༄༅།།རྟོགས་བརྗོད་མུ་ཏིག་དཀར་པོའི་ཕྲེང་བ།

ཁ་གྱའི་ཁྱུང་སྔོན།(གཙོས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-02
        —༧ ཡབ་རྗེ་བླ་མ་རིན་པོ་ཆེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་གི་མཛད་རྣམ་དང་འབྲེལ་ཏེ་རྟོགས་པ་བརྗོད་པ།

རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ཡེ་ཤེས་ཁམས།།
བསོད་ནམས་རྒྱ་མཚོའི་ཆུ་གཏེར་ལས་འཁྲུངས་ཤིང་།།
གདུལ་བྱ་རྒྱ་མཚོ་འདྲེན་མཁས་ཐུབ་པའི་དབང་།།
ཤེས་བྱ་རྒྱ་མཚོའི་དེ་ཉིད་སྟོན་ལ་འདུད།།
 
ཉམས་རྟོགས་འོད་ལྔ་འབར་བའི་ཀློང་ཡངས་ནས།།
སྒྲིབ་བྲལ་ཡེ་ཤེས་མེ་ལོང་གསལ་བའི་མདངས།།
ཟུང་འཇུག་ཁྲི་ལ་མངའ་བརྙེས་པཎྜི་ཏ།།
རྒྱལ་བས་ལུང་བསྟན་ཀླུ་ཐོགས་ཞབས་ལ་འདུད།།
 
ཐུབ་བསྟན་རྒྱ་མཚོ་གླིང་བཞིར་འཁྱིལ་བ་ལ།།
མདོ་སྔགས་རྒྱ་མཚོའི་བཅུད་ཀྱིས་སྙིང་པོ་བསྟབས།།
འཕྲིན་ལས་རྒྱ་མཚོས་སྲིད་གསུམ་འཛིན་མ་འགེངས།།
མཁྱེན་བརྩེའི་རྒྱ་མཚོ་འཇམ་མགོན་བླ་མར་འདུད།།
 
གྲངས་མེད་བདེ་གཤེགས་ཐུགས་རྗེའི་གངྒཱའི་ཀློང་།།
རྨད་བྱུང་ཚོགས་གཉིས་རྣམ་དཀར་དགེ་བའི་གཟི།།
རྒྱ་མཚོའི་བསྐལ་བར་རྙེད་དཀའི་ཡིད་བཞིན་ནོར།།
མདོ་སྔགས་ལམ་གྱི་སྙིང་བོར་དང་བས་འདུད།།
 
ཟབ་གསལ་འོད་མདངས་མདངས་མཛེས་ལོངས་སྤྱོད་སྐུ།།
སྟོང་ཉིད་ཆོས་ཀུན་ཀུན་ཡིད་འཕྲོག་པའི་གསུང་།།
དུས་གསུམ་ཀུན་རྟོགས་རྟོགས་པ་ཡེ་ཤེས་ཐུགས།།
རྡོ་རྗེ་འཆང་དབང་དབང་འབྱོར་བླ་མར་འདུད།།
 
མཚོ་བྱུང་པདྨའི་གེ་སར་འཛུམ་པའི་སྡིངས།།
སྒེག་འཛུམ་གར་གྱི་ཉམས་སྟོང་ལྷུན་རྫོགས་པའི།།
ཨུཏྤལ་ཟུར་མིག་གཡོ་བའི་མཚོ་སྲས་མས།།
ཚུལ་འདིར་དགོངས་ལ་ངག་གི་དངོས་གྲུབ་སྩོལ།།
 
འཇམ་དཔལ་དབྱངས་དངོས་བློ་བཟང་རྒྱལ་བའི་དབང་།།
དཔལ་ལྡན་འཕྲིན་ལས་རྣམ་བཞིའི་མཛད་པའི་ཕྲེང་།།
བསྐལ་བཟང་དུས་ཀྱི་མཁའ་ལ་ལེགས་དྲངས་པའི།།
ཆོས་ཀྱི་ཆེ་བ་རྡོ་རྗེའི་ཚིག་གིས་བྲི།།
 
བགྲང་ཡས་བསྐལ་བ་དུ་མའི་སྔ་རོལ་དུ།།
དེ་བཞིན་གཤེགས་པ་འཇིག་རྟེན་གསལ་མཛད་དྲུང་།།
ཚོགས་གཉིས་སྤྱོད་པས་འགྲོ་དོན་ཀུན་མཛད་པའི།།
རླབས་ཆེན་སྨོན་ལམ་རྫོགས་ལ་གུས་པས་འདུད།།
 
འཁོར་བསྒྱུར་ཆེན་པོ་འོད་སྲུངས་འཇིག་རྟེན་མིག།
འཛམ་གླིང་ཆོས་ཀྱིས་མཛད་པ་བསྐྱངས་པའི་ཚེ།།
སྟོབས་དང་མངའ་ཐང་དར་བའི་ཀྲི་ཀྲིའི་འབངས།།
རྒྱལ་ཕྲན་ལ་སོགས་ཤིང་རྟ་གཉིས་པར་འདུད།།
 
སྔོན་ཚེ་ཐུབ་དབང་གངས་ཀྱི་ལྷུན་པོའི་དྲུང་།།
ཆོས་ཕུང་བདུད་རྩིའི་གྲུ་ཆར་ཡོངས་བཞེས་པའི།།
བྱང་ཆུབ་སེམས་དཔའ་རབ་རྩལ་གཞོན་ནུ་སོགས།།
སྣ་ཚོགས་སྤྲུལ་བའི་ཟློས་གར་མཛད་དེར་འདུད།།
 
འཕགས་ཡུལ་ཆོས་ཀྱི་བསྟི་གནས་རྡོ་རྗེ་གདན།།
དྲེགས་ལྡན་ས་སྐྱོང་མངའ་བསྡུ་བཟང་བོ་ཡི།།
རིགས་སུ་འཁྲུངས་ཤིང་འགྲོ་དོན་ཆེར་མཛད་པའི།།
སེམས་དཔའ་ཆེན་པོའི་མཚན་ལ་གུས་པས་འདུད།།
 
སྣ་ཚོགས་གདུལ་བྱའི་ཁམས་དང་མོས་པའི་ངོར།།
གང་འདུལ་ཐབས་ཀྱི་རོལ་གར་འཁྲིགས་པའི་རྩལ།།
རྒྱལ་སྲས་སྐད་གཉིས་སྨྲ་བའི་ཐུགས་བསྐྱེད་ཀྱིས།།
བསྟན་འགྲོའི་དོན་མཛད་འདྲེན་མཆོག་བླ་མར་འདུད།།
 
གྲུབ་མཐའ་རྣམ་བཞིའི་ཆུ་ཀློང་ཡངས་པའི་རྩེ།།
ཟབ་མོ་དབུ་མའི་ལུགས་བཟང་རྡོ་རྗེ་གཟེགས།།
ཀླུ་སྒྲུབ་ཞལ་གྱི་བུམ་བཟང་ལས་འོངས་པ།།
གསལ་མཛད་འཇམ་མགོན་བླ་མ་གཉིས་པར་འདུད།།
 
ཟླ་བའི་ལུགས་བཟང་དཔལ་ལྡན་ཐལ་འགྱུར་པ།།
ལེགས་བཤད་གསེར་གྱི་མཚོ་ལ་འཇུག་པའི་འཕྲུལ།།
རྒྱུན་དུ་བསྟེན་ལ་དགེ་སློང་སིདྷིའི་མཚན།།
མཁས་གྲུབ་ཆེན་པོའི་ཞབས་ལ་གུས་པས་འདུད།།
 
མདོ་རྒྱུད་དགོངས་དོན་ཤེར་ཕྱིན་སྙིང་བོའི་བཅུད།།
ཀུན་མཁྱེན་ཐུགས་ཀྱི་བུམ་པར་ལེགས་འཁྱིལ་བའི།།
ངུར་སྨྲིག་གར་གྱིས་ཁ་ཆེའི་དགེ་སློང་སོགས།།
ཚུལ་ལྡན་སྡོམ་པའི་གཞི་བཟུང་མགོན་དེར་འདུད།།
 
འཆད་རྩོད་དབྱར་རྔ་ལྡིར་བའི་ནཱ་ལེནྡྲར།།
པཎ་གྲུབ་མཁས་མང་གུས་མཆོད་བསྙེན་བཀུར་ཅིང་།།
གསེར་ལྡན་འཛིན་མའི་གཞི་ལ་མངའ་བསྒྱུར་པའི།།
ས་སྐྱོང་གསལ་བར་གྲགས་ལ་གུས་པས་འདུད།།
 
མདོ་དང་རྒྱུད་སྡེའི་གསང་སྔགས་རྣལ་འབྱོར་གྱི།།
བདེ་སྟོང་ཟུང་འཇུག་རྡོ་རྗེའི་ཐེག་པའི་ཁྲིར།།
ཚེ་གཅིག་ཉིད་ལ་མངོན་དུ་གྱུར་མཛད་པའི།།
གྲུབ་ཆེན་ཊོཾ་བྷི་བ་སོགས་ཕྱག་གི་ཡུལ།།
 
