སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
༡
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
དེ་ནི་ཉ་མོ་ལ་གཙང་པོ་དང་འདབ་ཆགས་ལ་གཤོག་པ་ཡོད་པ།
ཆུ་འཛིན་ལ་ནམ་མཁའ་ཡོད་པ་ནང་བཞིན།
༢
ལེགས་པ་ནི་མི་འདི་བུད་མེད་ཅིག་མ་ཡིན།
དེ་ལྟར་མིན་ཚེ།
དཀར་ཞིང་གཙང་བའི་དགུན་དོམ་ཆ་གཅིག་ཡོད་སྲིད་དེ།
ཕར་གཡུག་ཚུར་གཡུག་གིས་འཁྱར་འཁྱོར་ངང་ལམ་ལ་ཆས་ངེས།
ཁོའི་མྱོས་བུམ་གྱི་ཉེ་སར་བཏུད་ནས།
མཆུ་སྒྲོས་ལྷན་དུ་སྦྱར།
༣
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
སོའུ་ལོའུ་ཡི་ཕྱག་ཏུ་ཅི་ཡང་མེད་པར།
ཤིང་གི་དབྱུག་པ་ཞིག་ཐོགས།
དབྱུག་པ་དེས་ང་ལ་གཅར་རྡུང་མཛད་ཅིང༌།
ཤུགས་ཆེ་བར་གཅར་རྡུང་མཛད།
དེ་ནི་དཔྱིད་ཀས་ང་ལ་གཅར་རྡུང་མཛད་པ་ནང་བཞིན།
༤
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
མཚེའུ་མཐོང་མ་ཁད་དུ་དགའ་སྤྲོ་སྐྱེས་འོངས།
༥
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
བྱ་མལ་ཡིག་ཟོམ་དུ་བྱེད།
འཕྲིན་པ་གཉིས་མཉམ་དུ་འཕུར་ཤིང༌།
ད་དུང་འཕྲིན་པ་ཆུང་ངུ་མང་པོ་ཞིག་བཙས།
བྱ་སྤུ་བདེ་ལྕག་འཁྱུག་པོར་གནས།
༦
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
སྐད་ཆ་ཚིག་གཅིག་ཀྱང་མེད་པར་ཤར་གྱི་སྒེའུ་ཁུང་དུ་ནམ་གསལ་ཤིང་ནུབ་ཀྱི་སྒེའུ་ཁུང་དུ་མུན་པ་འཐིབས་པར་བྱས།
དོན་དུ་ཁོ་ལ་སྒེའུ་ཁུང་ཞིག་གང་ན་ཡོད?
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
སྐད་ཆ་ཚིག་གཅིག་ཀྱང་མེད་པར་སྐྱེས་པ་བྱས་ཤིང་སླར་ཡང་བུད་མེད་མཛད།
དོན་དུ་སྐྱེས་ཟིན་པའི་བྱིས་པ་དེ་སྔར་བཞིན་ཁོ་རང་ཉིད་ལགས།
༧
སྒྲོན་འོད་འཚེར་བའི་ཁང་བ་རུ།
སོའུ་ལོའུ་ཡི་ཁྲབ་རྨོག་ནི།
——ཧི་མ་པོ་ཏི་ཞིག*
མི་འདི་ལ་དངོས་གནས་ཀླད་པ་འདུག
ཁ་བ་རྟ་མཆོག་གི་ཚབ་ཀྱིས།
ང་རང་ཆུ་མོ་བརྒལ་དུ་བཅུག
༨
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
ཟླ་འོད་ཁོའི་རྣ་བ་ལ་སྤྲོ་བཞིན་ཡོད།
༩
བརྩེ་བས་ཕྱུག་པའི་རྣ་བ་དེ།
ཁོའི་ཀླད་པའི་ཉེ་སར་བཏུད།
ཁོའི་ནགས་ཚལ་ལས་སྟུག་པ་འདྲ་བའི་སྤྱན་ཟུང་གི་ཉེ་སར་བཏུད།
ཁོའི་ཆུ་མོ་བཏུང་བྱེད་ཀྱི་མཆུ་སྒྲོས་ཀྱི་ཉེ་སར་བཏུད།
(ཆུ་མོ་སྔར་ལས་མང་དུ་བཏུང་བར་ཤོག)
ཀླད་པ་ཞེས་པ་འདི་གྲུབ།
