་གི་ཡུལ་ལྗོངས་དག་གིས་འུ་གཉིས་མདུན་ནས་མདུན་དུ་ཁྲིད། །
གཞན་གྱིས་བོར་བའི་བརྩེ་དུང་འདི་ཡང་དེ་དུས་ཤིག་ལ་རྙེད་པ་ཡིན། །
ཁྱོད་རང་རྟག་ཏུ་རི་མགོར་འགོས་ནས་ཉི་ནུབ་རེ་རེ་བརྩེ་བས་སྐྱེལ། །
སེམས་ཀྱི་ནང་ལ་སྐྱོ་བ་སྐྱེས་ན་སྐད་མགོ་བཀྱགས་ནས་ཡུན་རིང་ངུ་། །
ང་རང་ནམ་རྒྱུན་གྲོང་མཐར་ཉུལ་ནས་སྨུག་པའི་ནང་དུ་འཆམ་འཆམ་འགྲོ །
སྙིང་གི་ནང་དུ་གཟེར་ཤད་བརྒྱུགས་ན་ལྦུ་ཆང་མཆོད་ནས་ཡི་གེ་འབྲི། །
ཁྱོད་ཀྱི་བྲང་གཞུང་རྨ་ཁའི་ནང་ན་འཇིག་རྟེན་བྱེ་བའི་གྱེས་བྲལ་ཡོད། །
གྱེས་བྲལ་རེ་རེའི་རྒྱབ་ལོགས་ཐུར་ན་སྲིད་པ་སྟོང་ཁའི་སྐྱོ་གདུང་ཡོད། །
ང་ཡི་དྲན་པའི་རས་ཕད་ནང་ན་འཆི་བར་ཕྱོགས་པའི་རང་ཉིད་ཡོད། །
རང་ཉིད་ཁོ་ནའི་དགའ་སྐྱོའི་གཏིང་ན་ཚེ་སྲོག་ཀུན་གྱི་ཁེར་སྡུག་ཡོད། །
ངོས་ཀྱིས་ལ་ལུང་མང་པོ་བརྒལ་ཞིང་གཙང་བོ་ཞིག་གི་འགྲམ་དུ་ཐོན། །
ཕ་བོང་ཞིག་ཏུ་མེ་ཏོག་བཏབ་ནས་གླིང་ཕྲན་ཞིག་གི་བསམ་པ་བཟུང་། །
ཁྱོད་ཀྱིས་ཐང་ཆེན་དུ་མ་ལྟེབ་ཅིང་རི་བོ་ཞིག་གི་འདབས་ལ་སོང་། །
ཆུ་འཁྱིལ་ཞིག་ལ་མེ་ཁ་གསོས་ནས་ཁྱིམ་ཚང་ཞིག་ཏུ་རྟོག་བཟོ་བྱས། །
ངལ་ཞིང་དུབ་པའི་མཁའ་དབུགས་འདི་ཡིས་ཁྱོད་ཀྱི་ལུས་ལ་སྦྲིད་སྨན་གཏོར།
ཐེད་ཅིང་རལ་བའི་དུས་ཚོད་འདི་ཡིས་ང་ཡི་སྐེ་རུ་ཐག་པ་སྐོན། །
ཁྱོད་ཀྱིས་ལག་པས་ང་རང་བསྐྱོར་ཞིང་ང་ཡི་སེམས་ཀྱིས་ཁྱོད་ཉིད་ཁྲིད། །
སྡུག་ཤི་རྒྱག་རྒྱུའི་མུན་ནག་ནང་དུ་ཁོག་འདར་བྱེད་ཀྱིན་བྱེད་ཀྱིན་སོང་། །
རྡོག་པའི་སྣེ་རུ་ཁངས་སྐྱ་འབབ་པའི་དགུན་ཁ་དེ་དག་ཕར་ལ་བདས། །
རྫི་མའི་ནང་དུ་བ་མོ་ཆགས་པའི་སྟོན་ནམ་དེ་ཡང་ཁོག་རྗེན་བརྒལ། །
རྡོ་འཁྱགས་སྟེང་ལ་རྐུབ་འཁྱགས་གླན་པའི་འུ་གཉིས་ཁོ་ནས་ཁེར་ཧྲེང་དུ། །
ཆུ་ཁར་གཡེང་བའི་དུར་སའི་འགྲམ་ནས་རང་གི་གཏམ་རྒྱུད་རང་གིས་བྲིས། །
2014/8/6མཚན་མོར་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།