གསང་ཆེན་སྔགས་ཀྱི་སྙིང་བོ་འདུས་པའི་གནད།།
དགོངས་དོན་ཇི་བཞིན་རྟོགས་ལ་འཁྲུལ་མེད་པའི།།
པཎ་གྲུབ་དུ་མའི་ཞབས་པད་ཉེར་བཏུད་དེ།།
མན་ངག་མཛོད་འཛིན་གོང་ཀ་ན་བའི་ཞབས།།
 
ཁ་བ་ཅན་ཞེས་གྲགས་པའི་ཡུལ་ལྗོངས་སུ།།
བཀའ་གདམས་བཤེས་གཉེན་ཇོ་འབྲོམ་ཡབ་སྲས་ཀྱི།།
བསྟན་པའི་སྒྲོན་མེ་སྦར་བའི་བྱ་ཡུལ་བར།།
གྲགས་པའི་སྨྲ་བ་ཟླ་མེད་གཞོན་ནུར་འདུད།།
 
མདོ་རྒྱུད་མན་ངག་ཀུན་གྱི་སྙིང་བོའི་བཅུད།།
ཐབས་ཤེས་ཟུང་གིས་བསྲུབས་པའི་ལམ་སྒྲོན་དང་།།
སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དག།
འགྲོ་ལ་སྙོམས་མཛད་མཚུངས་མེད་བླ་མར་འདུད།།
 
རྨད་བྱུང་མདོ་སྔགས་ལུགས་བཟང་སྲིད་པའི་རྩེར།།
གཞི་ལམ་འབྲས་བུའི་ལྟ་བ་མཐོན་པོའི་ཐེག།
འཛེགས་ལ་སྤོབས་པའི་ང་རྒྱལ་སེང་ཆེན་སྒྲས།།
ལྟ་ངན་མུན་མཐར་སྤྲོད་པའི་བདག་ཉིད་ཆེ།།
 
འཇམ་མགོན་བླ་མའི་ལེགས་བཤད་ཉི་ཟླའི་གཟི།།
གསལ་མཛད་བློ་གྲོས་རྒྱས་པའི་ཡེ་ཤེས་གཏེར།།
སྨྲ་ངན་འཇོམས་མཛད་མཁས་གྲུབ་དགེ་ལེགས་དཔལ།།
བྱང་ཆུབ་མཆོག་བརྙེས་ཀུན་དགའ་བཟང་བོར་འདུད།།
 
སྤྲོས་བྲལ་གཞན་སྟོང་ཕྱག་རྫོགས་ལྟ་བའི་གནད།།
འཛིན་ལ་ཟླ་བྲལ་ཏཱ་ར་ན་ཐའི་ཞབས།།
ངེས་དོན་དགོངས་ཟབ་འཁྲུལ་མེད་ཕྱོགས་ཀུན་ཏུ།།
ཇི་བཞིན་འགྲེལ་མཛད་སྙིང་བོའི་མཚན་ལ་འདུད།།
 
ཡབ་རྗེ་རྒྱལ་བའི་གདུང་འཚོབ་རིམ་བྱོན་གྱི།།
ཁྲི་ལ་དབང་བསྒྱུར་མཚུངས་མེད་ཆོས་ཀྱི་རྗེ།།
གྲོང་མདའ་བསྟན་པའི་རྒྱལ་མཚན་ཞེས་བྱ་བ།།
བཤད་སྒྲུབ་བསྟན་པ་སྐྱོང་བའི་གཉེན་དེར་འདུད།།
 
རྒྱ་བོད་ལོ་པཎ་མཁས་གྲུབ་བྱེ་བའི་རྡུལ།།
སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ཚུར་བསུས་ཏེ།།
མདོ་རྒྱུད་བསྟན་བཅོས་པདྨའི་འདབ་མ་སྟོང་།།
སྙིང་གི་བུམ་པར་སིམ་དེར་གུས་པས་འདུད།།
 
བློ་བཟང་ལེགས་བཤད་ཀུ་མུད་འདབ་སྟོང་རྩེར།།
བཤད་སྒྲུབ་འོད་དཀར་ཟེགས་མས་འཁྱུད་པ་ཡི།།
དཔལ་ལྡན་རིག་གྲོལ་རྒྱུ་སྐར་བཀྲ་བའི་དབུས།།
ཆོས་ཀྱི་བཀའ་ལུང་རྡོ་རྗེའི་ཚིག་གིས་སྩལ།།
 
མཐའ་བྲལ་ལྟ་བའི་ལམ་རྫོགས་དབུ་མའི་འཇིངས།།
སྒོམ་སྟོབས་གསལ་རྫོགས་ཏིང་འཛིན་གཡོ་མེད་ངང་།།
སྤྱོད་ལ་ཚུལ་ལྡན་དམ་ཚིག་བརྟན་པོའི་རྭར།
མི་འདའ་མ་འགོངས་ཆོས་དོན་མཛད་དེར་འདུད།།
 
མཁས་གྲུབ་རྒྱ་མཚོའི་རྡུལ་མང་འཕྱོ་བའི་སར།།
ངེས་དོན་ཚད་མའི་རྒོལ་བ་འབར་བའི་མེ།།
ཉམས་རྟོགས་ཀློང་དུ་བརྡོལ་བའི་འཕྲིན་ལས་ཀྱིས།།
གྲགས་སྙན་ཕྱོགས་ཀྱི་ལྷུན་པོའི་རྣ་བར་འཕྲུལ།།
 
གསེར་ལྗོངས་མཎྜལ་དཀར་པོའི་ལྟེ་བ་རུ།།
རིགས་རུས་བསེ་ཞེས་དུང་གི་ཁོག་པ་ལས།།
རྒྱལ་བསྟན་གསེར་འཁོར་བསྐོར་ལ་ཆེས་དཔའ་བའི།།
གངས་ཀྱི་མུ་ཏིག་སྲིད་པའི་ཏོག་ཏུ་བབས།།
 
ངག་ལ་དབང་འབྱོར་འཇམ་མགོན་ཙོང་ཁ་པའི།།
རིམ་གཉིས་ཆོས་ཚུལ་མདོ་སྨད་འཛིན་མའི་ཞིང་།།
རྣམ་དཀར་ལས་ཀྱི་སྒྲ་དབྱངས་སྲིད་པའི་མཐར།།
སྒྲོག་ལ་འགྲན་བྲལ་བཞད་པའི་རྡོ་རྗེར་འདུད།།
 
རྒྱལ་བའི་ལུང་གིས་ཟིན་པའི་མི་འཁྲུགས་ཞིང་།།
གྲགས་པས་སྲིད་གསུམ་གཡོ་བའི་ཆོས་ཀྱི་སྡེ།།
འཁོར་ལོ་གསུམ་གྱིས་སྐྱོང་མཁས་བཞད་པའི་རྗེའི།།
ཐུགས་སྲས་ཁྲི་ཆེན་ངག་དབང་བཀྲ་ཤིས་མཚན།།
 
དཔལ་ལྡན་བཀྲ་ཤིས་སྒོ་མང་ཆོས་ཀྱི་གྲྭར།།
འཆད་རྩོད་ལུང་རིགས་དབྱངས་སྙན་འབུམ་སྡེའི་སྒྲ།།
ཚད་མའི་དགོངས་དོན་བསེ་བསྡུས་རྒྱ་མཚོའི་རླབས།།
དུས་ཀྱི་མཁའ་རུ་འདྲེན་མཁས་བཤེས་གཉེན་ཆེ།།
 
ལུང་རིགས་འཆད་ཉན་རྒྱ་མཚོ་མཁར་ལུད་པའི།།
མཁས་དབང་ཉི་ཟླའི་དཔུང་བ་གཤིབ་པའི་སྡིངས།།
བླ་བྲང་བཀྲ་ཤིས་འཁྱིལ་ཞེས་འཕགས་བོད་ཀུན།།
སྙན་པའི་གྲགས་པ་རྒྱས་མཛད་བླ་མ་མཆོག།
 
མི་ལོ་སུམ་ཅུར་ཆོས་ཀྱི་ཁྲི་འཕང་ནས།།
རྒྱལ་བསྟན་སྲོག་གི་ཀ་བར་བཞེངས་པ་ཡི།།
དགེ་ལྡན་ལུགས་བཟང་པདྨོ་རབ་བཞད་དེ།།
ཕྱོགས་ཀྱི་བློ་གསལ་བུང་བ་ངང་གིས་འདུས།།
 
མ་ཅིག་ལབ་ཀྱི་སྒྲོན་མས་ལུང་གི་བརྡས།།
མ་འོངས་དུས་ཀྱི་ནངས་པར་ས་འདི་ནས།།
གྲལ་ཚེས་དགེ་བར་གཏེར་ཐོན་ཞེས་པ་ཡི།།
ལུང་བསྟན་དུས་སུ་སྨིན་པས་གཏེར་ཁ་ཕྱེས།།
 
བྱིན་ཆགས་བཀྲ་བཟང་བདེ་མཆོག་འཁོར་ལོའི་གནས།།
མདོ་སྨད་ས་ཡི་ཐིག་ལེར་གྲགས་པའི་ལྟོར།།
བཻཌཱུར་ཞུན་མ་ལྟེམ་པའི་ནེའུ་གསིང་ཚལ།།
མཚན་དཔེ་མེ་ཏོག་དཔྱིད་དཔལ་རྒྱན་དུ་བཞད།།
 