ཡང་ན་དེ་ལ་མགོ་བོ་རུ་འབོད།
༡༠
ཉིན་དཀར་དང་མཚན་མོ་ནི།
གཅིག་དཀར་གཅིག་ནག་གི
ལྷིང་འཇགས་ཀྱི་བྱི་ལ་གཉིས་དང་འདྲ་བར།
ཁྱོད་ཀྱི་སྔས་འགྲམ་དུ་གཉིད་ལ་ཤོར།
ཁྱོད་རང་ནགས་ཀླུང་གི་བགྲོད་ལམ་དུ་འགྲེད་ལ་ཤོར།
ཤིང་ཁང་དུ་མལ་ཁྲི་ལ་ཆམ་ནད་ཕོག་དུ་བཅུག
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
རི་སྐྱེས་ཀྱི་མེ་ཏོག་ལ་འབྲས་བུ་སྨིན་དུ་བཅུག
༡༡
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
དེ་ནི་ཉ་མོ་ལ་གཙང་པོ་དང་འདབ་ཆགས་ལ་གཤོག་པ་ཡོད་པ།
ཆུ་འཛིན་ལ་ནམ་མཁའ་ཡོད་པ་ནང་བཞིན།
སོའུ་ལོའུ་ཟེར་བའི་མི་འདི་ནི།
བདག་གི་ཆུ་འཛིན་ལགས། ཕྱོགས་བཞིའི་མཐའ་འབྲེལ་རྒྱལ་ཁབ་ཀྱི།
ཆུ་འཛིན་ལགས། ལྷིང་འཇགས་ནི་སྲན་ཞིང་གི་ནུབ་ཕྱོགས་སུ།
བདག་གི་རྩ་ཞྭའི་སྟེང་དུ།
༡༢
ཉི་མ་ནི། བདག་གིས་བཏབ་པའི་སྲན་མ་ལགས།
མཆུ་སྒྲོས་སུ་སྦྱར།
བདག་གིས་ཆུ་མོ་བཏང་ནས་གཙང་པོ་བརྒལ།
སོའུ་ལོའུ་ཟེར་བའི་མི་འདི་ལ་དངོས་གནས་ཀླད་པ་འདུག
སོའུ་ལོའུ་ཡི་ཁྲབ་རྨོག་ནི།
——ཧི་མ་པོ་ཏི་ཞིག
1986.8.15
(ལྡོང་བུས་བསྒྱུར)
སྒྱུར་པ་པོའི་མཆན།
* སོའུ་ལོའུ(1818---1862)སྙན་ངག་པ་དང་རང་བྱུང་རིང་ལུགས་པ། མཚན་ཉིད་རིག་པ་བ། ཨ་མེ་རི་ཁའི་མར་ས་ཀྲུའུ་སེ་ཀྲིག་ཏུ་སྐྱེས་ཤིང༌།
ཧ་བོར་སློབ་ཆེན་ནས་སློབ་མཐར་ཕྱིན། ལོ་འགའི་རིང་སློབ་འབྲིང་ཞིག་གི་སློབ་གཙོའི་འགན་ཁུར་རྗེས། སྙན་ངག་འབྲི་བ་དང་རང་བྱུང་ཁམས་རྣམ་པར་
བཤད་པའི་ལས་ལ་གཞོལ། ལོ་ཉེར་བརྒྱད་ལ་སོན་དུས་གཅིག་པུ་ཝའར་ཏེན་མཚེའུ་འགྲམ་དུ་ཤིང་ཁང་ཞིག་ཕུབ་ནས་རང་ཁ་རང་གསོ་ཡིས་ལོ་གཉིས་
ལྷག་ལ་འཚོ་བ་རོལ། ཁོའི་བསམ་བློ་ལ་ཉམས་ཚོར་བརྒལ་བའི་རིང་ལུགས་ཀྱི་དབུ་ཁྲིད་པ་ཨའེ་མའོ་ཧྲིན་གྱིས་ཤུགས་རྐྱེན་ཐེབས། ལོ་རབས་ལྔ་བཅུ་
བར་བྲན་གཡོག་ལམ་ལུགས་འདོར་བའི་བྱ་འགུལ་གྱི་ཁྲོད་དུ་ཞུགས་ཤིང༌། 1862ལོ་ལ་གློ་ནད་ཕོག་ནས་ཚེ་ལས་འདས། དགུང་ལོ45ཏག་ཏག་ཡིན། ཁོའི་
ཚབ་བྱེད་བརྩམས་ཆོས་ལ<<ཝའར་ཏེན་མཚེའུ>>དང་ཉིན་ཐོ་མང་པོ་ཞིག་བརྩམས་གནང་ཡོད།
*ཧི་མ་ཟེར་བ་ནི་འདིར《ཧི་མའི་ལོ་རྒྱུས་སྙན་རྩོམ་རིང་མོ》ཡི་རྩོམ་པ་པོ་ལ་གོ་ཞིང༌། བརྩམས་ཆོས་འདིས་ནུབ་ཕྱོགས་རྩོམ་རིག་གི་སྟེགས་བུར་གོ་
གནས་གལ་ཆེན་ཞིག་བཟུང་ཡོད།
རྩོམ་ཁུངས། ངེད་དྲ་བ།