དགེ་ལྡན་ལུགས་བཟང་འཛིན་ལ་ཟླ་བྲལ་པའི།།
ངག་གི་དབང་ཕྱུག་འཇམ་དབྱངས་གཞོན་ནུའི་སྐུ།།
བསམ་བཞིན་ཞིང་འདིར་མི་ཡི་གར་བསྒྱུར་པའི།།
བཀྲ་ཤིས་གཡས་འཁྱིལ་རི་མོའི་རེ་ཁཱ་འབར།།
 
དུས་ཀྱི་མཁའ་ལ་ཆོས་རིག་ཉི་ཟླའི་འོད།།
ཟབ་གསལ་མན་ངག་སྦྲང་རྩིའི་རྒྱལ་མཚན་ཅན།།
བཀྲ་ཤིས་འཁྱིལ་ནས་ཆོས་ཀྱི་མཛད་བཟང་གིས།།
ཆོས་ཁྲི་ཆོས་ཀྱིས་བསྐྱངས་པའི་མཛད་ཆེན་རྨད།།
 
སྐལ་ལྡན་རྒྱ་མཚོའི་ཐུགས་རྗེའི་གུར་ཁང་ལས།།
བཤད་སྒྲུབ་པདྨོའི་འདབ་སྟོང་གྲོལ་བའི་གཞིར།།
ཚོགས་ཀྱི་ཞིང་ལ་བཀུར་མཆོད་ལྷུར་ལེན་པའི།།
མི་དབང་ས་སྐྱོང་ནང་སོའི་རུས་ལས་མཆེད།།
 
བློ་བཟང་འཇམ་དཔལ་བསྟན་པའི་སྒྲོན་མེའི་འོད།།
དགུ་འགྱུར་པདྨོའི་ཁུགས་ནས་འཕོས་པའི་གཟིས།།
བཀྲ་ཤིས་རྫོགས་ལྡན་ཆུ་གཏེར་རབ་རྒྱས་པའི།།
མཛད་བཟང་རྨ་ཀླུང་སྒེག་མོར་ཅི་ཡང་འཁྲིལ།།
 
གྲགས་སྙན་རྫ་རྔ་རྡུང་བའི་ཟིལ་ཤུགས་ཀྱིས།།
ཆེ་རྒུའི་ཡིད་དབང་འཕྲོག་པའི་འཕྲིན་ལས་ཅན།།
རྒྱ་བོད་སོག་གསུམ་གདུལ་བྱ་གྲངས་མེད་ལ།།
དམ་ཆོས་འོ་མའི་ཆབ་རྒྱུན་གཏོར་དེར་འདུད།།
 
ལྔ་རིག་རྒྱ་མཚོ་འཕྱུར་བའི་རིག་འབྱུང་གྲོང་།།
རིགས་སྨྲ་སྟག་སེང་མཇིང་བསྣོལ་འཛོམས་པའི་གཞི།།
ལུང་རིགས་གད་རྒྱངས་སྲིད་ན་མཐོ་བའི་སར།།
བསྟན་འཛིན་ཟླ་གཞོན་རྒྱུ་སྐར་གྲོགས་སུ་ཤར།།
 
བློ་གྲོས་བཟང་བོའི་འོད་སྟོང་རྫོགས་པའི་དཀྱིལ།།
བཀྲ་ཤིས་དགེ་མཚན་དཔལ་གྱིས་མངོན་འཕགས་པའི།།
བསྟན་པའི་རྒྱལ་མཚན་དུས་མཐར་བསྒྲེང་བ་ལ།།
མཛད་བཟང་གདུགས་དཀར་སྲིད་པའི་རྩེ་རུ་འཁོར།།
 
བསོད་ནམས་དཔལ་གྱིས་འཛིན་མའི་ཁྱོན་ཀུན་འགེངས།།
ས་འཛིན་ལྷུན་པོ་སྙེམས་པའི་མི་དབང་གི།
དམ་པའི་རིགས་སུ་ཐིག་ལེ་དཀར་པོའི་ཚལ།།
སྐྱོན་བྲལ་ཚངས་སྲས་མངལ་གྱི་གང་བུར་གྲོལ།།
 
བདེ་ཆེན་ཆོས་འཁོར་རྩིབ་སྟོང་བཀྲ་བའི་གཞིར།།
རྡོ་རྗེ་ཐེག་པའི་དྷཱི་སྐད་ཐལ་ངག་སྒྲ།།
ཉིན་མཚན་འཇགས་མེད་ལྷང་ལྷང་གྲགས་པའི་གླིང་།།
ཆོས་ཀྱི་ཁྲི་ལ་བཞེངས་ནས་འགྲོ་དོན་མཛད།།
 
མཁྱེན་གཏེར་བློ་ལ་བཟང་བོའི་ཡོན་ཏན་རྫོགས།།
བཀྲ་ཤིས་ལུང་རྟོགས་དམ་ཆོས་ཟླ་བའི་སྤྲོས།།
འཕྲིན་ལས་རླབས་ཕྲེང་རྒྱ་མཚོའི་མཐའ་རུ་བརྡལ།།
བསྟན་འཛིན་བྱེ་བའི་མགོན་པོར་བཞེངས་དེར་འདུད།།
 
སྐྱེ་བའི་ཕྲེང་རབས་པཎ་གྲུབ་གསེར་གྱི་རིའི།།
མཛད་རྣམ་ཆུ་བོའི་རླབས་རྒྱུན་ཆེར་མཆེད་པའི།།
རྟོགས་བརྗོད་ཆུ་ཤེལ་པདྨའི་རྫིང་བུ་རུ།།
རིག་བྱེད་ལྷ་མོས་དབྱངས་ཀྱི་སྟངས་སྟབས་སྒྱུར།།
 
དགེ་བཅུའི་དཔལ་གཡང་འཛོམས་པའི་གསེར་ལྗོངས་ཡུལ།།
རྡོ་རྗེ་རྩེ་བརྒྱ་འབར་བའི་ལྷུན་པོའི་མགུལ།།
འཁོར་ལོ་སྡོམ་པའི་ཕོ་བྲང་ཉམས་དགའི་ཚལ།།
རོང་སྟོན་སྐལ་ལྡན་གསེར་རིའི་ཕྲེང་བ་མཛེས།།
 
སྒྲུབ་སྡེ་དཀར་དམར་མུ་ཏིག་ཕྲ་ཚོམས་ཀྱིས།།
ཀུན་གསལ་མཁའ་ཡི་སྐར་ཚོགས་འཁུམ་པར་བྱེད།།
སྟོང་ཉིད་ལྟ་མགུར་དབུ་མའི་ཆོས་དབྱངས་སྒྲས།།
གཡུ་འབྲུག་གར་གྱིས་འཁྱུག་པའི་དགུ་ཆུ་མནན།།
 
གངས་ཅན་མཁའ་ལ་ཉི་ཟླ་རྣམ་གཉིས་ཀྱི།།
ཚུལ་འཆར་སྣང་བ་མཐའ་ཡས་མི་ཡི་གར།།
བསྒྱུར་མཛད་པཎ་ཆེན་ཆོས་ཀྱི་ཉི་མ་ཡིས།།
འཁྲུལ་མེད་ཐུགས་ཀྱིས་བརྟག་ཅིང་ལུང་གིས་བསྟན།།
 
གསེར་ལྗོངས་པདྨོ་འཛུམ་པའི་ཞིང་གི་གཞིར།།
རོང་བོ་སྡེ་བདུན་སྟོང་སྡེ་གཡས་འཁྱིལ་མཚོའི།།
ནང་ཚན་སྲིབ་མཐའ་ཐེ་བུ་ཞེས་གྲགས་པར།།
འཁོན་རིགས་ནང་སོའི་རྒྱུད་དུ་མཚན་དཔེ་བཞད།།
 
གསེར་ལྗོངས་འཛིན་མའི་ལྟེ་བར་གང་སྐུའི་མཚན།།
"བློ་བཟང་འཇམ་དཔལ་སྙིང་བོའི་ལུང་རྟོགས་བསྟན།།"
འཛིན་སྐྱོང་སྤེལ་ལ་འཇམ་མགོན་གཉིས་པ་བཞིན།།
མངོན་པར་འཕགས་ཚེ་ཕྱོགས་ཀྱི་འགྲོ་རྣམས་དུད།།
 
བྱམས་མགོན་ཉིན་བྱེད་འོད་སྣང་བྱམས་བརྩེའི་དཀྱིལ།།
"ཐུགས་བསྐྱེད་ལྷག་བསམ་སྟོབས་ཀྱིས་མཁའ་ཁྱབ་ཏུ།།"
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འདེགས་པ་ལ།།
མི་ཞུམ་སྙིང་སྟོབས་འབར་བའི་སྤོབས་པ་མཐོ།།
 
སྔོན་ནས་བག་ཆགས་ཟབ་མོས་དགེ་ལྡན་བསྟན།།
"སྐྱོང་བའི་བྱེད་པོ་དཔལ་ལྡན་བླ་མ་མཆོག།"
ཡང་དར་བསྟན་པའི་སྒྲོན་མེ་སྦར་བ་ལ།།
བསམ་བཞིན་བསྟན་འགྲོའི་དཔུང་དང་གཉེན་དུ་བྱོན།།
 
ཆོས་ཀུན་གཟིགས་ལ་མཁྱེན་པ་ཟླ་ལྟར་གསལ།།
ཆོས་ཀྱི་ཉི་མ་དགེ་ལེགས་དཔལ་བ་ཡིས།།
"ཆོས་ཀྱི་རྡོ་རྗེའི་ཞབས་"ཞེས་མཚན་གསོལ་ཏེ།།
ཆོས་ཁྲིའི་བདག་པོའི་ཅོད་པན་དབུ་ལ་སྩལ།།
 
ཁྱུང་ཆེན་སྒོ་ངའི་སྦུབས་རྒྱ་མ་གྲོལ་གོང་།།
རྣམ་དཔྱོད་རྩལ་གྱིས་གཤོག་ཟུང་བསྒྱུར་བ་ཡི།།
ཡིད་དགའ་ཆོས་འཛིན་ཞིང་གི་ཆོས་ཀྱི་ཁྲིར།།
མི་འགྱུར་རྡོ་རྗེ་གཤིས་སུ་མངའ་གསོལ་མཛད།།
 
དང་བོ་དབྱངས་གསལ་གསེར་གྱི་ལྡེ་མིག་གིས།།
འབྲི་ཀློག་སྐྱོར་བའི་གསེར་གྱི་སྒོ་གླེགས་ཕྱེས།།
འཇམ་དཔལ་ལྷ་ཡིས་རྗེས་བཟུང་བྱིན་བརླབས་པས།།
མཁྱེན་གཏེར་ཆུ་བོའི་རླབས་ཕྲེང་དྲག་ཏུ་འཕྱོ།།
 
ཡོན་ཏན་ཀུན་གྱི་གཞི་རྟེན་བཤེས་གཉེན་གྱིས།།
ལྔ་རིག་ནོར་བུའི་འོད་ཀྱིས་སྨིན་མཛད་ཅིང་།།
སུམ་རྟགས་སྒྲ་སྙན་ཁྲིད་ཀྱིས་གྲོལ་བྱེད་པའི།།
མཚན་ལྡན་ཀུན་དགའ་རྒྱ་མཚོ་གཙུག་ཏུ་བཀུར།།
 
བློ་རྟགས་བསྡུས་གྲྭ་ས་ལམ་རྣམ་གཞག་དང་།།
ཐུན་མོང་ཡིག་རུས་དཀར་ནག་རྩིས་ཀྱི་རིགས།།
བསླབ་བྱའི་རྣམ་གྲངས་ཕྲ་རགས་མ་ལུས་པ།།
ཐུགས་ལ་མངའ་བས་མཁྱེན་རབ་ཀློང་དུ་བརྡོལ།།
 
མེ་ལོང་དགོངས་འབྱེད་དབྱངས་ཅན་དགྱེས་པའི་གླུ།།
སླར་ཡང་ཚངས་པའི་སྲས་མོ་བཞད་པའི་སྒྲར།།
འདྲེན་པའི་རོལ་མོ་དྲི་ལ་ཟ་བའི་གླུ།།
གངས་དཀར་རྩོམ་རིག་པདྨོའི་གཉེན་དུ་སྩལ།།
 
ཟབ་རྒྱས་གཏེར་མཛོད་ཨ་རོལ་རྡོ་རྗེ་འཆང་།།
རིགས་ཀྱི་ཅོད་པན་བཀུར་ཏེ་བསླབ་གསུམ་མནོས།།
བྱིན་རླབས་དབང་བཞི་ལམ་མཆོག་སྒོ་འབྱེད་སོགས།།
སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱིས་བསྐྱངས།།
 
མཚན་ལྡན་བཤེས་གཉེན་བསྟེན་ལ་རྟག་ཏུ་ངུས།།
ཆོས་འཕགས་དྲུང་ནས་ཆོས་ཀྱི་གདམས་པའི་རྒྱུན།།
མནོས་པའི་རྣམ་ཐར་སྐྱོང་ལ་སེམས་དཔའ་ཞིག།
བསྟན་འགྲོའི་དོན་ཀུན་མཛད་པའི་དབུ་ཁྱུད་བྲིས།།
 
དཔལ་གྱི་ཆོས་སྡེ་རོང་བོ་དགོན་ཆེན་ཞེས།།
བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་མངོན་བཀྲ་བའི།།
ཞིང་གི་བཀོད་པ་བི་ཤྭ་ཀརྨའི་བློའི།།
རྩལ་གྱིས་པིར་རྩེར་བསྐྱོན་པའི་གྲུབ་གནས་སུ།།
 
སྐྱབས་མཆོག་ཨ་རོལ་ཚང་གི་ཞལ་སྔ་ནས།།
"བློ་གྲོས་མཁྱེན་བཟང་འཇམ་དབྱངས་གཞོན་ནུ་ཡིས།།"
བཤད་སྒྲུབ་བསྟན་ལ་ཉི་མ་ཤར་པ་བཞིན།།
བསྔགས་བརྗོད་མེ་ཏོག་དཀར་པོའི་མགུལ་ཕྲེང་གནང་།།
 
མདོ་སྨད་ཆོས་རིག་རྒྱ་མཚོའི་གྲོང་ཁྱེར་ན།།
"ཐུབ་པའི་བསྟན་ལ་སྨན་པའི་ངུར་སྨྲིག་གར།།"
དུས་ཀྱི་མཐའ་རུ་འཇམ་མགོན་རྒྱལ་ཚབ་ཏུ།།
མངོན་པར་འཕགས་ཞེས་ཕྱོགས་བྲལ་མཁས་པས་གླེང་།།
 
དམ་པའི་རང་རྟགས་ཉི་མའི་དཀྱིལ་འཁོར་ལ།།
ཕལ་བའི་སྤར་མོས་འགོག་པར་མི་ནུས་པར།།
"གདུལ་བྱ་རྒྱ་མཚོའི་དཔལ་དུ་མངོན་བསྒྱུར་པའི།།"
ངེས་དོན་བསྟན་པའི་བདག་པོའི་གོ་འཕང་བརྙེས།།
 
གསང་ཆེན་རྒྱུད་སྡེ་རྣམ་བཞིའི་དགོངས་པའི་མཐིལ།།
སྦྱངས་སྟོབས་ཤེས་རབ་བློ་ཡིས་རབ་བརྟོལ་ཏེ།།
རིམ་གཉིས་རྣལ་འབྱོར་སྔགས་ཀྱི་རྒྱ་གྲོལ་པའི།།
"མཆོག་སྤྲུལ་དམ་པའི་ཞབས་"ཞེས་ཅོད་པན་གསོལ།།
 
ལུང་རིགས་མཛོད་འཛིན་འཇམ་དབྱངས་གྲགས་པའི་ཞབས།།
བསམ་སྦྱོར་ཚུལ་བཞིན་བསྟེན་ཏེ་ཚད་མའི་འགྲོས།།
ཐོས་བསམ་དཔེ་ཀློག་རྩོད་པའི་རླབས་ཕྲེང་གིས།།
ཐུགས་སྲས་ངག་གི་དབང་བོའི་རྣམ་ཐར་བསྐྲུན།།
 
ལུང་གི་རྒྱབ་བསྟེན་བརྩན་ལ་རིགས་པའི་འཕྲུལ།།
ཁས་ལེན་དམ་བཅའ་སྲ་ལ་བྲག་རིའི་རྫོང་།།
རྩོད་ཚུལ་རྣམ་དཔྱོད་ཡངས་པ་ཕྱོགས་ཀྱི་གླང་།།
གཟུར་གནས་མཁས་དབང་དགྱེས་པའི་སྐུ་ཡོན་རྒྱས།།
 
སྐུ་ཡི་ཟླ་གཞོན་ཉ་གང་བཅོ་ལྔའི་དུས།།
ཐོས་བསམ་གསན་སྦྱོང་གཞུང་དོན་ཉམས་ལེན་ཕྱིར།།
དབུས་འགྱུར་ཆོས་ཀྱི་གྲོང་དུ་ཆིབས་ཞལ་བསྒྱུར།།
ཇོ་ཤཱཀ་རྣམ་གཉིས་རྒྱུད་གྲྭ་སྟོད་སྨད་སོགས།།
 
ཚོགས་ཀྱི་ཞིང་ལ་བསྙེན་བཀུར་རྒྱ་ཆེར་བགྱིས།།
མཆོད་མཇལ་བསགས་སྦྱངས་མཎྜལ་ཕྱག་མཆོད་གཙོས།།
བསྟན་འགྲོའི་དོན་དུ་དགེ་ཚོགས་རླབས་ཆེན་གྱིས།།
བཀའ་གདམས་གོང་མའི་ཕྱག་བཞེས་ཉམས་སུ་བླངས།།
 
དགའ་དད་ཟུང་གི་ཡིད་ཀྱི་རླབས་ཕྲེང་བརྩེགས།།
ཁྲི་ཆེན་གོང་མར་གོ་ཐོབ་མཐོ་བའི་ས།།
འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི།།
གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེར།།
 
བཀྲ་ཤིས་སྒོ་མང་གྲྭ་ཚང་ཆོས་ཞུགས་གནང་།།
ཚོགས་ཆེན་སྤྲུལ་བའི་སྐུ་ཞེས་མཚན་སྙན་གསོལ།།
དེའི་ཚེ་མཚན་ཉིད་བཅུ་ལྡན་དགེ་བའི་བཤེས།།
དབལ་ཤུལ་འཇམ་དབྱངས་རྒྱ་མཚོ་གཙུག་ཏུ་བསྟེན།།
 
བསྟན་པའི་ནང་མཛོད་ཕར་ཕྱིན་སྐབས་སྤྱི་མཐའ་དང་།།
ལེགས་བཤད་གསེར་གྱི་ཕྲེང་བ་ཐར་གསལ་སོགས།།
གསན་སྦྱོང་རིགས་པའི་བརྒལ་བརྟག་བ་མོའི་དབྱངས།།
མཁས་པའི་ཡིད་དབང་འཕྲོག་པའི་ཉམས་རྟོགས་བརྡོལ།།
 
གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་།།
གཟིམ་སྤྱིལ་མཇལ་ཕྱག་ཞལ་གསུང་གསེར་ཞུན་ཁུ།།
ལོངས་སུ་སྤྱོད་པའི་བསོད་ནམས་རྒྱ་མཚོ་མཐུས།།
ཐུགས་བསྐྱེད་སྨོན་ལམ་བཟང་བོའི་དཔལ་གྱིས་བརྒྱན།།
 
སྤྱན་རས་གཟིགས་དབང་མི་ཡི་གར་བསྒྱུར་པ།།
འཛམ་གླིང་མིག་གཅིག་བདག་ཉིད་བཅུ་བཞི་པའི།།
ཞབས་ཀྱི་པདྨོ་སྤྱི་བོར་ཉེར་བཀོད་དེ།།
དབང་ཁྲིད་ལུང་གི་བདུད་རྩི་དྲོན་མོ་གསོལ།།
 
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི།།
གདན་ས་ཆེན་པོ་དགའ་ལྡན་ཞིང་མཆོག་ཏུ།།
སྨོན་ལམ་སྟོབས་ཀྱི་ངེས་འབྱུང་ཤུགས་དྲངས་པས།།
ཚོགས་ཀྱི་ཞིང་ལ་བསྙེན་བཀུར་མཆོད་འབུལ་བསྟར།།
 
བསོད་ནམས་སྟོབས་ཀྱིས་དྲངས་པའི་མཁའ་གླང་ལས།།
བྱིན་རླབས་དུས་སུ་སྨིན་པའི་ཆོས་ཆར་འབེབས།།
ཐར་འདོད་སྐལ་ལྡན་ངང་མོའི་རྩེད་དགོད་ཀྱིས།།
རིགས་ལམ་མེ་ཏོག་སར་བའི་འཛུམ་ཕྲེང་བཞད།།
 
ཆོས་ཀྱི་སྒྲ་བརྒྱ་སྟོང་གི་ཟིལ་ཤུགས་ཀྱིས།།
ཆོས་གྲྭ་ཆེན་པོའི་སྙན་པ་གླིང་ལ་ཁྱབ།།
ཆོས་མིན་ལོག་རྟོག་གཞོམ་ལ་རྡོ་རྗེ་མཚོན།།
ཆོས་སྡིངས་དབེན་པའི་ཀློང་ན་དྲག་ཏུ་གཟེངས།།
 
འཇམ་མགོན་བླ་མའི་བསྟན་པ་སྤེལ་བའི་སླད།།
ནང་སློབ་འཁོར་ཚོགས་དབུས་ན་མཁས་སྙན་ཅན།།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི།།
གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་།།
 
གྲགས་པའི་མཚན་གྱིས་མཁས་པའི་ཐུགས་ཉམས་འཕྲོག།
རིམ་གཉིས་སྤྱོད་པས་དམ་པའི་རང་རྟགས་མངོན།།
ཕྱི་ནང་ཆོས་ཀྱི་བྱིན་རླབས་ཚན་ཁ་ཅན།།
དབུ་མའི་ལུགས་བཟང་རྒྱས་པའི་ཆོས་གྲྭར་བྱོན།།
 
སྣང་བ་མཐའ་ཡས་ཀུན་གཟིགས་བཅུ་པའི་ཞལ།།
མཇལ་ཞིང་གདན་ས་ཆེན་པོ་བཀྲས་ལྷུན་དུ།།
ཟབ་མོའི་དབང་བསྐུར་མན་ངག་ལུང་ཁྲིད་དང་།།
སྲིད་ཀྱི་ཆོ་ལོ་ཐོབ་ཀྱི་ཐེལ་ཙེ་གནང་།།
 
པཎ་ཆེན་དགྱེས་པའི་བརྩེ་འཛུམ་ཟླ་བའི་ཟེར།།
ཕོ་བྲང་བདེ་ཆེན་སྐལ་བཟང་གཟིམ་ཆུང་དུ།།
འཕྲོས་ཤིང་དགྱེས་ཞལ་ལྷན་འཛོམས་གསུང་མཆིད་ཀྱིས།།
ཡབ་སྲས་ཐུགས་དགོངས་རྡོ་རྗེ་རྒྱ་ལྟར་འབྲེལ།།
 
རབ་འབྱམས་རྒྱལ་བའི་ཐུགས་རྗེའི་དཀྱིལ་འཁོར་ལས།།
རྨད་བྱུང་བཤད་སྒྲུབ་རྒྱལ་མཚན་ནོར་བུའི་ཏོག།
སྲིད་ན་མངོན་པར་མཐོ་བའི་བསྟན་པའི་ཁུར།།
བཀའ་གདམས་གཙང་མའི་རྣམ་ཐར་མཛད་དེ་རྨད།།
 
ཐུགས་སྟོབས་གོ་ཆ་རྣོན་པོ་གནམ་རུའི་འཕྲུལ།།
སྐྱེན་པོའི་ཤེས་རབ་རྩལ་གྱིས་ཉེར་བཀུག་སྟེ།།
དཔྱད་གསུམ་ཚད་མས་སྒྲུབ་པའི་རིགས་པའི་མདའ།།
མཁས་གྲུབ་སྟོང་ཕྲག་འཛོམས་པའི་དབུས་སུ་འཕངས།།
 
འབྲས་སྒོ་མཁས་མང་འདུས་སའི་ཆོས་སྡིངས་སུ།།
ལུང་གི་སྒྲུབ་ངག་བཙན་པོའི་དབལ་རྣོ་ཞིང་།།
རིགས་པའི་གློག་ཞགས་མྱུར་མོའི་འགྲོས་ཀྱི་འཕྲུལ།།
སྟོང་ཕྲག་རྒོལ་བའི་དཀྱིལ་འཁོར་ཀློང་དུ་འགྱེད།།
 
མཁས་མང་གསེར་རིའི་ཕྲེང་བ་བརྗིད་པའི་དབུས།།
ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགོངས་པའི་དོན།།
རྣམ་པར་དཔྱད་པའི་བརྒལ་བརྟག་ལས་བརྩམས་ཏེ།།
ཕ་རོལ་ཕྱིན་པའི་རབ་འབྱམས་དམ་བཅའ་མཛད།།
 
འཆད་པས་མ་རྟོགས་ལོག་རྟོག་ཚང་ཚིང་བསྲེགས།།
རྩོད་པས་རྒོལ་ངན་ལོག་སྨྲའི་རལ་ཚོགས་གཞོམ།།
རྩོམ་པས་དབྱངས་ཅན་བུ་མོའི་ཁེངས་པ་བཅོམ།།
མཚུངས་བྲལ་ཟླ་བའི་ལང་ཚོ་རྒྱས་པའི་གཏེར།།
 
མཁས་པའི་གྲགས་སྙན་རྒྱས་ཀྱང་ཐོས་པ་འཚོལ།།
བཙུན་པའི་ཡོན་ཏན་འཕེལ་ཡང་དམན་སར་བསྙེགས།།
བཟང་བོའི་སྤྱོད་པས་ཕྱུག་ཀྱང་ཞི་ཞིང་དུལ།།
མདོར་ན་རྒྱལ་སྲས་སེམས་དཔའི་རྣམ་ཐར་འཆང་།།
 
འཁོར་ལོ་གསུམ་གྱི་མཛད་བཟང་དཔག་བསམ་ལྗོན།།
སྡེ་སྣོད་དགོངས་དོན་རྟོགས་པའི་ཡབ་འདབ་རྒྱས།།
ཞྭ་སེར་བསྟན་པ་སྐྱོང་བའི་བྱེད་པོ་རུ།།
ཕུན་ཚོགས་རྟེན་འབྲེལ་མདོ་ཁམས་ཡུལ་དུ་འཛོམས།།
 
མདོ་སྔགས་གཞུང་ལ་ཐོས་བསམ་རྒྱ་ཆེར་གྱིས།།
སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་རླབས་ལྟར་འཕྱོ།།
མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ།།
ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་དགྱེས།།
 
དབང་ལུང་རྗེས་ཁྲིད་གདམས་ངག་ཟབ་མོའི་མཛོད།།
ཐོས་དོན་ཉམས་ལེན་གཞུང་བརྒྱའི་ཕ་རོལ་སོན།།
ཡང་དར་བསྟན་པའི་དར་ཆེན་ནམ་མཁའི་མཐོངས།།
འཇིགས་མེད་སྤོབས་པས་འཛུགས་མཁས་སེང་ཆེན་རྒྱལ།།
 
དུས་ཞབས་སྟག་ལྷ་མཁས་དབང་མི་ཉག་རྗེ།།
ཁ་གྱའི་ཨ་ཁུ་ནུ་རའི་བསྟན་པ་སོགས།།
མཁས་གྲུབ་བཅུ་ཟུང་ཐུགས་ཀྱི་བུམ་བཟང་ལས།།
གཞུང་ཆེན་བདུད་རྩིའི་བཅུད་ཀྱི་ཉིང་ཁུ་བསྟེན།།
 
དུས་འགྱུར་འཚུབ་མའི་འཁོར་ལོའི་སོ་ཁ་ནས།།
ས་ཁྱིའི་རླུང་དམར་རྒོད་པོ་ཕྱོགས་སུ་ལྡང་།།
ཉེས་མེད་མུན་པའི་མནར་གཅོད་དཀའ་སྡུག་འོག།
དམ་པའི་རང་གཤིས་གསེར་གྱི་མདངས་མ་འགྱུར།།
 
བཙོན་ལས་སྐལ་ལྡན་བདུན་པའི་གསེར་ཞལ་ལས།།
འཇིགས་མཛད་དཔའ་བོ་ཆེན་པོའི་ལུས་སྲུང་གི།
བཀའ་རྒྱའི་ཞལ་ཁྲིད་དྲོན་མོའི་བདུད་རྩི་མྱངས།།
རྩ་སྔགས་བསྙེན་པ་གྲངས་མེད་མཛད་པ་རྨད།།
 
བར་སྐབས་སྤྲིན་ནག་མུན་པའི་གསེང་རས་ཕྱེས།།
བཞད་པའི་རྡོ་རྗེའི་གསེར་ཞལ་ཉི་མའི་དཀྱིལ།།
མཇལ་ཞིང་ཡབ་སྲས་དགྱེས་ཞལ་ལྷན་འཛོམས་ཀྱིས།།
བཀྲ་ཤིས་འཁྱིལ་ནས་ཆོས་ཀྱི་དགའ་སྟོན་འགྱེད།།
 
སླར་ཡང་རིག་གསར་གདུག་པའི་མེ་ལྕེ་ཡིས།།
ཁ་བའི་ཆོས་རིག་གཞོམ་པའི་དུད་སྤྲིན་འཁྲིགས།།
གཏུམ་སྤྱོད་དམག་གིས་ཉེས་མེད་རྡུང་རྡེག་གིས།།
ཕྱག་གཡོན་གསེར་གྱི་འཁྲི་ཤིང་ས་རུ་ཕབ།།
 
དོན་དེ་བསམས་ན་ན་ཟུག་སྙིང་རྩར་རྒྱུ།།
ཡིན་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིས།།
ལས་འདིས་བྱེད་པོ་གང་གི་བསམ་དོན་འགྲུབ།།
ཅེས་པའི་རླབས་ཆེན་ཐུགས་སྨོན་མཛད་དེ་མཚར།།
 
གང་སྐུ་ཉ་གང་ཟླ་བའི་ལང་ཚོའི་གཟི།།
ལོ་དྲུག་མུན་པའི་དོང་དུ་བརྫངས་ན་ཡང་།།
མཁྱེན་དཔྱོད་ཉི་མ་སྟོང་གི་ཚ་རླབས་ཀྱིས།།
ཉོན་མོངས་མུན་པའི་མཚོ་མོ་རྩ་ནས་བསྐམས།།
 
ལོག་སྤྱོད་ཞྭ་མོ་ནག་པོའི་གྲིབ་མའི་འོག།
ངལ་རྩོལ་བསྒྱུར་བཀོལ་རྟ་གླང་རྫི་བོར་སྤྱུགས།།
བཅུ་གཅིག་བགྲང་བྱའི་ཁྱུད་མོར་སྐུ་ཚེགས་ཆེས།།
ངལ་རྩོལ་ལས་ཀྱིས་འགྲོ་བའི་དོན་ཡང་མཛད།།
 
ལོ་ངོ་བཅུ་བདུན་འདས་པའི་ས་ལུག་ལོར།།
ཉེས་མེད་དཀར་འདོན་བྱས་ཏེ་འཆད་སྟེགས་སུ།།
གཞུང་ལུགས་ཟབ་ཁྲིད་བགྱི་འོས་སྟ་གོན་ཚུལ།།
མི་རིགས་སློབ་གྲྭའི་གླིང་ལ་ཞབས་ཟུང་བསྒྱུར།།
 
རྩོམ་ལ་དཎྜིའི་སྙེམས་པ་འཕྲོག་བྱེད་པའི།།
སྙན་འགྲེལ་ཚངས་སྲས་བཞད་པའི་སྒྲ་དབྱངས་བསྒྲགས།།
འཆད་པ་ཟླ་མེད་དོན་གྱི་འགངས་གསལ་བའི།།
དོན་རྒྱན་སོ་ལྔའི་ལྗགས་ཁྲིད་ཕྲ་ཞིབ་གནང་།།
 
ཚིག་དོན་ཟབ་ཅིང་དཔེ་དོན་ཁྱད་འཕགས་པའི།།
སྔར་མེད་སྙན་འགྲེལ་གླེགས་བམ་དཀར་པོའི་ཕོན།།
ཆུ་འཛིན་དཀར་པོའི་འདབ་ཕྲེང་གཡོ་བའི་ཀློང་།།
བྱིན་རླབས་སྒྲ་བརྒྱའི་གྲགས་པ་ཆེ་ཆེར་རྒྱས།།
 
ཚངས་བཞད་སྙན་འགྲེལ་བུ་མོའི་འཇོ་སྒེག་གིས།།
རྟ་མཆོག་རྨིག་པས་རྩེན་པའི་མཆོང་གར་བཏུལ།།
གངས་དཀར་ཕྱོགས་ལས་བརྒལ་ཏེ་འཛམ་གླིང་གི།།
རིག་པའི་གླིང་ཆེན་བསྐོར་བའི་སྙན་པ་འབར།།
 
ཕྱི་ནང་མི་མཐོང་མུན་པའི་དཀྱིལ་འཁོར་དུ།།
རྡུལ་གྱིས་མནན་པའི་དབྱངས་གསལ་སོ་བཞིའི་ལུས།།
གསལ་མཛད་འཕྲིན་ལས་ཉིན་བྱེད་བྱེ་བའི་འོད།།
སྤྲོས་པས་ཀན་ལྷོའི་ཆོས་རིག་མྱུ་གུ་འབུས།།
 
ཀུན་གཟིགས་ཆེན་པོའི་བཀའ་ལུང་ཤིང་རྟའི་འགྲོས།།
ཕྱོགས་སུ་སྒྱུར་ལ་ཁྱེད་ཐུགས་ཕོ་ཉའི་འཕྲིན།།
ཧི་མ་ལ་ཡའི་གངས་འདབས་ཤར་ལྷོའི་རྒྱུད།།
སྐད་དང་རིག་གནས་ཉམས་པར་སྲོག་དབང་སྩལ།།
 
པཎ་ཆེན་བཀའ་ལུང་གསེར་གྱི་མེ་ཏོག་གིས།།
མཐོ་རིམ་ནང་བསྟན་སློབ་གླིང་གདན་ཞུས་ཐོག།
གཞུང་དེབ་རྩོམ་སྒྲིག་བྱ་བའི་ཁུར་ཆེན་གྱི།།
ཕྱག་རྗེས་ཟླ་ལྟར་གསལ་བའི་མཛད་བཟང་རྨད།།
 
བསྟན་པའི་སྲོག་སྙིང་འདུལ་བའི་བསླབ་བྱའི་དོན།།
བདེ་བླག་ཉམས་སུ་ལེན་ལ་ཁ་གསལ་གྱིས།།
མཛད་པའི་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ཉིད།།
གཞི་གསུམ་གསེར་གྱི་འཁོར་ལོའི་རྒྱན་དུ་བཞད།།
 
སྣང་མཐའི་བཀའ་ཡིས་ཉེར་བསྐུལ་དམ་ཆོས་སྐྱེས།།
དགེ་ལྡན་གྲུབ་མཐའི་སྤྱི་བཤད་གླེགས་བམ་ནོར།།
གངས་རིའི་མགུལ་དུ་བསྟར་བའི་དགེ་མཚན་ལ།།
བསྟན་པ་མཛེས་པར་བྱེད་པའི་རྒྱན་ཞེས་གྲགས།།
 
རིས་མེད་ཆེས་མཐོའི་བླ་སྤྲུལ་དྲེགས་ལྡན་རིགས།།
ཐོབ་དང་ཆོ་ལོའི་དབུ་འཕང་མཐོན་པོའི་ཚོགས།།
གུས་ཤིང་བཏུད་པས་བཤེས་སུ་ཡོངས་བསྟེན་ཏེ།།
ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།
 
གྲུབ་མཐའ་འདུལ་བའི་ལྗགས་ཁྲིད་མན་ངག་གཏེར།།
དཔྱད་སྟོབས་རིག་པས་ཞིབ་ཅིང་བཀྲལ་བ་ལ།།
མཁས་རྣམས་དགྱེས་ཤིང་མཆོད་པའི་མེ་ཏོག་གིས།།
སྤྱི་གཙུག་ཟླ་བའི་གདན་ལ་བསུས་ཤིང་བཀུར།།
 
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག་པོ་རུ།།
མངོན་པར་བཞེངས་ཏེ་དུས་ཀྱི་འཁོར་ལོའི་དབང་།།
རྒྱ་མཚོའི་གྲངས་ཀྱིས་བསྐོར་བའི་ཕྱག་ལེན་སོགས།།
འཁྲུལ་མེད་བརྒྱུད་ལྡན་བླ་མའི་ལུགས་བཞིན་སྩལ།།
 
ཐུབ་པ་མཆོག་ལ་བིཤིཥྚ་སྟ་བ་ནའི།།
འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན་བསྟར།།
ལྷ་དང་མི་དབང་མྱོས་པས་བསྟོད་ཕྱག་གིས།།
ས་ཡི་རྡུལ་ཀྱང་གསེར་གྱི་བྱེ་མར་བསྒྱུར།།
 
ཡོངས་འཛིན་རྣམ་ཐར་གླེགས་བམ་གསེར་མདོག་མ།།
རྟོགས་བརྗོད་བཀྲ་ཤིས་དངུལ་གྱི་བུམ་གཟུགས་མ།།
ལམ་རིམ་ཐར་འདོད་འཇུག་ངོགས་ཚིགས་བཅད་མ།།
སྐལ་ལྡན་གདུལ་བྱ་རྒྱ་མཚོའི་རྒྱན་དུ་བཞག།
 
ས་གཞི་གསེར་གྱིས་བཀང་ཡང་ཁྱོད་གསུང་གི།།
རིན་ཐང་ཆ་ཙམ་སུས་ཀྱང་གཞལ་དཀའ་བས།།
གངས་ཅན་ཆོས་རིག་མཛོད་ལ་སྤུངས་པའི་ནོར།།
མདོ་རྒྱུད་གླེགས་བམ་གླང་བོའི་རྒྱབ་ཁལ་བརྩེགས།།
 
གསུང་སྐྱེས་བུ་སློབ་ས་ཡི་རྡུལ་གྲངས་ལས།།
འཕགས་པར་གྲངས་ཀྱིས་གཟུང་བར་མི་བྱ་བའི།།
དེ་བཞིན་གཤེགས་པ་དངོས་ཀྱི་མཛད་པ་ཅན།།
གངས་ཅན་ལྗོངས་འདིར་བསྟན་པའི་རྒྱན་དུ་ཆེ།།
 
ཐུབ་བསྟན་གངས་རིའི་སྤོ་ལ་ཉི་འོད་བཞིན།།
ལེགས་པར་དྲངས་ཏེ་བྱང་རྒྱུད་ཆོས་ཀྱི་སྡེར།།
ཆོས་ཀྱི་འགྲོ་དོན་སྐྱོང་བའི་མཛད་རྣམ་གྱིས།།
གདུལ་བྱ་ཁྲི་འབུམ་ལེགས་པའི་ལམ་དུ་བཀོད།།
 
གང་གི་ཐུགས་སྟོབས་ཟླ་མེད་མཁྱེན་དཔྱོད་ཀྱིས།།
སྐད་དང་རིག་གནས་མུན་པའི་འོབས་ལས་བསྐྱབས།།
བཅུ་ཕྲག་རིག་པའི་སྐྱེད་ཚལ་སློབ་གླིང་བཙུགས།།
འཕྲིན་ལས་འོད་ཀྱིས་ས་སྟེང་ཁྱབ་པར་བྱས།།
 
འདི་ལྟར་སྐུ་ཚེ་ཧྲིལ་བོར་མི་རིགས་ཀྱི།།
ཆོས་དང་རིག་གནས་བསྟན་པ་འཛིན་སྐྱོང་སླད།།
མཛད་རྣམ་ལྷུན་པོའི་གཏོས་བཞིན་མངོན་འཕགས་ཏེ།།
རླབས་ཆེན་ལས་དོན་དཀར་པོའི་ཕྱག་རྗེས་གསལ།།
 
གངས་ཅན་བྷོ་ཊའི་ཆོས་རིག་རིན་ཆེན་མཛོད།།
མཛེས་བྱེད་གསུང་འབུམ་བཅུ་ཟུང་ཡིད་བཞིན་ནོར།།
སྐལ་ལྡན་རེ་བ་ཀུན་སྐོང་དབང་གི་རྒྱལ།།
ཕྱི་རབས་བློ་གྲོས་འབར་བའི་ནོམ་དུ་སྩལ།།
 
མཆོག་གི་མཛད་རྣམ་མཐའ་ཡས་རྒྱ་མཚོ་ལས།།
གུས་ཆུང་བྱིས་བློར་བླངས་པའི་རྩྭ་རྩེའི་ཐིགས།།
དད་གུས་སྙིམ་པད་འདབ་མར་ཡོངས་བསྐྱིལ་ཏེ།།
རྟོགས་བརྗོད་རིན་ཆེན་མཎྜལ་དཀར་པོའི་ཕོན།།
 
རྒྱུ་ཚོགས་ལེགས་བྱས་བསོད་ནམས་རྒྱ་མཚོའི་མཐུས།།
ཞབས་ཟུང་བཀྲ་ཤིས་རེ་ཁཱ་བཞད་པའི་དཔལ།།
བསྐལ་བཟང་དཔྱིད་ཀྱི་དུས་སྟོན་དར་བའི་སྒང་།།
ཡོངས་སུ་བསྟེན་པའི་བསོད་ནམས་སྟོབས་ཀྱིས་བརྟས།།
 
རྨད་བྱུང་གསུང་གི་འཕྲིན་ལས་འཁོར་ལོའི་ཁྱོན།།
མདོ་སྨད་ཤར་ཕྱོགས་ས་ཡི་ལེ་ལག་ཀུན།།
ཡོངས་སུ་བསྐོར་པའི་བྱིན་རླབས་འོད་དཀར་གྱིས།།
གྲངས་མེད་གདུལ་བྱ་རྒྱ་མཚོ་ཆོས་ཀྱིས་བསྐྱངས།།
 
སྐུ་གསུང་ཐུགས་ཀྱིས་བསྟན་འགྲོའི་དོན་མཛད་དེ།།
དགུང་གྲངས་གྱ་ལྔ་རབ་གནས་ལྕགས་གླང་ལོའི།།
གྲོ་བཞིན་དམར་ཕྱོགས་དགའ་བ་དང་པོའི་ཉིན།།
ཡིད་དགའ་ཆོས་འཛིན་ཞིང་དུ་མཛད་པ་བསྡུས།།
 
མི་རྟག་ཆོས་ཉིད་བདེན་པ་སྟོན་པའི་ཕྱིར།།
ཞི་བ་གཟུགས་སྐུ་ཕྲ་རགས་བསྡུས་པ་དང་།།
རྣམ་སྣང་བདུན་ལྡན་ཆོས་སྐུར་མངོན་གྱུར་ཏེ།།
མྱང་འདས་སྒྱུ་མའི་སྟོང་བ་འོད་གསལ་ངང་།།
 
འོག་མིན་ཆོས་ཀྱི་ཞིང་དང་དགའ་ལྡན་དུ།།
རེ་ཞིག་འཕོས་ཤིང་གཤེགས་པར་གྱུར་ན་འང་།།
ཉམ་ཐག་འགྲོ་བས་གདུང་འབོད་ལ་དགོངས་ཏེ།།
འཁྲུལ་མེད་ཡང་སྤྲུལ་ཉི་གཞོན་འཆར་བར་ཤོག།
 
འཇིག་རྟེན་འོད་སྟོང་མིག་ནི་སིམ་གྱུར་ན།།
ཐར་འདོད་འཁོས་ཆུང་རེ་ས་སུ་ལ་བྱེད།།
སྙིགས་མའི་འགྲོ་ལ་ཐུགས་བརྩེ་ཉེར་དགོངས་ནས།།
ཡང་སྤྲུལ་ཉ་གང་ཟླ་གཞོན་མྱུར་འཆར་མཛོད།།
 
བྱང་ཆུབ་མཆོག་བརྙེས་དཔལ་ལྡན་བླ་མ་ཡི།།
ཐུགས་དགོངས་འོད་གསལ་སྣང་བ་རབ་རྫོགས་ཏེ།།
སྒྲུབ་མཆོད་དགེ་བསྔོ་ཚོགས་བསགས་སྨོན་པའི་མཐུས།།
ཡང་སྤྲུལ་བསྟན་པའི་བདག་པོར་མྱུར་འཆར་མཛོད།།
 
དེ་ལྟར་བརྗོད་པའི་ཚིག་གི་རབ་བྱེད་ཕྲེང་།།
མགོན་ཁྱོད་དྲན་པའི་གདུང་བས་མ་བཟོད་པར།།
གདན་སའི་མཐིལ་ནས་སྐྱོ་བའི་དབྱངས་རྟ་རུ།།
རང་གི་ངག་ལ་དད་པའི་ཚིག་གིས་དྲངས།།
 
ཁྱོད་གསུང་མཛད་པའི་འཕྲིན་ལས་གདུགས་དཀར་འོག།
ཚངས་སྲས་བུམ་པས་དབྱངས་ཅན་མགྲིན་པ་བརྒྱན།།
བསེ་ཚང་རྩོམ་རིག་བྱ་དགའི་སྦྱོར་འདེགས་ཀྱིས།།
བཞད་པའི་སྒྲ་ལ་དབྱངས་ཀྱིས་པི་ལྤང་དཀྲོལ།།
 
གཞུང་ཆེན་སྡེ་སྣོད་རྒྱ་མཚོའི་མན་ངག་དང་།།
བློ་སྦྱོང་སྙན་བརྒྱུད་ཉམས་ཁྲིད་གཱངྒའི་རྒྱུན།།
ཐུན་མོང་རིག་གཞུང་སྙན་འགྲེལ་ཚངས་སྲས་མའི།།
ལྗགས་ཁྲིད་ཁུངས་ལྡན་བྱིན་རླབས་ནོར་བུའི་གཏེར།།
 
བརྒྱུད་ལྡན་བླ་མའི་མན་ངག་རིན་ཆེན་ནོར།།
གཞུང་བརྒྱའི་འོད་སྣང་མུན་སེལ་སྒྲོན་མེའི་ཕྲེང་།།
བསོད་ནམས་ལས་ཀྱིས་བགོ་སྐལ་མི་དམན་པ།།
གུས་སློབ་ཁྱུང་སྔོན་སྐྱེས་ཀྱིས་སྦྱར་པ་དགེ།
 
གསང་གསུམ་ཐུགས་རྗེ་དངོས་གྲུབ་ལྕགས་ཀྱུ་ཡིས།།
ཚེ་རབས་ཕྲེང་བར་མི་འབྲལ་རྗེས་བཟུང་སྟེ།།
བྱིན་རླབས་སྙིང་གི་ཐིག་ལེར་ཡོངས་སྨིན་ཞིང་།།
ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག།
 
  ཅེས་རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ལྷ་དང་བཅས་པའི་སྐྱེ་དགུ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། དུས་གསུམ་རྒྱལ་བ་མ་ལུས་པའི་ཆོས་ཀྱི་གདུང་འཚོབ་དམ་པ། ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ཀྱི་སྤྱན་དྲི་མ་མེད་པ་དང་ལྡན་པ། མདོ་རྒྱུད་མན་ངག་དང་བཅས་པའི་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་འབའ་ཞིག་ལ་གཞོལ་བས་མཁས་ཤིང་གྲུབ་པའི་ཡོན་ཏན་གྱི་ཡང་རྩེར་སོན་ཀྱང་།  བཀའ་གདམས་རྣམ་ཐར་གཙང་མའི་ཀུན་སྤྱོད་ལས་མ་འདས་པར་སྦས་པའི་རྟུལ་ཞུགས་ཀྱི་འདུལ་བ་འཛིན་པ་ཆེན་པོ། རྣམ་འདྲེན་སྟོབས་བཅུ་མངའ་བ་སྟོན་པ་ཟས་གཙང་གི་སྲས་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་ཕྱོགས་མཐར་བསྒྲེང་བ་ལ་ཐུགས་སྟོབས་བླ་ན་མཐོ་བ་དང་སྤོབས་པས་མི་འཇིགས་པ། དུས་འདིར་རྒྱལ་པ་འཇམ་དཔལ་སྙིང་བོའི་སྙན་བརྒྱུད་བསྟན་པ་ཡོངས་རྫོགས་ཀྱི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་པ། སྲིད་ན་མཐོ་ཞིང་དྲེགས་པ་གང་ཡོད་ཆེ་རྒུ་རྣམས་ཀྱིས་གཙུག་གི་ཅོད་པན་དུ་མཆོད་ཅིང་བཀུར་ནའང་རློམས་པའི་ཁེངས་པས་དྲི་མ་ཙམ་ཡང་མེད་པར་མཆོག་དམན་ཀུན་ལ་བརྩེ་བ་དང་བྱམས་པའི་སྤྱན་གྱིས་གཟིགས་པའི་བདག་ཉིད་ཆེན་པོ།  བཀའ་དྲིན་གཞལ་མཐའ་མ་མཆིས་པའི་གསུམ་ལྡན་རྡོ་རྗེ་འཛིན་པའི་ངོ་བོ་དཔལ་ལྡན་བླ་མ་དམ་པ། མཚན་ཙམ་ཡང་བརྗོད་དཀའ་ཡང་༧ དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་བོ་མཆོག་ཉིད་དོན་དམ་འོད་གསལ་ཆོས་སྐུའི་དབྱིངས་ལས་རེ་ཞིག་རགས་པའི་གཟུགས་སྐུའི་ཟ་མ་ཏོག་མ་དག་པའི་ཞིང་འདིར་ཡོངས་སུ་བསྡུས་པའི་ཚུལ་མཛད་དེ་ཟླ་བ་གཅིག་འགོར་བའི་རིང་མཆོག་གི་སྤྲུལ་སྐུ་མྱུར་འབྱོན་སྐྱོ་གདུང་གི་དབྱངས་རྟར་བསྐྱོན་ཏེ་བར་མ་ཆད་པར་གསོལ་བ་བཏབ་པ་དང་། གང་གི་ཐུགས་དགོངས་རྣམས་ཡོངས་སུ་རྫོགས་པའི་དགོངས་རྫོགས་ཀྱི་སྒྲུབ་མཆོད་ལ་འབད་པ། ལྷག་པར་མཛད་རྣམ་གང་མཐོང་བཀླགས་པ་དང་འཁྲུངས་རབས་རྣམ་འདྲེན་མའི་བརྗོད་དོན་གཞིར་བཟུང་སྟེ་བྲིས་པའི་མཛད་རྣམ་གྱི་རྟོགས་པ་བརྗོད་པའི་ཚུལ་ལས་བརྩམས་ཏེ་ཚིགས་སུ་བཅད་པའི་བདག་ཉིད་ཅན་འདི་ལྟ་བུ་ཞིག་འབྲི་འདུན་གྱི་ཀུན་སློང་དང་སྤྲོ་བ་སྔར་ནས་འཕེལ་ཡོད་མོད་གུས་དམན་ཁོ་བོ་དུས་ཀུན་ཏུ་རྣམ་གཡེང་ལེ་ལོའི་གཡོག་ཏུ་ཤོར་དྲགས་པས་དུས་སུ་གྲུབ་ཐུབ་མ་བྱུང་།  རང་གི་སྔར་གྱི་འབྲི་འདུན་དང་ད་རེས་གྲོགས་པོ་འགས་བསྐུལ་བ་ཡང་ཡང་བྱས་མཐར་ཤེས་མེད་བླུན་པོའི་ངོ་ཚ་རིང་དུ་དོར་ནས་ཤོ་ལོ་ཀ་བརྒྱ་དང་སོ་གསུམ་གྱིས་གྲུབ་པ་འདི་ནི་ཆེན་པོ་རྣམས་ཀྱི་ཞབས་སྟེགས་སུ་ངག་རིགས་གོམ་པས་འདེགས་འཇོག་བསྒྱུར་བ་དང་།  ཁྱད་པར་དུ་དཔལ་ལྡན་བླ་མ་དམ་པ་གང་གི་གསུང་གི་མཛད་པའི་འཕྲིན་ལས་ཀྱི་གདུགས་དཀར་དགུང་དུ་འདེགས་པའི་བགོ་སྐལ་དུས་སུ་བབས་པ་བསོད་ནམས་ཀྱི་ནོར་དང་ལྡན་པའི་གདུལ་བྱ་སའི་རྡུལ་གྲངས་དང་མཉམ་པའི་གྲལ་མཐའ་བ་འཕྲིན་ལས་རྒྱ་མཚོའམ་མིང་གཞན་ཁ་གྱའི་ཁྱུང་སྔོན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་རབ་གནས་ལྕགས་མོ་གླང་ལོའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་རེས་གཟའ་སྤེན་པ། དངོས་གྲུབ་སྦྱོར་བའི་ཉིན་མགོན་པོ་གང་གི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་སྙིང་ལ་སིམ་པའི་གདན་ས་ཁྱད་པར་ཅན་ཁ་སྟོད་དགེ་ལྡན་བསྟན་འཕེལ་གླིང་ལྔ་རིག་པདྨའི་དགའ་ཚལ་གྱི་བློ་གསལ་གཡུ་སྦྲང་རྩེན་པའི་ལྡིང་ཁང་ནས་མཇུག་རྫོགས་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།     །།  ༢༠༢༡/༨/༢༦ལ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

༄༅།།རྟོགས་བརྗོད་མུ་ཏིག་དཀར་པོའི་ཕྲེང་བ།

2021-10-02 ཁ་གྱའི་ཁྱུང་སྔོན།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།